ཤར་སྐལ་ལྡན་རྒྱ་མཚོས་ཁར་གོང་ནགས་ཁྲོད་ནས་གསུངས་པའི་མགུར།
ཨོཾ་བདེ་ལེགས་སུ་གྱུར་ཅིག དེ་ཡང་སྐབས་ཤིག བཀའ་དྲིན་མཚུངས་མེད་གྲུབ་པའི་དབང་ཕྱུག་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། ཡུལ་རེབ་གོང་དང་ཐག་རིང་བའི་དབེན་དགོན་ཆེན་པོ་ཀབ་རོམ་གྱི་ལྷ་ཁང་རྒྱབ་ལུང་གི་རི་ཁྲོད་བྲག་སྐྱ་རྡོ་རྗེའི་རྫོང་དུ་ཕེབས་པའི་སྤྱན་སྔར་ཁོ་བོ་སྐལ་ལྡན་རྒྱ་མཚོ་མཇལ་དུ་ཕྱིན་པའི་ཚེ་དགའ་སྤྲོ་དང་སྐྱོ་བ་གཉིས་ཀ་སྐྱེས། རྗེ་བཙུན་དེ་ཉིད་ཀྱི་བཀས་བསྐུལ་ནས་གྲོགས་མཆེད་དམ་པ་བསམ་གཏན་རྒྱ་མཚོ་དབུས་སུ་འགྲོ་བ་སྐྱེལ་བ་ལ་རྨ་མགུར་དུ་ཕྱིན། དེ་ནས་རྗེ་བཙུན་ཆོས་ཀྱི་རྒྱ་མཚོའི་སྐུ་གདུང་མཇལ་བ་ལ་ལྷུན་གྲུབ་ཆོས་རྫོང་དུ་ཕྱིན་པའི་ཚེ་རྗེ་དེ་ཉིད་དྲན་པའི་གདུང་ཤུགས་དང་དབེན་གནས་དེ་ཉིད་རྒྱ་བོད་ཀྱི་ཁྱིམ་པ་ཕོ་མོས་གང་འདུག་པས་ཡི་མུག་པའི་སྐྱོ་བ་དྲག་པོ་ཡང་བྱུང་། སླར་རྨ་མགུར་དུ་སླེབས་པའི་ཚེ་སྡེ་ཕན་ཚུན་འཐབ་རྩོད་བྱེད་པ་མཐོང་བས་སྙིང་ནས་མི་དགའ་བའི་སྐྱོ་སྣང་དྲག་པོ་སྐྱེས། དེ་ནས་སླར་ཡང་རེབ་གོང་དུ་སླེབས་པའི་ཚེ་སྡེ་ཕན་ཚུན་འཁྲུག་ལོང་བྱེད་པ་འགའ་ལ་ཕན་པའི་སེམས་ཀྱིས་གྲོས་བཏབ་ཀྱང་ཕན་བྱ་ཆེར་མ་བྱུང་། རྗེ་ཆོས་བ་རིན་པོ་ཆེའི་རི་ཁྲོད་བཀྲ་ཤིས་འཁྱིལ་དུ་སླེབས་པའི་ཚེ་ཡང་རྗེ་དེ་ཉིད་མ་བཞུགས་པའི་དབང་གིས་སྟོང་བ་ལྟ་བུར་འདུག་པས་ཡིད་མ་ཆགས། དེ་ནས་སླར་རང་གནས་མཁར་གོང་གི་ནགས་ཁྲོད་དུ་སླེབས་པའི་ཚེ་དམ་པའི་ལྷ་ཆོས་མ་གཏོགས་གང་ལའང་སྙིང་བོ་མི་འདུག་སྙམ་པའི་སྐྱོ་བ་ཐན་ཐུན་སྐྱེས་པ་ལ་བརྟེན་ནས་གཏམ་འདི་བརྗོད་དོ། །
གང་ལ་བློ་ཕུགས་གཏད་ན་མི་བསླུའི་སྐྱབས། །རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ། །སྙིང་ནས་འདུད་དོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །སྒྲུབ་པ་ལྷུར་ལེན་བསྟན་འགྲོའི་དོན་ལ་བརྩོན། །མཐོང་ཐོས་དོན་ལྡན་མཛད་པའི་ཆོས་ཀྱི་རྗེ། །བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ། །ཐག་རིང་ཀབ་རོམ་རི་ཁྲོད་དགོན་པར་ཕེབས། །ཁྲི་ཀའི་ཕྱོགས་ལ་དགའ་སྤྲོའི་ཉི་མ་ཤར། །རེབ་གོང་ཕྱོགས་ལ་སྡུག་བསྔལ་མུན་པ་འཐིབས། །དབེན་གནས་དམ་པ་བཀྲ་ཤིས་འཁྱིལ་བ་ཡང་། །སྲོག་དང་བྲལ་བའི་གཟུགས་ཕུང་བཞིན་དུ་ལུས། །རོང་བོའི་དགོན་གྱི་མཚན་ཉིད་བཤད་གྲྭ་དང་། །འགྲིགས་དང་ཀུན་སྤྱོད་བསྟན་པའི་བྱ་བ་སོགས། །སྣུམ་ཟད་མར་མེ་བཞིན་དུ་འགྲིབ་ལ་ཁད། །གང་ནས་བསམས་ཀྱང་ཡི་མུག་སྐྱེ་བའི་རྒྱུ། །ས་ཕྱོགས་གཞན་གྱི་རབ་བྱུང་མཐོང་ཙ་ན། །རེབ་གོང་ཕྱོགས་ཀྱི་བཙུན་པ་ཕལ་ཆེ་ལ། །ཡིད་གཡོའི་དད་པ་ཅུང་ཟད་སྐྱེ་ན་ཡང་། །མིག་ལྟོས་ངན་པས་ཅིར་འགྱུར་མི་ཤེས་སྙམ། །སྐྱོ་ཤས་དྲག་པོ་ཡང་ཡང་སྐྱེས་པའི་ཚེ། །ཁྲིམས་འཆལ་ཚར་གཅོད་ཁྲིམས་ལྡན་རྗེས་འཛིན་པའི། །དྲིན་ཅན་བླ་མ་ཆོས་པ་རིན་པོ་ཆེ། །ཉིན་མཚན་ཀུན་ཏུ་ཁ་ཙམ་མིན་པར་དྲན། །མཁས་གྲུབ་ཆེན་པོ་ཆོས་ཀྱི་རྒྱ་མཚོ་ཡང་། །དག་པའི་ཞིང་གཤེགས་ཡུན་རིང་མ་ལོན་ཀྱང་། །དེ་ཉིད་བཞུགས་གནས་ལྷུན་གྲུབ་ཆོས་རྫོང་ཡང་། །ཁྱིམ་པ་ཕོ་མོས་གང་བའི་གནས་ཚུལ་དང་། །ཕྱོགས་དེའི་རབ་བྱུང་ཕལ་ཆེའི་ཀུན་སྤྱོད་དང་། །རྟགས་དང་ཆ་ལུགས་ལ་སོགས་མཐོང་བའི་ཚེ། །སྔོན་དུས་བླ་མའི་རྣམ་ཐར་མཛད་སྤྱོད་རྣམས། །ཡང་ཡང་དྲན་པས་མིག་ནས་མཆི་མ་ཤོར། །རྨ་ཀླུང་ཕྱོགས་དང་རེབ་གོང་ཡུལ་ལྗོངས་ཀྱི། །དམག་ཇག་འཐབ་རྩོད་ལ་སོགས་མཐོང་བའི་ཚེ། །ཡུལ་ཕྱོགས་འདི་ཚོའི་ད་ལྟའི་བདེ་སྐྱིད་ཀྱང་། །རྐྱེན་ངན་དབང་གིས་ནམ་འགྲིབ་མི་ཤེས་སྙམ། །གཙོ་བོ་རྣམས་ཀྱང་དམག་ལ་དགའ་བ་དང་། །འབངས་རྣམས་ཆོས་མིན་ལས་ཀྱི་རྗེས་སུ་འཇུག །ཕན་པའི་སེམས་ཀྱིས་གྲོས་འདེབས་བྱེད་པ་ལ། །ཉན་མཁན་སུ་ཡང་མེད་པའི་དུས་སྐབས་འདིར། །གཞན་དོན་བྱས་ཀྱང་ཕན་ཐོགས་མི་འབྱུང་ཞིང་། །འདད་ཟས་དཀོར་གྱིས་རང་ཉིད་ཉམས་འགྱུར་བས། །བསྟན་དང་བླ་མའི་བཀའ་སྒྲུབ་མ་གཏོགས་པའི། །རང་གི་དོན་ཆེད་གཞན་གྱི་དོན་མ་བྱེད། །བློ་གསལ་ཆོས་མཐུན་བསམ་གཏན་རྒྱ་མཚོ་ཡང་། །རྗེ་བཙུན་བློ་བཟང་བསྟན་རྒྱན་བཀའ་ལུང་བཞིན། །དབུས་གཙང་ཆོས་ཀྱི་ཞིང་དུ་སོང་བ་ལ། །ཡུན་རིང་འགྲོགས་པས་ཅུང་ཟད་སྐྱོ་ན་ཡང་། །གཅིག་ཏུ་བླ་མའི་བཀའ་ལུང་སྒྲུབ་པ་དང་། །གཉིས་སུ་རང་གི་སློབ་གཉེར་འཕྲོ་སྐྱོང་དང་། །གསུམ་དུ་རྡོ་རྗེ་ཐེག་པའི་བསྟན་པ་ནི། །ཕྱོགས་འདིར་དར་ཆེད་ཡིན་སྙམ་དགའ་སྤྲོ་སྐྱེས། །ཡོན་བདག་རྣམས་ཀྱི་ངོ་དེ་བཟུང་ཙ་ན། །གཅིག་དང་མཐུན་ཚེ་གཅིག་དང་འཁོན་པའི་རྒྱུ། །དེ་ཕྱིར་འབུལ་བ་ཞབས་ཏོག་དོན་ཆེད་དུ། །ཡོན་བདག་ངོ་འཛིན་མ་བྱེད་རང་ཚུགས་ཟུངས། །དུས་ངན་མི་རྣམས་འགྱུར་ལྡོག་ཤིན་ཏུ་ཆེ། །ནག་ཕྱོགས་བདུད་རིགས་འབྱུང་པོ་གདུག་རྩུབ་ཆེ། །དཀར་ཕྱོགས་སྐྱོང་རྣམས་མཐུ་སྟོབས་ཉམས་དུས་འདིར། །བློ་སྦྱོང་མ་གཏོགས་ཆོས་ཀྱིས་ཕན་པ་དཀའ། །དེ་སླད་ཐུབ་དབང་བྱམས་མགོན་འཇམ་པའི་དབྱངས། །ཐོགས་མེད་སྐུ་མཆེད་ཞི་བ་ལྷ་སོགས་ལས། །རིམ་བཞིན་བརྒྱུད་པའི་ཟབ་མོའི་གདམས་ངག་གིས། །རྐྱེན་ངན་དམ་ཆོས་བྱེད་པའི་གྲོགས་སུ་ཁྱེར། །ཨ་མདོའི་ཕྱོགས་འདིར་ཆོས་ལས་འཇིག་རྟེན་འདེམ། །སྐྱ་སེར་ཕལ་ཆེར་བླང་དོར་གནས་མི་ཤེས། །མཁས་པ་རྣམས་ཀྱང་གཞན་མགོ་ཐབས་ཀྱིས་སྐོར། །རང་ཡང་སྒྲུབ་པར་ཁག་བཀལ་གྲོང་ཆོག་བྱེད། །རང་གཞན་གནས་ཚུལ་འདི་རྣམས་བསམས་པ་ན། །སྐབས་འགར་སྐྱོ་བ་ཐན་ཐུན་སྐྱེས་ན་ཡང་། །རྟིང་ནོན་ཞེ་བཅད་དྲག་པོ་མ་མཆིས་པས། །བྱ་བྱེད་ཆུ་ལ་རི་མོ་བྲིས་ལྟར་སོང་། །ད་ནི་ཆོས་ཤིག་བྱེད་ན་བྱེད་རན་ཡིན། །སྐྲ་དཀར་གཉེར་མ་ལ་སོགས་རྒས་པའི་རྟགས། །བྱུང་བའི་དུས་འདིར་དམ་པའི་ཆོས་བསྒྲུབས་ན། །སྐྱེ་བ་གཏན་གྱི་སོ་ནམ་འགྲུབ་པར་འགྱུར། །ཞེས་པ་འདི་ཡང་སྐལ་ལྡན་རྒྱ་མཚོས་མཁར་གོང་གི་ནགས་ཁྲོད་བསམ་འགྲུབ་བདེ་ལྡན་ནས་སྦྱར་བའོ། །
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn