ཤར་སྐལ་ལྡན་རྒྱ་མཚོ་དབེན་པ་ལ་ཡིད་སྤྲོ་བའི་མགུར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-25 15:36:51     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

 མཆོག་སྐུ་གསུམ་གོ་འཕང་བརྙེས་ན་ཡང་། །མི་བདག་ངོར་ཐ་མལ་ཚུལ་འཛིན་པ། །དྲིན་འཁོར་མེད་སྡེ་བ་ཆོས་ཀྱི་རྗེ། །ཐུགས་བརྩེ་བའི་སྤྱན་གྱིས་རྒྱང་ནས་གཟིགས། །གནས་དབེན་པ་སྟེན་འདོད་རི་ཁྲོད་པ། །སེམས་སྐྱོ་བ་སྐྱེད་ལ་གླུ་འདིར་ཉོན། །མི་རང་ལ་རང་གྲོས་མ་བཏབ་ན། །གྲོགས་གཞན་གྱིས་ཆོས་ལ་བསྐུལ་བ་དཀོན། །ཁྱེད་དབེན་པའི་རི་ལ་ཡིད་སྤྲོ་ན། །རི་ན་བུན་ཅན་གྱི་སྐྱིབས་ཤེད་ན། །གཡའ་རྫ་བྲག་གི་ཕུག་པ་རང་བྱུང་ཡོད། །གནས་དེ་འདྲ་བསྟེན་ན་འཕྲལ་ཕུགས་སྐྱིད། །ཁྱེད་དབེན་པའི་ནགས་ལ་ཡིད་སྤྲོ་ན། །ནགས་སྔོ་ལྗང་རྒྱས་པའི་ཁྲོད་ཅིག་ན། །ཤིང་ལྗོན་པའི་ལོ་མའི་བསིལ་ཁང་ཡོད། །གནས་དེ་འདྲ་བསྟེན་ན་དགའ་སྤྲོ་འཕེལ། །ཁྱེད་དབེན་པའི་གངས་ལ་ཡིད་སྤྲོ་ན། །གངས་དཀར་པོའི་རི་ཡི་མགུལ་ཞིག་ན། །རང་གཅིག་པུར་སྡོད་སའི་སྒྲུབ་ཕུག་ཡོད། །གནས་དེ་འདྲ་བསྟེན་ན་དགེ་སྦྱོར་འཕེལ། །ཁྱེད་དབེན་པའི་སྤང་ལ་ཡིད་སྤྲོ་ན། །སྤང་མེ་ཏོག་བཀྲ་བའི་ལྗོངས་ཤིག་ན། །རྩྭ་ལྗང་སྔོན་སྤྱིལ་ཆུང་ཉམས་དགའ་ཡོད། །གནས་དེ་འདྲ་བསྟེན་ན་ངང་གིས་བདེ། །ཁྱེད་དབེན་པའི་བྲག་ལ་ཡིད་སྤྲོ་ན། །བྲག་རྒོད་ཚང་ཅན་གྱི་ངོས་ཤིག་ན། །སྐྱིབས་རབ་མཛེས་ཕུག་པ་རང་གྲུབ་ཡོད། །གནས་དེ་འདྲ་བསྟེན་ན་རིག་པ་དྭངས། །ཁྱེད་དབེན་པའི་རྫ་ལ་ཡིད་སྤྲོ་ན། །རྫ་ཁྲ་མོ་སྤུངས་པའི་ཁྲོད་ཅིག་ན། །འཕྲལ་རྣམ་གཡེང་མེད་པའི་ཕུག་པ་ཡོད། །གནས་དེ་འདྲ་བསྟེན་ན་ཅི་བསམ་འགྲུབ། །ཁྱེད་དབེན་པའི་གཡའ་ལ་ཡིད་སྤྲོ་ན། །གཡའ་སྒོ་ལེབ་བརྩེགས་འདྲའི་འོག་ཤེད་ན། །སྤྲང་གཉོམ་ཆུང་སྡོད་སའི་རྡོ་ཁང་ཡོད། །གནས་དེ་འདྲ་བསྟེན་ན་ངང་གིས་དལ། །ཁྱེད་དབེན་པའི་གྲོགས་ལ་ཡིད་སྤྲོ་ན། །གྲོགས་བྱ་དང་རི་དྭགས་བལྟས་པའི་ཚེ། །འཕྲལ་རྣར་སྙན་ཡིད་དགའ་ལྟད་མོ་ཡོད། །གྲོགས་དེ་འདྲ་བསྟེན་ན་ཉམས་རེ་དགའ། །ཁྱེད་དབེན་པའི་མཚོ་ལ་ཡིད་སྤྲོ་ན། །མཚོ་རྦ་རླབས་ཅན་གྱི་ངོགས་ཤེད་ན། །ཆུ་ལྷུང་ལྷུང་སྐད་སྙན་འབྱིན་པ་ཡོད། །གནས་དེ་འདྲ་བསྟེན་ན་རྒྱུན་མར་སྤྲོ། །ཁྱེད་དབེན་པའི་ཟས་ལ་ཡིད་སྤྲོ་ན། །ཟས་རང་གྲུབ་ཤིང་ཐོག་ཟྭ་ཚོད་ལ། །བཅུད་མྱང་ན་ཞིམ་པའི་བྲོ་བ་ཡོད། །ཟས་དེ་འདྲ་བསྟེན་ན་ངོ་མཚར་ཆེ། །ཁྱེད་དབེན་པའི་གླུ་ལ་ཡིད་སྤྲོ་ན། །གླུ་རང་གི་རྒྱུད་ལ་ཕན་པ་ལ། །དུས་གཏན་དུ་དགོས་པའི་བག་ཆགས་ཡོད། །གླུ་དེ་འདྲ་བསྟེན་ན་ངོ་མཚར་ཆེ། །གཏམ་འདི་ལས་བྱུང་བའི་དགེ་བ་དེས། །རང་འདོད་པའི་དོན་ཀུན་འགྲུབ་པ་དང་། །གཞན་བཤད་སྒྲུབ་དཔལ་ལ་འགོད་པ་ལ། །འགྲན་ཟླ་བྲལ་གོ་འཕང་མྱུར་ཐོབ་ཤོག །

 

ཅེས་པ་འདི་ཡང་སྐལ་ལྡན་རྒྱ་མཚོས་དབེན་པ་ལ་ཡིད་སྤྲོ་བའི་ཤུགས་ཀྱིས་སྨྲས་པའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn       

བརྒྱུད་འགོད།