བུང་བ་དང་ཕན་ཚུན་ཀུ་རེའི་ཚུལ་དུ་བླངས་པའི་གླུ།
དེ་ཡང་། སྐབས་ཤིག་སེ་བའི་ལྗོན་ཤིང་འབྲས་བུ་དང་མེ་ཏོག་དང་ལོ་མའི་གཡུར་གྱིས་དུད་པའི་ཤིང་དྲུང་བར་བར་ན་ཉི་མའི་འོད་ཟེར་ཟླ་བའི་དུམ་བུ་དང་འདྲ་བ་དང་གཡུང་དྲུང་ལྟར་འཁྱིལ་བ་ལ་སོགས་པས་སྤྲས་པ་ཞིག་ན། ཀུ་རེ་དང་གད་བཞད་སོགས་བག་ཡངས་ཀྱི་ངང་ནས་གནས་པའི་ཚེ། བུང་བ་མང་པོ་གཤོག་པའི་གར་སྟབས་སྒྱུར་བཞིན་དུ། མགྲིན་པའི་ལམ་ནས་སྙན་ཚིག་གི་དར་དིར་གྱི་གླུ་འདི་བླངས་སོ། །ཀྱེ་ཀྱེ་ཉོན་ཅིག་མང་ཐོས་ཤིང་དྲུང་པ། །ཚེ་རབས་སྔོན་ནས་ཀུ་རེ་རྩེད་མོ་སོགས། །བག་མེད་བྱ་བས་ཉིན་མཚན་འདས་པ་ལས། །ཐོག་མེད་དུས་ནས་ད་བར་སྲིད་འདིར་འཁྱམས། །ད་དུང་བྱ་བྱེད་ཆོས་དང་འགལ་ལུགས་འདིས། །མཐོ་རིས་ཐར་པའི་གཏན་གྱི་བདེ་སྐྱིད་ལ། །ད་ནས་བཟུང་སྟེ་ཕྱི་ཕྱག་བྱེད་པ་འདྲ། །བདེན་རྫུན་ཆོས་སེམས་སྟུན་ལ་ལྟོས་དང་གོ །ཆོས་ཀྱི་རྩ་བ་རང་གི་སེམས་ལ་ཐུག ། སེམས་ཉིད་མ་ཐུལ་བར་དུ་དམ་པའི་ཆོས། །ཇི་ཙམ་བཤད་ཀྱང་ནེ་ཙོས་ཆོས་བཤད་བཞིན། །ཁ་བཤད་ཐོག་ཏུ་ཁེལ་བ་མི་གདའོ། །སེམས་གྱི་གླང་པོ་རང་དགར་འཁྱམས་པ་འདི། །དབེན་གནས་ཀ་བ་རབ་ཏུ་བརྟན་པོ་ལ། །བླ་མའི་མན་ངག་ཐག་པས་མ་བཅིངས་ན། །རྙེད་བཀུར་ནགས་ཁྲོད་རྒྱུ་བར་གདོན་མི་ཟ། །བླ་མ་དམ་པས་ཆོས་ཀྱི་བདུད་རྩི་ཡིས། །རང་ལ་རྟག་ཏུ་ཅི་ཕན་མཛད་པས་ན། །བཀའ་དྲིན་སངས་རྒྱས་བྱང་སེམས་ཀུན་ལས་ལྷག །གསོལ་བ་རྒྱུན་དུ་ཐོབས་དང་བྱིན་རླབས་འཇུག །བྱིན་རླབས་ཞུགས་ན་ཉམས་རྟོགས་ཡོན་ཏན་སོགས། །ངེད་ཅག་པདྨོའི་ཚལ་དུ་འདུས་པ་ལྟར། །མ་བོས་པར་ཡང་སྐད་ཅིག་ལ་འདུས་ནས། །མཐོ་རིས་ཐར་བའི་གྲོང་དུ་འཁྲིད་པར་བྱེད། །དལ་འབྱོར་རྟེན་བཟང་ཡིད་བཞིན་ནོར་བུ་ལྟར། །ཤིན་ཏུ་རྙེད་པར་དཀའ་བ་ཐོབ་དུས་འདིར། །དམ་ཆོས་ཟབ་མོའི་སྙིང་པོ་མ་བླངས་ན། །འཆི་ཚེ་འགྱོད་ཀྱང་འཕྱི་བར་མི་འགྱུར་རམ། །ཁྱོད་ཀྱིས་སྔོན་ཆད་ཚེ་ཕྱེད་དོན་མེད་བྱས། །ད་དུང་ཚེ་ལྷག་དོན་མེད་གཟད་པ་ལ། །ཁྱོད་ནི་ཕ་ཡུལ་བདུད་ཀྱི་བཙོན་ར་འདིར། །འདུག་པར་བྱེད་ན་ཁྱོད་ནི་མིར་མི་རྩི། །ཅི་སླད་ཅེ་ན་ཚེ་ནི་དོན་མེད་དུ། །གླུ་གར་བཟའ་བཏུང་ལ་སོགས་དོན་མེད་ཀྱི། །བྱ་བས་ཆུད་ཟོས་བགྱིད་ལ་ཁྱེད་ཅག་ལས། །ངེད་ཅག་དུད་འགྲོའི་ཚོགས་རྣམས་ཤིན་ཏུ་མཁས། །ངན་སོང་གསུམ་གྱི་འཇིགས་པས་ཡིད་སྐྲག་ནས། །དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་འགྲོ་ཞིང་། །སྡིག་སྤོང་དགེ་བ་ལྷུར་ལེན་སྐྱེས་བུ་དེ། །འགྲོ་བ་གང་དུ་གནས་ཀྱང་བདེ་འགྲོ་བ། །འཁོར་བའི་གནས་འདི་ཐམས་ཅད་མེ་མུར་འོབས། །འདོད་ཡོན་སྤུ་གྲིའི་སོར་ཆགས་སྦྲང་རྩི་བཞིན། །བྱང་ཆུབ་སེམས་ནི་རྒྱལ་སྲས་ཐམས་ཅད་ཀྱིས། །རྒྱུན་དུ་སྒོམ་པའི་ཐུགས་དམ་མཐིལ་ཡིན་ཀྱང་། །འདི་ཉིད་དོར་བས་གཞན་ཕན་བླ་མ་ཡིས། །ཕྱོགས་འདི་གང་ལའང་ཁོ་བོ་ཡིད་མ་ཆེས། །བདག་འཛིན་མི་འགོག་བདག་མེད་འགོག་བྱེད་པའི། །ཆོས་ལུགས་མང་པོ་ས་ཕྱོགས་འདི་ན་སྣང་། །ཀྱི་ཧུད་ཡིན་པ་བཞག་ནས་མིན་བྱེད་པའི། །དུས་ངན་ཆོས་པ་ཕལ་ཆེར་སྙིང་རེ་རྗེ། །དབང་བསྐུར་ཐོབ་ནས་དམ་ཚིག་མི་བསྲུང་བར། །བསྐྱེད་རྫོགས་བསྒོམས་ཀྱང་ཆུ་སྟེང་མཁར་དང་འདྲ། །ཡིད་བརྟན་མི་རུང་ལམ་གྱི་གཞི་ནས་སློབ། །ཅེས་ཟེར་བར། ལན་དུ་འདི་སྐད་བདག་གིས་སྨྲས་སོ། །སྦྲང་མ་མི་སྐད་སྨྲ་བ་ལྟས་ངན་ཡིན། །ངེད་ཅག་མི་རྣམས་ཀུ་རེ་རྩེད་མོ་སོགས། །བྱ་བ་གང་ལ་འཇུག་ཀྱང་ངེད་ཅག་ཤེས། །ཁྱེད་ཅག་ལབ་ལབ་མ་མང་སྲོག་ལ་བསྡོ། །ཞེས་སྨྲས་པའི་ལན་དུ། སྦྲང་མ་མི་སྐད་སྨྲ་བ་ལྟས་ངན་མིན། །མཁན་སློབ་སྤྱན་སྔར་རབ་ཏུ་ལེགས་འབྱུང་ནས། །ནག་ཆང་དམག་ཇག་ལ་སོགས་བྱེད་པ་ཡི། །དགེ་སློང་དགེ་ཚུལ་ཐམས་ཅད་ལྟས་ངན་ཡིན། །སྦྲང་མ་མི་སྐད་སྨྲ་བ་ལྟས་ངན་མིན། །དང་པོར་རྒྱལ་བའི་བཀའ་ལ་ལེགས་སྦྱངས་ནས། །བར་དུ་ཆོས་བཙོངས་གཞན་གྱི་ནོར་ལེན་པའི། །གྲོང་ཆོག་མཁས་པ་ཐམས་ཅད་ལྟས་ངན་ཡིན། །སྦྲང་མ་མི་སྐད་སྨྲ་བ་ལྟས་ངན་མིན། །བླ་མའི་དྲིན་ལས་ཆོས་ལུང་མང་པོ་ཐོབ། །ཅུང་ཟད་ཙམ་ལས་བླ་མ་ལིངས་འདོར་བའི། །དམ་ཉམས་སློབ་མ་ཐམས་ཅད་ལྟས་ངན་ཡིན། །སྦྲང་མ་མི་སྐད་སྨྲ་བ་ལྟས་ངན་མིན། །ཆོས་མི་ཤེས་ཀྱང་ཆོས་གཏམ་གཞན་ལས་ཆེ། །བླ་མའི་གཟུགས་ཀྱིས་ཐུབ་བསྟན་ཉམས་བྱེད་པའི། །རྒྱུད་འཛིན་བླ་མ་ཕལ་ཆེར་ལྟས་ངན་ཡིན། །སྦྲང་མ་མི་སྐད་སྨྲ་བ་ལྟས་ངན་མིན། །རབ་བྱུང་རྣམས་ཀྱིས་མདའ་གཞུ་ལག་ཆ་བྱེད། །མཐོན་པོ་རྣམས་ཀྱིས་ཁྲེལ་མེད་བྱ་བ་བྱེད། །ཡུལ་ཕྱོགས་འདི་ན་ལྟས་ངན་མིན་པ་གང་། །སྦྲང་མ་མི་སྐད་སྨྲ་བ་ལྟས་ངན་མིན། །ཁྱད་པར་ཁྱོད་ཀྱང་དམ་ཆོས་ཤེས་བཞིན་དུ། །ཉམས་ལེན་མི་བྱེད་གཞན་ལ་བཤད་པ་ཡིས། །མི་མགོ་ཐབས་ཀྱིས་སྐོར་འདི་ལྟས་ངན་ཡིན། །ཞེས་ཟེར་རོ། །དེའི་ཚེ་ལན་དུ་འདི་སྐད་སྨྲས་སོ། །ངས་བླ་མ་བརྒྱ་ཡི་ཞལ་མཐོང་ཡང་། །ཆོས་དེ་ལས་ཟབ་པ་ངས་མ་ཐོས། །ཁྱེད་བདེན་ནོ་བདེན་ནོ་སྦྲང་མ་བདེན། །ད་མི་མགོ་མི་སྐོར་གཅིག་པུར་སྡོད། །ཅེས་ཞུས་པས་འདི་སྐད་གསུང་། དམ་བཅས་པ་མ་དོར་དམ་བཅའ་གཉན། །མནའ་བསྐྱལ་བ་མ་དོར་མནའ་ཚིག་གཉན། །ཁས་བླངས་བ་མ་དོར་ཁས་བླངས་གཉན། །གཉན་དེ་གསུམ་མི་རྩི་མི་ཁྱུར་མེད། །ཁྱོད་དེ་དག་རྣམས་ལ་རྩི་སྙམ་ན། །བློ་ཐེ་ཙོམ་མེད་པར་དབེན་པར་ཤོག །ངེད་སྦྲང་མ་ལ་སོགས་འདབ་ཆགས་རྣམས། །ཁྱེད་སྤྲོ་ཚེ་གླུ་ཡི་མཆོད་པ་འབུལ། །བློ་དྲན་རྒྱུ་མ་མང་གཅིག་ལ་དྲིལ། །ལས་གཅིག་དྲིལ་ལྟ་བུར་འབད་བྱའི་ཆོས། །ཚེ་བློས་བཏང་སེམས་ལ་ལྟ་བ་ཡིན། །དེ་གོ་ན་གདམས་པའི་རྒྱལ་པོ་ཡིན། །ཞེས་ཟེར་བ་ལ་བརྟེན་ནས། དགའ་བ་དང་སྤྲོ་བ་དང་སྐྱོ་བ་ལྷན་ཅིག་ཏུ་སྐྱེས་ནས། སྒྲུབ་པ་ལ་འགྲོ་བར་ཐག་བཅད་དེ། ཡང་དེའི་ཚེ་འདི་སྐད་ཞུས་སོ། །གྲོགས་པོ་སྦྲང་མ། །སྐལ་ལྡན་རྒྱ་མཚོ། །སྒོམ་ལ་འགྲོའོ། །སྙན་པའི་གླུ་ལོངས། །ཞེས་ཞུས་སོ། །
ཞེས་པ་འདི་ཡང་སྐལ་ལྡན་གྱིས་སྦྱར་བའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn