རྒྱལ་བ་བློ་བཟང་གྲགས་པ་ལ་བསྟོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-25 15:35:04     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

 ན་མོ་གུ་རུ་ཛ་ཡ་སུ་མ་ཏི་ཀཱི་རྟི་ཡ། །བདེ་བའི་དངོས་གང་སྤྲོས་བྲལ་ཆོས་ཀྱི་སྐུ། །རྒྱ་མཚོ་ཆེ་ལས་རླབས་ཀྱི་ཕྲེང་བ་བཞིན། །མཐའ་ཡས་གདུལ་བྱའི་བསམ་པའི་དབྱེ་བ་ལས། །ངུར་སྨྲིག་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱིས། །བློ་བཟང་རྒྱལ་བར་གྲགས་པའི་དབྱར་སྐྱེས་རྔ། །ཐོས་པས་ཡིད་ཀྱི་ཉལ་འགྲོའི་བཞིན་རས་ལ། །ངོ་མཚར་མཛད་པའི་ཟླ་རིས་ཆེ་གསལ་ལ། །རབ་སྲེད་བསྟོད་ཚིག་དབུ་ཕྲེང་རོལ་བ་འཛིན། །ཁྱོད་སྐུ་ཟླ་ཟེར་ཞུ་བ་ལ་འཁུ་བ། །མཚན་དཔེའི་བདུད་རྩིའི་རྩ་ལག་རབ་རྒྱས་ཤིང་། །གཟི་མདངས་གར་མཁན་འཁྱུག་པས་ནོར་ལྡན་མ། །རབ་དཀར་དུ་ཀཱུ་ལ་ཡི་གོས་ཀྱིས་ཁེབས། །ལྷ་ཡི་རྔ་ལྟར་ཡིད་འབབ་རྣ་བར་འོས། །བདེ་གཤེགས་ཀུན་གྱི་རྣམ་པ་ཐམས་ཅད་པའི། །གསུང་གི་རྗེས་འགྲོ་ཚངས་དབྱངས་གཎྜིའི་སྒྲས། །སྒྲ་མའི་ཆུང་མའི་འཕང་འགྲོའི་ཁེངས་པ་འཕྲོགས། །བརྩེ་བའི་ཆུ་རྒྱུན་འགྲོ་འདིའི་ཡིད་བཞིན་མཚོར། །ཉིན་བཞིན་འབབ་ཀྱང་ད་དུང་མགོན་པོ་ཁྱོད། །དམིགས་མེད་ཐུགས་རྗེའི་གཏེར་དུ་གྱུར་པ་འདིས། །རྒྱལ་ཀུན་སོམ་ཉིའི་མལ་ན་ཟིམ་མེར་བཞུགས། །སྙན་དངགས་རིག་བྱེད་འོ་མའི་རླབས་འཕྱུར་བས། །མནྡ་ར་ཡི་དབུ་བ་བརྩེགས་པ་ལ། །བསིལ་ཟེར་བྱེད་པོ་འགྲོས་ཀྱིས་མི་ངལ་ཞིང་། །རང་བྱུང་སྨྲ་བཅད་བསམ་གཏན་རྫི་ལ་བརྟེན། །དད་པའི་ཤུགས་ཀྱིས་སྙིང་ལ་ཁོལ་འཛིན་པ། །གདུང་སེལ་ལེགས་བཤད་རྔ་ཡབ་འཇོ་སྒེག་གིས། །མཁས་མང་ཞལ་ལ་དམ་དུ་འཕྱང་བ་ལ། །ཐུགས་ལ་སྔོན་མེད་བདུད་རྩིས་ཅི་ཡང་བྲན། །ཕྱོགས་ཀུན་གུར་གུམ་གར་གྱི་རི་མོ་བཞིན། །གང་གི་མཛད་པའི་ཞབས་སྐྱེས་རྡུལ་གྱི་ཚོགས། །ལྷར་བཅས་འགྲོ་འདི་དུད་པའི་གནས་གྱུར་པས། །སྒྱུ་འཕྲུལ་སྲས་པོ་ཞི་བའི་དབྱིངས་སུ་གཟིམས། །སྡོམ་པ་གསུམ་གྱི་ནོར་བུའི་ཟ་ར་ཚགས། །དུས་ཀྱི་དབང་གིས་དྲི་མའི་སྐྱོན་ཆགས་ཏེ། །བཅས་མཚམས་གཟུགས་བརྙན་ཤིན་ཏུ་མི་གསལ་བ། །ཁྱོད་ཀྱིས་དུ་མའི་ཐབས་ཀྱིས་གསལ་བར་མཛད། །སྲས་བཅས་རྒྱལ་བའི་རླབས་ཆེན་སྤྱོད་པའི་ཁུར། །ད་ལྟ་ཁྱོད་ཀྱི་ཟུར་ཕུད་ངོས་དག་ལ། །མེ་ཏོག་ཕོན་པོ་བཞིན་དུ་རབ་འཛིན་པས། །འཛིན་མ་ངལ་དོགས་རྒྱ་མཚོ་ཁོང་འཛུམ་ཤོར། །དེ་ལྟའི་སྙན་གྲགས་དྲི་བསུང་འབུམ་འཕྲོ་བ། །ནོར་འཛིན་བུ་མོའི་འགྲམ་པའི་ངོས་དག་ལ། །ཕྱོགས་ཀྱི་དྲི་ལེན་བསྒོས་པ་ལ་སྲེད་པའི། །མཁས་རྣམས་ཡིད་ནི་འཆིང་བྱེད་མེད་པར་བཅིངས། །ཁ་བ་འཛིན་པའི་དཔལ་མོའི་ཐིག་ལེ་མཆོག། ཁྱོད་ཞལ་སར་བའི་ག་བུར་ཐིག་ལེ་ཡིས། །གང་གི་མིག་ལ་བདུད་རྩིའི་དཔལ་བྱིན་དེའི། །སྙིང་ལ་མཐར་བྱེད་ཚ་གདུང་མིང་ཙམ་གྱུར། །ལེགས་བཤད་སྣ་མའི་དྲི་ལ་སྲེད་ལྡན་པའི། །བསྟན་ལ་རི་མོར་བགྱིད་པའི་བུང་བའི་ཕྲེང་། །ཁྱོད་ཞབས་སྦྲང་རྩིས་གོས་པས་མྱོས་པ་ལ། །ཏིང་འཛིན་བདེ་བ་མུ་ཅོར་ཡིད་ལ་ཞུགས། །སྣ་ཚོགས་སྒྱུ་འཕྲུལ་གར་ལ་འཁོར་ལོའི་ལག། བློ་གྲོས་སྤྱན་སྟོང་ལྡན་ལ་འཆི་མེད་བདག། སྡེབ་ལེགས་གྲེ་འགྱུར་དབྱངས་ལ་མེས་པོའི་སྲས། །འགྲན་པར་མ་བཟོད་བག་ཡོད་གོས་ཀྱིས་བཀླུབས། །བྱང་ཕྱོགས་འདིར་ཡང་ཕལ་ཆེར་ཕྱོགས་ལྷུང་ལས། །གཏིང་ཟབ་མིན་པའི་ཁྲོན་པར་འགྲོས་འཁྱོར་རྣམས། །གང་ལ་གང་འཚམ་ཟློས་གར་སྣ་ཚོགས་ཀྱིས། །བྱམས་བརྩེའི་ལྕགས་ཀྱུས་འཁྱུད་འདི་ཁྱོད་གཞན་གང་། །བློ་གྲོས་ཞོ་འཐུང་རུས་པ་ལ་འགྲན་ནས། །རྣོ་བའི་མཚོན་གྱི་ཟིལ་གྱིས་སྦྱིན་མའི་བུ། །ལྔ་བའི་མཐའ་ལ་བསྒྲད་ནས་ཟུར་མིག་གིས། །འདབ་སྟོང་ལྡན་པའི་བང་ན་བསྒྲེངས་ཏེ་ལྟ། །མཐའ་དག་ཤེས་བྱའི་འཁོར་ལོ་གཞལ་བ་ལ། །སངས་རྒྱས་ཀུན་ལས་རྒན་པའི་གཞོན་ནུ་ཞིག། ཨུཏྤལ་གེ་སར་རྩེ་ལ་ཉལ་ཐབས་སུ། །གླེགས་བམ་ཚུལ་གྱིས་གསུང་རབ་དེཉིད་སྨྲ། །སྙིགས་དུས་འཕྲོག་སླད་འོང་བའི་རྫོགས་ལྡན་བཞིན། །ཐུབ་བསྟན་རྒྱལ་མཚན་ཁོར་ཡུག་རི་བོའི་ཁོང་། །ཁྱོད་ཀྱིས་སྙན་པའི་བ་དན་བཞིན་བཙུགས་པས། །ལྷག་བསམ་ལྟར་དཀར་འཕྲིན་ལས་རླབས་ལུད་པས། །ཁམས་གསུམ་ར་བ་ལས་འགོངས་ཁྱོད་ཀྱི་ཞལ། །མིག་གི་ངོས་ལ་རི་མོར་བྲིས་པ་ལ། །ལེགས་བཤད་རྩེ་དགས་ཡིད་ཀྱི་ཀུན་གསལ་གདོང་། །འཁྱུད་པའི་མཛའ་བ་ཉམས་པ་མེད་གྱུར་ཅིག།ཅེས་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ལ་བྱ་དཀའ་བའི་མཛེས་རྒྱན་གྱི་སྒོ་ནས་བསྟོད་པ་འདི་ནི་ཁ་བ་རི་བའི་སྙན་དངགས་མཁན་དབྱངས་ཅན་མངོན་པར་དགའ་བའི་སྡེ་མིང་གཞན་སྐལ་ལྡན་རྒྱ་མཚོས་སྦྱར་བའོ། །། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།