གཞུང་བཀའ་པོད་ཆེན་མོ་ལྔའི་འཕྲོས་དང་ས་བཅད་པདྨ་དཀར་པོའི་ཆུན་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-24 21:10:40     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།     ཀློག་ཐེངས།  

 

IMG_8418.JPG

༄༅། །དེ་ལ་འདིར་བཀའ་པོད་ལྔའི་གཞུང་གི་འཕྲོས་ས་བཅད་དང་བཅས་པ་འགོད་པ་ལ།

དང་པོ་འདུལ་བའི་འཕྲོས་དང་ས་བཅད།

དང་པོ་འདུལ་པའི་འཕྲོས་དང་ས་བཅད་ནི། འདུལ་བ་མདོ་རྩ་བ་ལས། རྒྱ་གར་སྐད་དུ། བི་ན་ཡ་སཱུ་ཏྲ། བོད་སྐད་དུ། འདུལ་བའི་མདོ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་པ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་པ ཐག་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་བར་གྱི་གཞུང་འདི་གང་ལས་འཕྲོས་ན། ལུང་གཞིའི་བར་སྡོམ་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང་། །སྨན་དང་གོས་དང་སྲ་རྐྱང་དང་། །ཀོ་ཤམྦི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་སྟེ། །དགེ་འདུན་དབྱེན་རྣམས་བསྡུ་བའོ། །ཞེས་པའི་གཞུང་འདི་ལས་འཕྲོས་པར་ཐལ། འཕྲོས་ཚུལ་གཞུང་འདིའི་སྐབས་སུ་ལུང་ལས་ཐོར་བུ་ཐོར་བུར་གསུངས་པའི་གཞི་བཅུ་བདུན་མིང་གི་སྒོ་ནས་མདོར་བསྟན་པ་ལ། འོ་ན་གཞི་བཅུ་བདུན་པོ་དེ་དག་གི་གོ་རིམ་འཁྲུགས་པ་སྡེབས་ནས། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས། ཉམས་ན་ཕྱིར་བཅོས་པའི་ཐབས་གསུམ་དུ་བསྡུས་ནས་རྒྱས་པར་འཆད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ལནམཁས་མཆོག་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་བ་འདིར་འཆད་པ་ལ་དྲངས་མ་ཐག་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། དེ་ལྟར་འཕྲོས་པ་ཡིན་ན་འཕྲོས་ཚུལ་ཅན་གྱི་གཞུང་འདི་ཉིད་གཞིར་བཞག་ཏེ་ཅུང་ཟད་འགོད་པའི་དབང་དུ་བྱས་ན། དེ་ཡང་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ། གདུལ་བྱ་ཉོན་མོངས་ལ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་འདུལ་བའི་ཆེད་དུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཚུར་བསྡུས་ན་འཁོར་ལོ་བར་མཐའ་གསུམ་དུ་འདུལ། དེ་ལྟ་བུའི་འཁོར་ལོ་དང་པོའི་སྤྱོད་པའི་ཆ་སོ་སོར་གཙོ་བོར་འགྲེལ་བའི་བསྟན་བཅོས་ཆེན་པོ་འདུལ་བ་མདོ་རྩ་བ་དེ་ཉིད་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་དང་བཞི། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྒྱ་གར་སྐད་དུ། བི་ན་ཡ་སཱུ་ཏྲ། བོད་སྐད་དུ། འདུལ་བའི་མདོ། ཞེས་པའི་གཞུང་འདི་བྱུང་།

གཉིས་པ་ཞར་བྱུང་བམ་གྲངས་དང་། འགྱུར་ཕྱག་དངོས་གཉིས་ཡོད་པ་སྡོམས་ཏེ་འཆད་པ་ལ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་། གསུམ་པ་གཞུང་གི་དོན་ལ། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་དང་། གཞུང་དོན་དངོས་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། ངེས་པར་འབྱུང་གི་ཚུལ་ཁྲིམས་གྱི་དབང་དུ་བྱས་ཏེ། ཞེས་པའི་གཞུང་འདི་བྱུང་། གཉིས་པ་གཞུང་དོན་དངོས་ལ། སློབ་པ་པོ་རྟེན་གྱི་གང་ཟག་དང་། དེས་བསླབ་པར་བྱ་བ་བསྟན་པ་གཉིས། དང་པོ་ལ་ལུང་གཞི་དང་། ཕྲན་ཚེགས་དང་། ཞུ་བའི་སྐབས་ནས་འབྱུང་བ་གསུམ། དང་པོ་ལ་སྔོན་ཆོག་དང་། ད་ལྟར་གྱི་ཆོ་ག་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས་ལ། ཞེས་པ་ནས། གྱུར་བ་ལྟ་བུ་ནི་སྔོན་གྱི་ཆོ་གའོ་ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ད་ལྟར་གྱི་ཆོ་ག་ལ། སྡོམ་པ་མ་ཐོབ་པ་ཐོབ་པ་བྱེད་པའི་ཐབས་དང་། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས་དང་། འགལ་རྐྱེན་བར་ཆད་ཀྱི་མཚན་ཉིད་དང་གསུམ། དང་པོ་ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཐོབ་པར་བྱེད་པའི་ཐབས་དང་། ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པར་བྱེད་པའི་ཐབས་གཉིས། དང་པོ་ལ། སྦྱོར་བ་དང་དངོས་གཞིའི་ཆོ་ག་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར། ཞེས་པ་ནས། དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་ཆོ་གའོ་ཞེས་པའི་བར་གྱི་གཞུང་འདི་བྱུང་།

གཉིས་པ་བསྙེན་རྫོགས་ཀྱི་ཆོ་ག་ལ། །སྦྱོར་དངོས་མཇུག་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ། །ཞེས་པ་ནས། བསྙེན་པར་རྫོགས་པའི་ཆོ་གའོ་ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས་ལ། གནས་དང་གནས་པའི་ཚུལ་ཁྲིམས་དང་། གནས་དང་གནས་པའི་མཚན་ཉིད་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། གནས་པས་གནས་ལ་མ་ཞུ་བར་མི་བྱའོ། །ཞེས་པ་ནས། གནས་ཀྱི་སྐབས་སོ། །ཞེས་པའི་བརགྱི་གཞུང་འདི་བྱུང་། གསུམ་པ་འགལ་རྐྱེན་བར་ཆད་ཀྱི་མཚན་ཉིད་ལ། བསམ་པ་དང་ལུས་རྟེན་རུང་བ་མ་ཐོབ་པས་སྐྱེ་བ་ལ་བར་དུ་གཅོད་པ་དང་། གཞན་གྱི་དབང་དུ་གྱུར་བ་དང་། ལུས་ཐོབ་པ་ལས་ཉམས་པ་དང་། རྣམ་པར་སྨིན་པ་དང་ལས་ཀྱི་སྒྲིབ་པས་མ་སྐྱེས་བར་བསྟན་པ་དང་། སྐྱེ་ཡང་རབ་ཏུ་བྱུང་བར་མི་འོས་པའི་བར་ཆད་དང་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་མ་ཡིན་ཞེས་དྲི་བར་བྱ་ཞིང་། ཞེས་པ་ནས། རབ་ཏུ་བྱུང་བའི་གཞི་རྫོགས་སོ་ཞེས་པའི་བར་གྱི་གཞུང་འདི་བྱུང་།

གཉིས་པ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་ལ། ཐུན་མོང་བའི་སྤྲོས་དང་། བུད་མེད་ཀྱི་ཆོ་གའི་ཁྱད་པར་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། བཀོལ་བ་རྒྱལ་པོས་བཀྲབས་པའོ། །ཞེས་པ་ནས། རབ་ཏུ་བྱུང་བའི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ་ཞེསཔའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ཞུ་བའིསྐབས་ནས་འབྱུང་བ་ལ། སྡོམ་པ་སྐྱེ་བ་དང་མི་སྐྱེ་བའི་བར་ཆད་དང་སྐྱེ་ལ་ཉེས་བྱས་ཀྱི་བར་ཆད་དང་། བར་ཆད་ཀྱི་མཚོན་དོན་དང་། བར་ཆད་ཀྱི་མཚན་ཉིད་དང་། སྐྱེ་མི་སྐྱེ་དོགས་པ་གཅོད་པ་ལྔ་ཡོད་པ་སྡོམ་ཏེ་འཆད་པ་ལ། མི་མ་ཡིན་པའི་འགྲོ་བ་པོ་དང་བྱང་གི་སྒྲ་མི་སྙན་པ་གཉིས་ནི། སྡོམ་པའི་ཞིང་ཉིད་མ་ཡིན་ནོ། །ཞེས་པ་ནས། རབ་ཏུ་བྱུང་བ་ཕལ་ཆེ་བའི་སྐབས་སོ་ཞེས་པའི་བར་གྱི་གཞུང་འདི་བྱུང་།

གཉིས་པ་དེས་བསླབ་བར་བྱ་བའི་མཚན་ཉིད་ལ། སྤངས་པའི་བསླབ་བྱ་དང་། ཉམས་སུ་བླངས་པའི་བསླབ་བྱ་གཉིས། དང་པོ་ལ་སྡེ་ལྔ་སོ་སོའི་མཚན་ཉིད་དང་། ཞུ་བ་སྤྱིར་བསྟན་པ་གཉིས། དང་པོ་ལ་ཐུན་མོང་བ་བསླབ་པ་འབུལ་བའི་ཆོ་ག་དང་། དགེ་སློང་གི་སྡེ་ལྔ་སྤྱི་བཤད་པ་དང་། དགེ་སློང་མའི་སྡེ་ལྔ་བྱེ་བྲག་ཏུ་བཤད་པ་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། རང་བཞིན་ཉམས་པས་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ། །ཞེས་པ་ནས། དགེ་སློང་མའི་རྣམ་པར་འབྱེད་པ་རྫོགས་སོ་ཞེས་པའི་བར་གྱི་གཞུང་འདི་བྱུང་།

གཉིས་པ་སྤྱིར་བསྟན་པ་ལ། ཐུན་མོང་གི་ཡན་ལག་སྤྱིར་བཤད་པ་དང་། ཡན་ལག་གི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་བ་སྤྱིར་བཤད་པ་དང་། ཚན་ཚན་གྱི་ཡན་ལག་སྤྱིར་བཤད་པ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་པ་ནས། སྤྱིར་བསྟན་པ་རྣམས་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ཉམས་སུ་བླངས་པར་བྱ་བའི་བསླབ་བྱ་ལ། བསླབ་པ་ཡོངས་སུ་སྦྱང་བའི་གཞི་དང་། བདེ་བར་གནས་པའི་རྐྱེན་བསྟེན་པའི་གཞི་དང་། བྱ་བའི་ཐབས་ལས་ཀྱི་གཞི་དང་། གསོ་བ་ཕྱིར་བཅོས་པའི་གཞི་དང་། དེ་ཐམས་ཅད་ཀྱི་རྟེན་གནས་མལ་གྱི་གཞི་དང་ལྔ། དང་པོ་ལ། གསོ་སྦྱོང་དང་། དབྱར་དང་། དགག་དབྱེའི་གཞི་གསུམ་ཡོད་པའི་དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་སྒོམ་པར་མི་བྱའོ། །ཞེས་པ་ནས། གསོ་སྦྱོང་གི་གཞི་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ་དབྱར་གནས་པར་ཁས་བླངས་པར་བྱའོ། །ཟླ་བ་གསུམ་དུའོ། །ཞེས་པ་ནས། དབྱར་གྱི་གཞི་རྗོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། མི་སྨྲ་པའི་ཡིད་དམ་བཅའ་བར་མི་བྱའོ། །ཞེས་པ་ནས། དགག་དབྱེའི་གཞི་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་བདེ་བར་གནས་པའི་རྐྱེན་བསྟེན་པའི་གཞི་ལ། གོས་བསྟེན་པ་དང་། སྨན་བསྟེན་པ་དང་གཉིས། དང་པོ་ལ། བག་ཡངས་དང་འབྲེལ་བ་སྲ་བརྐྱངས་དང་། འཚོ་བའི་ཡོ་བྱད་དང་འབྲེལ་བ་གོས་ཀྱི་དང་། སྨན་དང་འབྲེལ་བ་ཀོ་ལྤགས་ཀྱི་གཞི་གསུམ་ཡོད་པའི་དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། སྲ་བརྐྱང་བཏིང་བར་བྱའོ། །ཞེས་པ་ནས། སྲ་བརྐྱང་གི་གཞི་རྫོགས་སོ། །འདུལ་བའི་མདོ་བམ་པོ་བདུན་པ་ཞེས་པའི་བར་གྱི་གཞུང་འདི་བྱུང་།

གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། མཚོན་གྱིས་མ་དྲས་པའི་གོས་སྤྱད་བར་མི་བྱའོ། །ཞེས་པ་ནས། གོས་ཀྱི་གཞི་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། ཡུལ་དབུས་ཀྱི་མཚམས་སོ། །ཞེས་པ་ནས། ཀོ་ལྤགས་ཀྱི་གཞི་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་སྨན་གྱི་གཞི། དེ་ཉིད་འཆད་པར་བྱེད་པ་ལ། སྨན་བསྟེན་པར་བྱའོ། །དེ་ནི་རྣམ་པ་བཞིའོ། །ཞེས་པ་ནས། སྨན་གྱི་གཞི་རྫོགས་སོ་ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་བྱ་བའི་ཐབས་ལས་ཀྱི་གཞི་དེ་ཉིད་འཆད་པར་བྱེད་པ་ལ་ཆོ་ག་ལས་འདས་ན་ལས་མི་འཆགས་སོ། །ཞེས་པ་ནས། ལས་ཀྱི་གཞི་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

བཞི་པ་གསོ་བ་ཕྱིར་བཅོས་པའི་གཞི་ལ་ལྟུང་བ་ཕྱིར་བཅོས་དང་། རྩོད་པ་ཕྱིར་བཅོས་པ་གཉིས། དང་པོ་ལ་རང་སྟོབས་ཀྱིས་ཕྱིར་བཅོས་པ་དང་། གཞན་སྟོབས་ཀྱིས་ཕྱིར་བཅོས་པ་གཉིས། དང་པོ་ལ་ཕྱིར་བཅོས་པའི་གཞི་དང་། དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞིདང་། ས་གཞན་ན་གནས་པའི་སྤྱོད་པའི་གཞི་དང་གསུམ་ཡོད་པ་ལས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། གཞི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་། ཞེས་པ་ནས། ཕྱིར་བཅོས་པའི་གཞི་རྫོགས་སོ་ཞེས་པའི་བར་གྱི་གཞུང་འདི་བྱུང་།

གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། འདི་ལ་དགེ་འདུན་ལྷག་མ་མི་ཤེས་པ་ཉིད་དང་། ཞེས་པ་ནས། དུས་དང་དུས་མ་ཡིན་བསྡུས་པ་འབྱུང་བའི་གཞི་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དང་། ཞེས་པ་ནས། ས་གཞན་ན་གནས་པའི་སྤྱོད་པའི་གཞི་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

གཉིས་པ་གཞན་སྟོབས་ཀྱིས་ཕྱིར་བཅོས་པ་དེ་ཉིད་འཆད་པར་བྱེད་པ་ལ། མ་གྲགས་པ་ནི་གཞི་ཉིད་མ་ཡིན་ནོ། །ཞེས་པ་ནས། ཡོངས་སུ་སྦྱོང་བའི་གཞི་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

གཉིས་པ་རྩོད་པ་ཕྱིར་བཅོས་ལ། ལས་དང་འབྲེལ་བའི་རྩོད་པ་ཞི་བར་བྱ་བ་དང་། འཁོར་ལོའི་རྩོད་པ་ངོས་གཟུང་བ་དང་། དེ་ལས་གཞན་པའི་རྩོད་པ་ཞི་བར་བྱ་བ་དང་གསུམ་ཡོད་པའི་དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། དགེ་འདུན་ཐ་དད་པ་ཉིད་དུ་གནས་པ་ལ་མི་འདོད་པར་གླེང་བ་དང་། ཞེས་པ་ནས། ལས་བྱེ་བའི་གཞི་རྫོགས་སོ། །ཞེས་པའི་པར་གྱི་གཞུང་འདི་བྱུང་།

གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། དགེ་འདུན་གྱི་དབྱེན་ནི་ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས་སམ་དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་སོ། །ཞེས་པ་ནས། འཁོར་ལོ་བྱེ་བའི་གཞིའོ། །འདུལ་བའི་མདོ་བམ་པོ་དགུ་བ་སྟེ་ཐ་མའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། འཁྲུག་ལོང་གི་རྒྱུ་བཞིའོ། །ཞེས་པ་ནས། རྩོད་པའི་གཞི་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། ལྔ་བ་དེ་ཐམས་ཅད་ཀྱི་རྟེན་གནས་མལ་གྱི་གཞི་དེ་ཉིད་འཆད་པར་བྱེད་པ་ལ། སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །ཞེས་པ་ནས། གནས་མལ་གྱི་གཞི་རྫོགས་སོ། །འདུལ་བའི་མདོ་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

བཞི་བ་མཇུག་གི་དོན་ལ། གུས་པ་བསྐྱེད་པའི་ཕྱིར་ཆེ་བ་བརྗོད་པ་དང་། ཁུངས་བཙུན་པའི་ཕྱིར་གང་ལ་རྟེན་ཏེ་བྱས་པ་དང་། བྱས་པ་ཤེས་པའི་ཕྱིར་བསྒྱུར་ཚུལ་དང་། གཞུང་ཚད་རྟོགས་པའི་ཕྱིར་ཤོ་ལོ་ཀ་དང་བམ་གྲངས་བརྗོད་པ་དང་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། འདུལ་བའི་མདོ་ཞེས་བྱ་བ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ། འདུལ་བ་རྒྱ་མཚོའི་སྙིང་པོ་མདོར་བསྡུས་པ། ཞེས་པ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་གཏན་ལ་ཕམ་པའོ། །འདི་ལ་ཤོ་ལོ་ཀ་ཉིས་སྟོང་བདུནབརྒྱ་ཡོད། བམ་པོ་ནི་དགུ་བྱས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་བ་ཡིན་ཞེས་ཁས་ལེན་པར་ཐལ། དེ་ལྟར་ཁས་ལེན་དགོས་པའི་ཕྱིར།

འདུལ་འཛིན་ཆེན་པོ་དགེ་འདུན་གྲུབ་པའི་གསུང་། །འདུལ་ཊིཀ་རིན་ཆེན་འཕྲེང་བའི་དགོངས་པ་བཞིན། །འདུལ་བའི་ས་བཅད་མདོར་བསྡུས་འདི་བྱས་པས། །འདུལ་བ་འཛིན་པའི་མཆོག་ཏུ་བདག་གྱུར་ཅིག །

གཉིས་པ་མཛོད་ཀྱི་འཕྲོས་དང་ས་བཅད།

༈ གཉིས་པ་མཛོད་ཀྱི་འཕྲོས་དང་ས་བཅད་ནི། མངོན་པ་མཛོད་ལས། རྒྱ་གར་སྐད་དུ། ཨ་བྷི་དྷ་རྨཱ་ཀོ་ཥཱ་ཀ་རི་ཀཱ བོད་སྐད་དུ། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །ཞེས་པ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་པནྡེ་དཔལ་བརྩེགས་ཀྱི་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་བར་གྱི་གཞུང་འདི་གང་ལས་འཕྲོས་ན་བདེན་བཞིའི་ཆོས་འཁོར་གྱི་མདོ་ལས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་པ་ནས། ལམ་འཕགས་པའི་བདེན་པའོ། །ཞེས་པའི་གཞུང་འདི་ལས་འཕྲོས་པར་ཐལ། འཕྲོས་ཚུལ་གཞུང་འདིའི་སྐབས་སུ་ཐར་འདོད་རྣམས་བདེན་པ་བཞི་ལ་བླང་དོར་གྱི་སྒོ་ནས་འཇུག་ཚུལ་གསུངས་པ་ལ། འོ་ན་བླང་དོར་བྱ་བའི་གནས་བདེན་པ་བཞི་སོགས་ཆོས་ཐམས་ཅད་ཤེས་བྱ་གཞིར་ལྔར་བསྡུས་ནས་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་རྒྱས་པར་འཆད་ཚུལ་ཇི་ལྟ་བུ་ཞེ་ན། དེའི་ལན་སློབ་དཔོན་དབྱིག་གི་གཉེནཔོས་མངོན་པ་མཛོད་འདིར་འཆད་པ་ལ་དྲངས་མ་ཐག་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། དེ་ལྟར་འཕྲོས་པ་ཡིན་ན་འཕྲོས་ཚུལ་ཅན་གྱི་གཞུང་འདི་ཉིད་གཞིར་བཞག་ཏེ་འཁོར་ལོ་དང་པོའི་ལྟ་བའི་ཆ་གཙོ་བོར་འགྲེལ་བའི་བསྟན་བཅོས་ཆེན་པོ་མངོན་པ་མཛོད་དེ་ཉིད་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་དང་བཞི། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྒྱ་གར་སྐད་དུ། ཨ་བྷི་དྷརྨཱ་ཀོ་ཥཱ་ཀ་རི་ཀཱ། བོད་སྐད་དུ། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ཞེས་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་། གསུམ་པ་གཞུང་དོན་ལ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། རྩོམ་པའི་བསྟན་བཅོས་ཀྱི་ལུས་དངོས་དང་། རྩོམ་པ་མཐར་ཕྱིན་པའི་ཚུལ་དང་གསུམ། དང་པོ་ལ་མཆོད་པར་བརྗོད་པ་དང་། རྩོམ་བར་དམ་བཅའ་དང་། མངོན་པ་མཛོད་ཀྱི་མཚན་དོན་དང་། མངོན་པ་རྩོམ་པའི་དགོས་པ་དང་བཞི། དང་པོ་དང་གཉིས་པ་གཉིས་སྡོམ་ཏེ་འཆད་པ་ལ། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཞེས་པའི་གཞུང་འདི་བྱུང་། གསུམ་པ་ལ། མངོན་པའི་མཚན་དོན་དང་། མཛོད་ཀྱི་མཚན་དོན་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ།། འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །ཞེས་པའི་གཞུང་འདི་བྱུང་། བཞི་པ་དེ་ཉིད་འཆད་པར་བྱེད་པ་ལ། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ།། དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་བའི་བར་གྱི་གཞུང་འདི་བྱུང་། གཉིས་པ་རྩོམ་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ། ལུས་ཀྱི་ཚུལ་དུ་མདོར་བསྟན་པ་དང་། ཡན་ལག་གི་ཚུལ་དུ་རྒྱས་པར་བཤད་པ་གཉིས། དང་པོ་ལ་ཟག་བཅས་ཟག་མེད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེ་དག་གི་མཚན་ཉིད་སོགས་ཀྱི་སྒོ་དང་རྒྱས་པར་བཤད་པ་གཉིས། དང་པོ་དེཉིད་འཆད་པར་བྱེད་པ་ལ། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཞེས་པ་ནས། འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པཡན་ལག་གི་ཚུལ་དུ་རྒྱས་པར་བཤད་པ་ལ། གང་ལ་མཁས་པར་བྱ་བའི་གནས་ངོས་བཟུང་བ་དང་། དེ་ལ་མཁས་པར་བྱས་པའི་ཡོན་ཏན་གཉིས། དང་པོ་ལ་མཁས་བྱའི་གནས་དང་། དེ་ཉིད་ངེས་པར་བྱེད་པའི་ཚུལ་གཉིས། དང་པོ་ལ་ཡུལ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་དང་། ཡུལ་ཅན་གྱི་དབང་པོའི་རབ་དབྱེ་བཤད་པ་གཉིས། དང་པོ་ལ་འདུས་བྱས་སྤྱིའི་མཚན་ཉིད་དང་། ཆོས་གསུམ་གྱི་རྣམ་བཞག་དང་། ཁམས་ཀྱི་རྣམ་པའི་རབ་དབྱེ་བཤད་པ་དང་གསུམ། དང་པོ་ལ་མཚན་ཉིད་དང་མིང་གི་རྣམ་གྲངས་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། ཞེས་པ་དང་། ལྟ་གནས་སྲིད་པའང་དེ་དག་ཡིན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། ཆོས་གསུམ་སོ་སོའི་རང་བཞིན་དང་། ཆོས་གསུམ་གྱི་ཁྱད་ཆོས་དང་། ཆོས་གསུམ་གྱིས་གཞན་བསྡུ་ཚུལ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། གཟུགས་ནི་དབང་པོ་ལྔ་དང་ནི། ཞེས་པ་ནས། རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ཁམས་ཀྱི་རྣམ་པས་རབ་དབྱེ་ལ། མཚན་ཉིད་དང་། སུམ་ཚན་དང་། བཅས་མ་བཅས་དང་། གྲུབ་པ་གཟུགས་དང་། བྱུང་སོགས་དང་། ལྟ་སོགས་ཀྱི་སྒོ་ནས་དབྱེ་བ་དང་དྲུག་ཡོད་པསྡོམ་ཏེ་འཆད་པ་ལ། བསྟན་ཡོད་འདི་ནི་གཟུགས་གཅིག་པུ། ཞེས་པ་ནས། བཅུ་གཉིས་ནང་གི་བཤད་དབང་པོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གཉིས་པ་ཡུལ་ཅན་དབང་པོའི་རབ་དབྱེ་ལ། དབང་པོ་ཉེར་གཉིས་ཀྱི་རང་བཞིན་དང་། འདུས་བྱས་ཆོས་ཀྱི་སྐྱེ་ཚུལ་དང་། རྒྱུ་རྐྱེན་འབྲས་བུའི་བྱུང་ཚུལ་བཤད་པ་གསུམ། དང་པོ་ལ་རྒྱུ་མཚན་དང་། གྲངས་ངེས་དང་། ངོ་བོ་དང་། རབ་དབྱེ་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། ལྔ་པོ་རྣམས་ནི་དོན་བཞི་ལ། ཞེས་པ་ནས། མཚན་གཅིག་དྲི་མེད་གཉིས་མ་གཏོགས། ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། གཟུགས་ཅན་གྱི་སྐྱེ་ཚུལ་དང་། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། འདོད་ན་དབང་པོ་མེད་པ་དང་། ཞེས་པ་ནས། མི་ལྡན་པ་དག་རྒྱུ་མཐུན་པ། ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ལ། རྒྱུ་འབྲས་སྤྱིར་བསྟན་པ་དང་། རྐྱེན་བྱེ་བྲག་ཏུ་བཤད་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། བྱེད་རྒྱུ་ལྷན་ཅིག་བྱུང་བ་དང་། ཞེས་པ་ནས། སློབ་པ་ལ་བཞི་ལྷག་ལ་དེ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་དབང་པོ་བསྟན་པ་ཞེས་བྱ་བ་སྟེ་གནས་གཉིས་པའོ། །ཞེས་པའི་བར་གྱིགཞུང་འདི་བྱུང་།

༈ གཉིས་པ་དེ་ཉིད་ངེས་པར་བྱེད་པའི་ཚུལ་ལ། ཤེས་བྱ་སྡུག་བསྔལ་གྱི་བདེན་པ་དང་། སྤང་བྱ་ཀུན་འབྱུང་གི་བདེན་པ་དང་། ཐོབ་བྱ་འགོག་ལམ་གྱི་བདེན་པ་གཏན་ལ་ཕབ་པ་དང་གསུམ། དང་པོ་ལ་ནང་བཅུད་ཀྱི་འཇིག་རྟེན་དང་། ཕྱི་སྣོད་ཀྱི་འཇིག་རྟེན་བཤད་པ་གཉིས། དང་པོ་ལ་སྤྱིར་དབྱེ་བ་དང་། རྟེན་འབྲེལ་བཤད་པ་དང་། སྐྱེ་བ་གནས་པའི་ཐབས་དང་། གནས་པ་འཆི་འཕོ་བའི་སེམས་དང་། སེམས་ཅན་གྱི་ཚོགས་གསུམ་དུ་བསྡུད་པ་དང་ལྔ་ཡོད་པ་སྡོམ་ཏེ་འཆད་པ་ལ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། ཞེས་པ་ནས། ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། རྟེན་གྱི་དཀྱིལ་འཁོར་གསུམ་བཤད་པ། རྟེན་པ་རི་མཚོ་གླིང་གསུམ་བཤད་པ། ཚ་གྲང་དམྱལ་བའི་གནས་བཤད་པ། ཉི་ཟླའི་འཆར་ཚུལ་དང་ཚད་བཤད་པ། ལྷ་རྣམས་ཀྱི་གནས་བཤད་པ། སྟོང་གསུམ་ངོས་གཟུང་བ། འགྲོ་བ་རྣམས་ཀྱི་ལུས་དང་ཚེ་ཚད་བཤད་པ། ཚད་དེ་གཞལ་བའི་ཐབས་བཤད་པ། སྣོད་བཅུད་ཀྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པ་དང་དགུ་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། ཞེས་པ་ནས། མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཆོས་མངོནཔའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གཉིས་པ་སྤང་བྱ་ཀུན་འབྱུང་གི་བདེན་པ་ལ། ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། རྣམ་གྲངས་ཀྱི་དོན་བསྡུ་བ་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ། བསྟན་བཅོས་ནས་བཤད་པའི་རྣམ་བཞག་དང་། མདོ་ནས་གསུངས་པའི་ལས་ཀྱི་རྣམ་གྲངས་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་ནི་སེམས་པ་དང་དེས་བྱས། །ཞེས་པ་ནས། ངེས་འབྱེད་ཆ་མཐུན་དགེ་རྣམས་གསུམ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ལ། འཇིག་རྟེན་པའི་ལས་ཀྱི་རྣམ་གྲངས་དངོས་དང་། ཆོས་ཀྱི་རྣམ་གྲངས་གཞན་བསྟན་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། རིག་པས་རབ་ཏུ་བཅུག་པའི་ལས། །ཞེས་པ་ནས། ཐར་བ་བླ་ན་མེད་པ་ཡིན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ལས་བསྟན་པ་ཞེས་བྱ་བ་སྟེ་གནས་བཞི་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གཉིས་པ་ཉོན་མོངས་པའི་ཀུན་འབྱུང་ལ། མཚམས་སྦྱར་བ་དང་། སྤངས་བྱ་ཕྲ་རྒྱས་དང་།། ཇི་ལྟར་སྤོངས་ཚུལ་དང་། སྤངས་པའི་འབྲས་བུ་ཡོངས་ཤེས་བཤད་པ་དང་བཞི། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ། ཕྲ་རྒྱས་ཀྱི་ངོ་བོའི་དབྱེ་བ། རྣམ་པའི་རབ་དབྱེ། སེམས་ཕྲ་རྒྱས་དང་བཅས་ཚུལ། ཉོན་མོངས་པ་སྐྱེ་ཚུལ། ཉོན་མོངས་ཀྱི་རྣམ་གྲངས། གང་དང་མཚུངས་པར་ལྡན་པ། སྒྲིབ་པ་ལྔ་བྱེ་བྲག་ཏུ་བཤད་པ་དང་བདུན་ཡོད་པ་སྡོམ་ཏེ་འཆད་པ་ལ། འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། ཞེས་པ་ནས། ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ཇི་ལྟར་སྤོང་ཚུལ་ལ། མཐོང་སྤངས་ཇི་ལྟར་སྤངས་པ་དང་། སྒོམ་སྤངས་ཇི་ལྟར་སྤངས་པ་དང་། གཉེན་པོའི་རབ་དབྱེ་དང་། ཞར་བྱུང་དང་བཅས་པ་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། དམིགས་པ་ཡོངས་སུ་ཤེས་པ་དང་། །ཞེས་པ་ནས། དབང་པོ་རྣམ་པར་འཕེལ་རྣམས་སུ། །ཞེས་པའི་བར་གྱི་གཞུང་འདི་བྱུང ། བཞི་བ། སྤངས་པའི་འབྲས་བུ་ཡོངས་ཤེས་ལ། དབྱེ་བ་དང་། ལམ་གང་གི་འབྲས་བུ་ཡིན་པ་དང་། གྲངས་ངེས་དང་། གང་ཟག་གང་ལ་ལྡན་པ་དང་། ཐོབ་གཏོང་བཤད་པ་ལྔ་ཡོད་པ་སྡོམ་ཏེ་འཆད་པ་ལ། ཡོངས་སུ་ཤེས་དགུ་འདོད་པ་ན། །ཞེས་པ་ནས། གཏོང་སྟེ་ཐོབ་པ་ལྔ་མིན་ནོ། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་སྟེ་གནས་ལྔ་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གསུམ་པ་ཐོབ་བྱ་འགོག་ལམ་གྱི་བདེན་པ་ལ། ལམ་གྱི་རྣམ་བཞག་དང་། དེའི་རྟེན་གང་ཟག་གི་རྣམ་བཞག་དང་། ལམ་གྱི་ཁྱད་ཆོས་གཞན་བཤད་པ་གསུམ། དང་པོ་ལ། ལམ་གྱི་ངོ་བོ་དང་། དམིགས་པ་དང་། སྒོམ་ཚུལ་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། བདེན་པ་མཐོང་དང་སྒོམ་པ་ལས། །ཞེས་པ་ནས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། ཞུགས་འབྲས་ཀྱི་རྣམ་བཞག་སྤྱིར་བསྟན་པ་དང་། ནང་ཚན་གྱི་སྒོ་ནས་བདུན་དུ་དབྱེ་བ་དང་། ཞི་རིགས་བསྡུ་བ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། དབང་པོ་རྣོ་རྟུལ་དེ་དག་ཏུ། །ཞེས་པ་ནས། གཉིས་ཀྱིས་མི་སློབ་ཡོངས་སུ་རྫོགས། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ལ། དབྱེ་བ་སྤྱིར་བསྟན་པ་དང་། བྱང་ཆུབ་ཀྱི་ཕྱོགས་བྱེ་བྲག་ཏུ་བཤད་པ་དང་། ལམ་གྱི་ཐོབ་པའི་རྣམ་གྲོལ་ངོས་བཟུང་བ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། མདོར་ན་ལམ་ནི་རྣམ་བཞི་སྟེ། །ཞེས་པ་ནས། དེ་ལྟར་ན་ནི་མུ་བཞི་སྲིད། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་སྟེ་གནས་དྲུག་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གཉིས་པ་མཁས་པར་བྱས་པའི་ཡོན་ཏན་ལ། ཤེས་པའི་ཡོན་ཏནདང་། སྙོམས་མཇུག་གི་ཡོན་ཏན་གཉིས། དང་པོ་ལ། ཡེ་ཤེས་ཀྱི་རང་བཞིན་དང་། དེ་ལྡན་ཚུལ་དང་། དེ་འཐོབ་ཚུལ་དང་། དེའི་ཁྱད་པར་གྱི་ཆོས་དང་བཞི། དང་པོ་ལ། བཟོད་ཤེས་དང་ལྟ་བའི་ཁྱད་པར་དང་། ཤེས་བཅུའི་རྣམ་བཞག་དང་། དེ་དག་གི་ཁྱད་ཆོས་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཞེས་པ་ནས། གཞན་ནི་བདག་མེད་ཉིད་རིག་འགྱུར། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་བར་བྱེད་པ་ལ། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་ཅན་ཤེས་པ་གཅིག་དང་ལྡན། གཉིས་པ་ལ་གསུམ་ཡན་ཆད་ནི། །བཞི་ལ་རེ་རེ་འཕེལ་དང་ལྡན། །ཞེས་པའི་གཞུང་འདི་བྱུང་། །གསུམ་པ་ལ། གནས་སྐབས་གང་དུ་ཤེས་པ་དུ་ཐོབ་དང་། ས་གང་དུ་ཤེས་པ་དུ་ཐོབ་དང་། ཐོབ་པའི་དབྱེ་བ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། མཐོང་བའི་ལམ་ལ་བཟོད་པ་དང་། ཞེས་པ་ནས། ཐོབ་པ་ཟག་དང་བཅས་པའི་ཡིན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། བཞི་པ་ཁྱད་ཆོས་ལ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། ཐུན་མོང་གི་ཡོན་ཏན་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། སངས་རྒྱས་ཆོས་ནི་མ་འདྲེས་པ། །ཞེས་པ་ནས། མི་ལ་སྐྱེ་བས་ཐོབ་པ་མེད། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཡེ་ཤེས་བསྟན་པ་ཞེས་བྱ་བ་སྟེ་གནས་བདུན་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གཉིས་པ་སྙོམས་འཇུག་གི་ཡོན་ཏན་ལ། སྙོམས་འཇུག་གི་རང་བཞིན་དང་། དེའི་ཁྱད་ཆོས་དང་། ཏིང་ངེ་འཛིན་གསུམ་གྱི་དབྱེ་བ་དང་། དེ་ལ་རྟེན་པའི་ཡོན་ཏན་བཤད་པ་དང་བཞི། དང་པོ་ལ། སྙོམས་འཇུག་གཉིས་སོ་སོར་བཤད་པ་དང་། ཐུན་མོང་དུ་བཤད་པ་དང་། བསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། བསམ་གཏན་དག་ནི་རྣམ་གཉིས་བཞི། །ཞེས་པ་ནས། དེ་ལུང་མ་བསྟན་ཉོན་མོངས་མིན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། ཐོབ་ཚུལ་དང་། མངོན་དུ་བྱེད་ཚུལ་དང་། དམིགས་པའི་ཁྱད་པར་དང་། སྤངས་བྱ་སྤངས་ཚུལ་ཉེར་བསྡོགས་དང་བཅས་པ་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་དང་མི་ལྡན་འདོད་ཆགས་བྲལ། ཞེས་པ་ནས། དེ་ནི་ཚངས་ཆེན་འབྲས་བུ་ཅན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ལ། ཁམས་ཀྱི་སྒོ་ནས་རྟོགས་བཅས་སོགས་གསུམ་དང་། ལམ་གྱི་སྒོ་ནས་རྣམ་ཐར་སྒོ་གསུམ་དང་། ལམ་སུན་འབྱིན་པའི་སྒོས་གསུམ་དང་། བྱེད་པའི་སྒོས་མཐོང་ཆོས་འགྱུར་སོགས་བཞི་བཤད་པ་དང་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། མན་ཆད་རྟོག་དཔྱོད་བཅས་པ་ཡི། །ཞེས་པ་ན། གང་ཡིན་དེ་ནི་ཟད་འགྱུར་བསྒོམ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། བཞི་པ་ལ། ཚད་མེད་དང་། རྣམ་ཐར་དང་། ཟིལ་གནོན་དང་། ཟད་པར་དང་། དེ་དག་གི་ཐོབ་ཚུལ་རྟེན་དང་བཅས་པ་ལྔ་ཡོད་པ་སྡོམ་ཏེ་འཆད་པ་ལ། ཚད་མེད་པ་ནི་བཞི་ཡིན་ནོ།། ཞེས་པ་ནས། དེ་དག་དང་ཆོས་ཉིད་ཀྱིས་ཀྱང་། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་རྩོམ་པ་མཐར་ཕྱིན་པའི་ཚུལ་ལ་བསྟན་པའི་གནས་ཚུལ་དང་། ནོངས་པ་བཟོད་པར་གསོལ་བ་དང་། ཐར་འདོད་རྣམས་ཀྱི་བག་ཡོད་བསྟེན་རིགས་པ་དང་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། བདག་གི་མངོན་པའི་ཆོས་འདི་ཕལ་ཆེར་ནི། ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཉེས་པར་ཟིན་གང་དེ་འདིར་བདག་གི་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུ་བྱས་པ་ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའོ། །ཞེས་པའི་གཞུང་འདི་བྱུང་། གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། ཞེས་པ་ནས། ཐར་བ་འདོད་པ་དག་གིས་བག་ཡོད་ཀྱིས། །ཞེས་པའི་བར་གྱི་གཞུང་འདི་བྱུང་། བཞི་པ་མཇུག་གི་དོན་ལ་སློབ་དཔོན་གང་གིས་མཛད་པ་དང་། ལོ་པཎ་གང་གིས་བསྒྱུར་བ་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཤཱཀྱའི་དགེ་སློང་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱིས་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་བ་ཡིན་ཞེས་ཁས་ལེན་པར་ཐལ། དེ་ལྟར་ཁས་ལེན་དགོས་པའི་ཕྱིར།

མངོན་པ་མཛོད་ཀྱི་ས་བཅད་འདི་བྱས་པས། །མངོན་པའི་ང་རྒྱལ་ལ་སོགས་སྐྱོན་སྤངས་ཏེ། །མངོན་ལྐོག་ཆོས་ལ་བློ་གྲོས་ཐོགས་མེད་པས། །མངོན་རྟོགས་ལམ་ལྔའི་བགྲོད་པ་མཐར་ཕྱིན་ཤོག།

གསུམ་པ་རྣམ་འགྲེལ་གྱི་འཕྲོས་དང༌ས་བཅད།

༈ གསུམ་པ་རྣམ་འགྲེལ་གྱི་འཕྲོས་དང་། ས་བཅད་ནི། ཚད་མ་རྣམ་འགྲེལ་ལས། རྒྱ་གར་སྐད་དུ། པྲ་མཱ་ན་པཱ་རི་ཏི་ཀཱ་ཀ་རི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལལོ། །རྟོག་པའི་དྲ་བ་རྣམ་བསལ་ཅིང་། །ཞེས་པ་ནས། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་བར་གྱི་གཞུང་འདི་གང་ལས་འཕྲོས་ན། ཚད་མ་མདོ་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེར་གཤེགས་སྐྱོབས་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་ལས་འཕྲོས་པར་ཐལ། འཕྲོས་ཚུལ་གཞུང་འདིའི་སྐབས་སུ་ཐུབ་པ་སངས་རྒྱས་བཅོས་ལྡན་འདས་དེ་ཉིད་གྲོལ་བ་དོན་གཉེར་གྱི་འགྲོ་བ་ལ་མི་བསླུ་བའི་ཚད་མའི་སྐྱེས་བུར་གསུངས་པ་ལ། འོ་ན་དེའི་དོན་ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ཀྱི་སྒོ་ནས་སྒྲུབ་ཚུལ་སོགས་གཞལ་བྱའི་གནས་རང་གིས་ངེས་པའི་ཐབས་དང་། ངེས་ནས་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་ཀྱི་སྒོ་ནས་རྒྱས་པར་འཆད་ཚུལ་ཇི་ལྟ་བུ་ཞེ་ན། དེའི་ལན་དཔལ་ཆོས་ཀྱི་གྲགས་པས་ཚད་མའི་བསྟན་བཅོས་འདིར་འཆད་པ་ལ་དྲངས་མ་ཐག་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། དེ་ལྟར་འཕྲོས་པ་ཡིན་ན་འཕྲོས་ཚུལ་ཅན་གྱི་གཞུང་འདི་ཉིད་ཅུང་ཟད་འགོད་ན། དེ་ཡང་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ནང་ནས་བླ་ན་མ་མཆིས་པ་དང་། སྐབས་མ་མཆིས་པ་དང་། ངེས་པའི་དོན་དུ་གྱུར་པའི་ཐ་མ་ལེགས་ཕྱེ་ཆོས་འཁོར་གྱི་ལྟ་པའི་ཆ་གཙོ་བོར་འགྲེལ་བའི་ཚད་མ་རྣམ་འགྲེལ་དེ་ཉིད་འཆད་བར་བྱེད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་དང་བཞི། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྒྱ་གར་སྐད་དུ། པྲ་མཱ་ཎ་པཱར་ཏི་ཀཱ་ཀ་རི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་། གསུམ་པ་གཞུང་གི་དོན་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། ཡན་ལག་ཅན་གྱི་བསྟན་བཅོས་བཤད་པ་གཉིས། དང་པོ་ལ། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་པ་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྟོག་པའི་དྲ་བ་རྣམ་བསལ་ཅིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་ཡན་ལག་ཅན་གྱི་བསྟན་བཅོས་ལ། གཞལ་བྱ་རྟོགས་པ་ཚད་མའི་རང་བཞིན་བཤད་པ་དང་། དེ་གཞན་ལ་སྐྱེད་པའི་ཐབས་ངག་གི་རང་བཞིན་བཤད་པ་གཉིས། དང་པོ་ལ། ལྐོག་གྱུར་གསལ་བྱེད་རང་དོན་ལེའུ་དང་། ཐར་ལམ་གསལ་བྱེད་ཚད་མ་གྲུབ་པའི་ལེའུ་དང་། མངོན་གྱུར་གསལ་བྱེད་མངོན་སུམ་ལེའུ་བཤད་པ་གསུམ། དང་པོ་ལ། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ། ཡང་དག་གསུམ་གྱི་གཏན་ཚིགས་བཤད་པ། ངེས་བཟུང་ཚིག་ལ་རྩོད་པ་སྤངས་པ། ཟློག་ཕྱོགས་གཏན་ཚིགས་ལྟར་སྣང་བཤད་པ། མེད་ན་མི་འབྱུང་རྒྱས་པར་བཤད་པ་དང་བཞི། དང་པོ་ལ་འབྲས་རང་མི་དམིགས་པའི་རྟགས་ཡང་དག་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། རྒྱུ་ལ་རང་བཞིནཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །ཞེས་པ་ནས། གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ་སྔ་ཕྱི་ལ་རྟེན་པའི་རྩོད་པ་སྤོངས་པ་དང་། དུས་མཉམ་ལ་རྟེན་པའི་རྩོད་པ་སྤོངས་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔག་པ་གང་ཡིན་པ། །ཞེས་པ་ནས། དེ་ལྟར་འདས་དུས་ཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། རྒྱུ་མ་ཚོགས་པའི་འབྲས་བུ་ནི། །རྗེས་སུ་དཔོག་པ་གང་ཡིན་ཏེ། ཞེས་པ་ནས། དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། །ཞེས་པའི་བར་གྱི་གཞུང་འདི་བྱུང་། བཞི་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ལ། གཞན་ལུགས་དགག་པ། རང་ལུགས་བཞག་པ། མཇུག་བསྡུ་གསུམ་ཡོད་པ་སྡེམ་ཏེ་འཆད་པ་ལ། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། །ཞེས་པ་ནས། འབྲས་བུ་ན་ཡང་ག་ལ་ངེས། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་རྒྱས་པར་བཤད་པ་ལ། སྒྲུབ་རྟགས་དང་། དགག་རྟགས་ཀྱི་འབྲེལ་བ་ངེས་བྱེད་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། མེ་ཡི་འབྲས་བུ་དུ་བ་སྟེ། ཞེས་པ་ནས། བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས། རང་དོན་རྗེས་སུ་དཔགས་པ་སྟེ་ལེའུ་དང་པོའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གཉིས་པ་ཐར་ལམ་གསལ་བྱེད་ཚད་མ་གྲུབ་པའི་ལེའུ་ལ། ཚད་མར་གྱུར་པ་བཤད་པ། དེའི་སྒྲུབ་བྱེད་རྒྱས་པར་བཤད་པ། ཚད་མས་བསྟོད་པའི་དགོས་པ་བཤད་པ་གསུམ། དང་པོ་ལ་ཚད་མ་བཤད་པ་དང་། གྱུར་པ་སྨོས་པའི་དགོས་པ་གཉིས། དང་པོ་ལ། མཚོན་བྱེད་ཚད་མ་དང་། དེས་མཚོན་པའི་ཚད་མ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་སྒྲ་ལས་བྱུང་བ་ཡང་། །མངོན་པར་འདོད་པ་སྟོན་ཕྱིར་རོ།། ཞེས་པ་ནས། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་གྱུར་བ་སྨོས་པའི་དགོས་པ་ལ། དངོས་དང་། རྩོད་སྤངས་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་བ་ཉིད་གསུངས་དེ་ཡི་ཕྱིར། །ཞེས་པ་ནས། གལ་ཏེ་རིང་མཐོང་ཚད་ཡིན་ན། ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས།། ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་དེའི་སྒྲུབ་བྱེད་རྒྱས་པར་བཤད་པ་ལ། ལུགསའབྱུང་གི་སྒོ་ནས་ཚད་མར་སྒྲུབ་པ་དང་། ལུགས་བཟློག་གི་སྒོ་ནས་ཚད་མར་སྒྲུབ་པ་གཉིས། དང་པོ་ལ་རྒྱུ་འབྲས་ཕུན་སུམ་ཚོགས་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །བློ་ནི་ལས་ལ་བརྟེན་པའི་ཕྱིར། །ཞེས་པ་ནས། ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང་།། གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལུགས་བཟློག་གི་སྒོ་ནས་ཚད་མར་སྒྲུབ་པ་ལ། འབྲས་བུ་ཕུན་ཚོགས་དང་། རྒྱུ་ཕུན་ཚོགས་ཀྱིས་ཚད་མར་སྒྲུབ་ཚུལ་མཇུག་བསྡུད་དང་བཅས་པ་སྡོམ་ཏེ་འཆད་པ་ལ། དེ་ཕྱིར་ཚད་ཡིན་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པ་ནས། དེ་གསུམ་པ་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ཚད་མས་བསྟོད་པའི་དགོས་པ་དེ་ཉིད་འཆད་པར་བྱེད་པ་ལ། དེ་ལྟའི་དངོས་སྟོན་བསྟོད་པ་ནི། །དེ་ཡི་བསྟན་པ་ཉིད་ལས་ནི།། ཞེས་པ་ནས། བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཚད་མ་རྣམ་འགྲེལ་ལས་ཚད་མ་གྲུབ་པ་ཞེས་བྱ་བ་སྟེ་ལེའུ་གཉིས་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གསུམ་པ་མངོན་གྱུར་གསལ་བྱེད་མངོན་སུམ་ལེའུ་བཤད་པ་ལ། ཚད་མའི་གྲངས་དང་སྤྱོད་ཡུལ་ལ་ལོག་རྟོག་བསལ་བ། མངོན་སུམ་རང་གི་ངོ་བོའི་ལོག་རྟོག་བསལ་བ། ཚད་མའི་འབྲས་བུའི་ལོག་རྟོག་བསལ་བ་དང་གསུམ། དང་པོ་ལ། གྲངས་དེས་སྒྲུབ་པ་དང་། རྩོད་པ་སྤངས་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་པ་ནས། གལ་ཏེ་དེ་རྟགས་ལ་ལྟོས་ཕྱིར། །རྟེན་མིན་མ་ཡིན་འཁྲུལ་ཕྱིར་རོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། མངོན་སུམ་ཡང་དག་དང་། ལྟར་སྣང་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་གྱིས་གྲུབ་བར་འགྱུར། །ཞེས་པ་ནས། བསླུ་བའི་ཕྱིར་རོ་དེ་དོན་དུ། །མངོན་སུམ་ལྟར་སྣང་གཉིས་སུ་བཤད། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ཚད་མའི་འབྲས་བུའི་ལོག་རྟོག་བསལ་པ་ལ། དངོས་དང་། རྣམ་བཞག་དེ་ཉིད་འཐད་པར་བསྟན་པ་གཉིས། དང་པོ་ལ། འབྲས་རྟོག་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། ཕྱི་རོལ་མེད་ཀྱང་རྣམ་བཞག་འཐད་པ་དང་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། བྱ་བར་སྒྲུབ་བར་བྱེད་ཅེས་ཏེ། །ལས་ཀུན་གྱི་ནི་སྒྲུབ་བྱེད་དག། ཞེས་པ་ནས། རུང་ཉིད་ཅེས་བྱ་ཚད་མ་དང་། །རང་རིག་ཅེས་ནི་རབ་ཏུ་བཤད། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། ཡུལརྣམས་ལས་ནི་བྱུང་བ་ཡི། །རྣམ་པར་ཤེས་པ་ཐམས་ཅད་དག །ཞེས་པ་ནས། གསལ་ན་འགྲོ་འདི་གསལ་བར་འགྲུར། །ཚད་མ་རྣམ་འགྲེལ་ལས་མངོན་སུམ་གྱི་ལེའུ་སྟེ་གསུམ་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གོང་གི་ས་བཅད་གཉིས་པ་དེ་གཞན་ལ་བསྐྱེད་པའི་ཐབས་ངག་གི་རང་བཞིན་བཤད་པ་ལ། བརྗོད་བྱེད་ངག་དང་། བརྗོད་བྱའི་དོན་བཤད་པ་གཉིས། དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །བདག་མཐོང་མིན་ཡང་གཞན་དག་གིས། །མཐོང་བ་སྒྲུབ་བྱེད་ཅེས་ཁ་ཅིག །དེ་སྤང་ཕྱིར་བདག་མཐོང་བའི་ཚིག །ཞེས་པའི་གཞུང་འདི་བྱུང་། གཉིས་པ་རྒྱས་པར་བཤད་པ་ལ། ཁས་བླངས་ཙམ་སྒྲུབ་བྱེད་དུ་མི་རུང་བ་དང་། རང་ལ་མཚུངས་པ་སྤངས་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། ཡོངས་བརྟགས་ཡོངས་སུ་ལེན་པའི་ཕྱིར། །རྗེས་སུ་དཔག་པའི་ཡུལ་ལ་ཚིག །ཞེས་པ་ནས། འདི་ལྟར་དེ་ནི་རིགས་པ་ཉིད། །མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་བརྗོད་བྱའི་དོན་ལ། ཤུགས་ཀྱི་བརྗོད་བྱ་སྒྲུབ་བྱ་དང་། དངོས་ཀྱི་བརྗོད་བྱ་གཏན་ཚིགས་བཤད་པ་གཉིས། དང་པོ་ལ། རང་ལུགས་བཞག་པ་དང་། གཞན་ལུགས་དགག་པ་གཉིས། དང་པོ་ལ། བསྒྲུབ་བྱའི་མཚན་ཉིད་དང་། དམ་བཅའ་ལྟར་སྣང་གི་དཔེ་དང་གཉིས་ཡོད་པ་བསྡོམ་ཏེ་འཆད་པ་ལ། སྒྲུབ་བརྗོད་རྟོགས་པའི་དོན་ཅན་ཉིད། །ཡིན་ཡང་རྨོངས་མེད་ཕྱིར་མཚན་ཉིད།། ཞེས་པ་ནས། ཇི་སྐད་བཤད་པའི་ཕྱོགས་ཀྱིས་ནི། །དཔེར་བརྗོད་གཞན་ཡང་རྟོགས་པར་བྱ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། བསྒྲུབ་བྱ་དགག་པ་དང་། རྟགས་དམ་བཅའ་དང་འགལ་བའི་དཔེ་དགག་པ་དང་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། བྱ་བ་དུས་གསུམ་ཡུལ་ཅན་ཕྱིར། །དེ་ལྟའི་བདག་མིན་གཞན་དག་ལ། །ཞེས་པ་ནས། ཆོས་ཐ་དད་ཕྱིར་ཁྱད་པར་ཡང་།། དམ་བཅའི་དོན་དུ་འཐད་མ་ཡིན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་དངོས་བསྟན་གཏན་ཚིགས་ལ། མདོར་བསྟན་པ་དང་། རྒྱས་བར་བཤད་པ་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། གཏན་ཆིགས་རབ་ཏུ་དབྱེ་བའི་དོན། །བདེན་པར་བཟུང་བ་གྲུབ་བྱའི་ཕྱིར། །ཞེས་པ་ནས། དེ་ཡི་ཁྱད་པར་ཅན་གྱི་ཆོས། །རྗེས་འགྲོ་མེད་པའི་སྐྱོན་རྟེན་མིན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་རྒྱས་པར་བཤད་པ་ལ་དགུར་བསྡུས་པའི་དགོས་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་དེ་ཉིད་འཆད་པར་བཤད་པ་ལ། རང་བཞིན་འབྲས་བུ་གྲུབ་དོན་དུ། །གཏན་ཚིགས་གཉིས་དང་བཟློག་པ་གཉིས། །ཚོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ། ཡང་དག་གཉིས་སྨོས་པའི་དགོས་པ་དང་། ཁྱད་པར་མཉན་བྱ་སྨོས་པའི་དགོས་པ་དང་། མི་དམིགས་པ་ལ་སོགས་སུ་མི་སྟོན་པའི་རྒྱུ་མཚན་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། རང་བཞིན་ཉིད་ལས་གཞན་གྱིས་ནི། །གོ་བྱ་ལ་ཁྱབ་ཡོད་མིན་ཏེ། །ཞེས་པ་ནས། འབྲས་བུའི་ལས་ལ་གེགས་བྱེད་པ།། མེད་པ་ཅན་གྱི་ཚོགས་པ་བཞིན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། རྩ་བའི་ས་བཅད་བཞི་པ་མཇུག་གི་དོན་ལ། གཞུང་རྟོགས་དཀའ་བར་བསྟན་པ། རྟོགས་ན་ཕན་ཡོན་ཆེ་བར་བསྟན་པ། གང་གིས་མཛད་པ་འགྱུར་བྱང་དང་བཅས་པ་གསུམ་ཡོད་བ་སྡོམ་ཏེ་འཆད་པ་ལ། བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། །ཞེས་པ་ནས། དེ་ལྟ་མོད་ཀྱི་བློ་མིག་རྣམ་དག་མཁས་པའི་པདྨོ་རྒྱས་བྱེད་ཡིན། །ཚད་མ་རྣམ་འགྲེལ་ལས། གཞན་གྱི་དོན་གྱི་ཚིག་ལེའུར་བྱས་པ་སྟེ་བཞི་པའོ། །ཞེས་པའི་གཞུང་འདི་བྱུང་། གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་གཞུང་ལུགསངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་པར་འཇུག་པ་སྙན་པའི་གྲགས་པའི་སའི་སྟེང་མ་ལུས་པར་ཁྱབ་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་བྷུ་ཏི་ཤྲཱི་ཤན་ཏི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་བསྒྱུར། ཡང་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་། ཞེས་པ་ནས། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་གཞུང་འདི་བྱུང་བ་ཡིན་ཞེས་ཁས་ལེན་པར་ཐལ། དེ་ལྟར་ཁས་ལེན་དགོས་པའི་ཕྱིར།

རྣམ་འགྲེལ་གཞུང་གི་ཚིག་དོན་རི་དྭགས་གཟུགས། །རྣམ་པར་བཀྲ་བའི་ས་བཅད་མཚན་མོའི་མགོན། །རྣམ་དཔྱོད་ཤར་རིའི་ཕྲག་ནས་ཐོན་པ་འདིས། །རྣམ་གྲོལ་ཀུནྡའི་དགའ་ཚལ་སྨིན་གྱུར་ཅིག།

བཞི་པ་དབུ་མའི་འཕྲོས་དང་ས་བཅད།

༈ བཞི་པ་དབུ་མའི་འཕྲོས་དང་ས་བཅད་ནི། དབུ་མ་འཇུག་པ་ལས། རྒྱ་གར་སྐད་དུ། མཱ་དྷྱ་མ་ཀ་ཨ་བ་ཏཱ་ར་ན་མ། བོད་སྐད་དུ། དབུ་མ་ལ་འཇུག་པ་ཞེས་བྱ་བ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་པ་ནས། ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་བར་གྱི་གཞུང་འདི་གང་ལས་འཕྲོས་ན། རྩ་བ་ཤེས་རབ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་པ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་གཞུང་འདི་ལས་འཕྲོས་པར་ཐལ། འཕྲོས་ཚུལ་གཞུང་འདིའི་སྐབས་སུ་མཐའ་བཞི་སྐྱེ་བ་མེད་པའི་དམ་བཅའ་མཛད་པ་ལ། འོ་ན་མཐའ་བཞི་སྐྱེ་བ་མེད་པ་སོགས་བདག་མེད་གཉིས་རིགས་པས་བསྒྲུབ་ཚུལ་སོ་སྐྱེས་སའི་ཆོས་གསུམ་དང་འཕགས་པ་སློབ་པའི་ས་བཅུ་སོགས་ཀྱིས་མ་ཚང་བ་ཁ་བསྐང་ཏེ་ཟབ་རྒྱས་གཉིས་ཚོགས་ཀྱི་སྒོ་ནས་རྩ་ཤེས་དགོངས་པ་རྒྱས་པར་འགྲེལ་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ལན་དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་འདིར་འཆད་པ་ལ་དྲངས་མ་ཐག་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། དེ་ལྟར་འཕྲོས་པ་ཡིན་ན་འཕྲོས་ཚུལ་ཅན་གྱི་གཞུང་འདི་ལྟར་བཀའ་བར་བ་མཚན་ཉིད་མེད་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་འབེབས་པའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་དེ་ཉིད་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་དང་བཞི། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྒྱ་གར་སྐད་དུ། ཞེས་བྱ་བ་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་། གསུམ་པ་གཞུང་གིདོན་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཐབས་མཆོད་པར་བརྗོད་པ། བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས། བསྟན་བཅོས་ཇི་ལྟར་བརྩམ་པའི་ཚུལ་དང་། དགེ་བ་བསྔོ་བ་དང་བཞི། དང་པོ་ལ། སྙིང་རྗེ་ཆེན་པོ་ལ་སོ་སོར་མ་ཕྱེ་བར་བསྟོད་པ་དང་། སོ་སོར་ཕྱེ་སྟེ་ཕྱག་འཚལ་བ་གཉིས། དང་པོ་ལ། སྙིང་རྗེ་བྱང་སེམས་ཀྱི་རྒྱུའི་གཙོ་བོར་བསྟན་པ་དང་། བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱི་ཡང་རྩ་བར་བསྟན་པ་གཉིས། དང་པོ་ལ། ཉན་རང་གཉིས་ཐུབ་དབང་ལས་སྐྱེས་ཚུལ། སངས་རྒྱས་རྣམས་བྱང་སེམས་ལས་འཁྲུངས་ཚུལ། བྱང་ཆུབ་སེམས་དཔའི་རྒྱུའི་གཙོ་བོ་གསུམ་བསྟན་པ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་སོ་སོར་ཕྱེ་སྟེ་ཕྱག་འཚལ་བ་ལ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་དང་། ཆོས་དང་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་དང་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་བར་མཐོང་བ་ཡི། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་བསྟན་བཅོས་ཀྱི་ལུས་དངོས་ལ། རྒྱུ་ཡི་ས་དང་། འབྲས་བུའི་ས་གཉིས། དང་པོ་ལ། ས་སོ་སོའི་རྣམ་བཞག་དང་། ས་བཅུའི་ཡོན་ཏན་བསྟན་པ་གཉིས། དང་པོ་ལ། རབ་དགའ་སོགས་ས་ལྔ་བཤད་པ། ས་དྲུག་པ་མངོན་དུ་གྱུར་བ་བཤད་པ། རིང་དུ་སོང་བ་སོགས་ས་བཞི་བཤད་པ་གསུམ། དང་པོ་ལ། ས་དང་པོ་རབ་ཏུ་དགའ་བ། ས་གཉིས་པ་དྲི་མ་མེད་པ། ས་གསུམ་པ་འོད་བྱེད་པ། ས་བཞི་པ་འོད་འཕྲོ་བ། ས་ལྔ་བ་སྦྱང་དཀའ་བ་བཤད་པ་དང་ལྔ། དང་པོ་ལ། ཁྱད་གཞི་སའི་ངོ་བོ་མདོར་བསྟན་པ། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་གསུམ། དང་པོ་དེ་ཉིད་འཆད་པརབཤད་པ་ལ། རྒྱལ་བའི་སྲས་པོ་འདི་ཡི་སེམས་གང་འགྲོ་བ་རྣམས། །རྣམ་པར་གྲོལ་བར་བྱ་ཕྱིར་སྙིང་རྗེའི་དབང་གྱུར་ཅིང་། །ཀུན་ཏུ་བཟང་པོའི་སྨོན་པས་རབ་བསྡོས་དགའ་བ་ལ། །རབ་ཏུ་གནས་པ་དེ་ནི་དང་པོ་ཞེས་བྱའོ། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ། རང་རྒྱུད་མཛེས་པར་བྱེད་པའི་ཡོན་ཏན། གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན། ས་དང་པོར་ལྷག་པའི་ཡོན་ཏན་བསྟན་པ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་ནས་བཟུང་སྟེ་དེ་ནི་ཐོབ་པར་གྱུར་བ་ཡིས། ཞེས་པ་ནས། འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བསྟན། ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་མཇུག་སྡུད་དེ་ཉིད་འཆད་པར་བྱེད་པ་ལ། དེ་ལྟར་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་གནས་ཤིང་། ཞེས་པ་ནས། དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་པ་དང་པོའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གཉིས་པ་ས་དྲི་མ་མེད་པ་ལ། ས་འདིར་ཚུལ་ཁྲིམས་ཡོངས་སུ་དག་པར་བསྟན་པ། ཚུལ་ཁྲིམས་ཀྱི་བསྔགས་པ། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་དང་མ་འདྲེས་པའི་དཔེ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་དབྱེ་བ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་ལྔ་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། །ཞེས་པ་ནས། འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན། །དབུ་མ་ལ་འཇུག་པ་ལས་སེམས་སྐྱེད་པ་གཉིས་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གསུམ་པ་ས་འོད་བྱེད་པ་ལ། ཁྱད་གཞི་སའི་ངེས་ཚིག ཁྱད་ཆོས་སའི་ཡོན་ཏན། ཕར་ཕྱིན་དང་པོ་གསུམ་གྱི་ཁྱད་ཆོས། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། ཤེས་བྱའི་བུད་ཤིང་མ་ལུས་བསྲེག་པའི་མེ། ཞེས་པ་ནས། ས་འདིར་ཤིན་ཏུ་རྣོ་བར་འགྱུར་ཀྱང་ཁྲོ་མི་འགྱུར། དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་པ་གསུམ་པའོ།། ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ བཞི་བ་ས་འོད་འཕྲོ་བ་ལ། བརྩོན་འགྲུས་ལྷག་པར་བསྟན་པ། སའི་ངེས་ཚིག་སྤངས་པའི་ཁྱད་པར་བསྟན་པ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། ཡོན་ཏན་མ་ལུས་བརྩོད་འགྲུས་རྗེས་འགྲོ་ཞིང་། །ཞེས་པ་ནས། རང་དུ་ལྟ་བ་དང་འབྲེལ་ཡོངས་སུ་ཟད། །དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་པ་བཞི་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ ལྔ་བ་སྦྱང་དཀའ་བའི་ས་ལ་སའི་ངེས་ཚིག་དང་། བདེན་པ་ལ་མཁས་པར་བསྟན་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། བདག་ཉིད་ཆེ་དེའི་བདུད་རྣམས་ཀུན་གྱིས་ཀྱང་། །སྦྱང་དཀའི་ས་ལ་ཕམ་པར་ནུས་མ་ཡིན། །བསམ་གཏན་ལྷག་ཅིངབློ་བཟང་བདེན་རང་བཞིན། །ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་འཐོབ། དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་ལྔ་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ས་དྲུག་པ་མངོན་དུ་གྱུར་པ་ལ། སའི་ངེས་ཚིག་དང་ཤེར་ཕྱིན་ལྷག་པར་བསྟན་པ། ཤེས་རབ་ཀྱི་ཕར་ཕྱིན་གྱི་བསྔགས་པ་བརྗོད་པ། ཟབ་མོ་རྟེན་འབྱུང་གཟིགས་པའི་དེ་ཁོ་ན་ཉིད་བཤད་པ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་བཞི། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། མངོན་དུ་ཕྱོགས་པར་མཉམ་བཞག་སེམས་གནས་ཏེ། །རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང་། །འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེས། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་པའི་གཞུངའདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཞེས་པའི་གཞུང་འདི་བྱུང་། གསུམ་པ་ལ། ཟབ་དོན་བཤད་པར་དམ་བཅའ་བ། ཟབ་དོན་བཤད་པའི་སྣོད་ངོས་བཟུང་བ། དེ་ལ་བཤད་ན་ཡོན་ཏན་འབྱུང་ཚུལ། སྣོད་ལྡན་ཉན་པར་བསྐུལཔ། རྟེན་འབྱུང་གི་དེ་ཉིད་ཇི་ལྟར་འཆད་པའི་ཚུལ་དང་ལྔ་ཡོད་པའི་དང་པོ་བཞི་སྡོམ་ཏེ་འཆད་པ་ལ། ཇི་ལྟར་དེ་ཡིས་ཆེས་ཟབ་ཆོས་རྟོགས་པ། ཞེས་པ་ནས། དེ་ནི་དོན་དུ་གཉེར་བས་ལམ་འདི་མཉན་བར་གྱིས། ཞེས་པའི་བར་གྱི་གཞུང་འདི་བྱུང་། ལྔ་བ་ལ། སྟོང་ཉིད་རིགས་པས་བསྒྲུབ་པ་དང་། སྟོང་ཉིད་ཀྱི་རབ་དབྱེ་བཤད་པ་གཉིས། དང་པོ་ལ་ཆོས་ཀྱི་བདག་མེད་རིགས་པས་སྒྲུབ་པ་དང་། གང་ཟག་གི་བདག་མེད་རིགས་པས་སྒྲུབ་པ་གཉིས། དང་པོ་ལ། མཐའ་བཞིའི་སྐྱེ་བ་བདེན་པ་གཉིས་ཀར་དགག་པ། དེ་ལྟར་བཀག་བ་ལ་རྩོད་པ་སྤོང་པ། རྟེན་འབྱུང་གི་སྐྱེ་བ་ཉིད་ཀྱི་མཐར་འཛིན་གྱི་ལོག་རྟོག་འགོག་ཚུལ། རིགས་པས་དཔྱད་བ་བྱས་པའི་འབྲས་བུ་ངོས་བཟུང་བ་དང་བཞི། དང་པོ་ལ། རང་བཞིན་གྱི་སྐྱེས་པ་མེད་པའི་དམ་བཅའ་བཞག་པ། དེ་རིགས་པས་སྒྲུབ་པའི་སྒྲུབ་བྱེད་བསྟན་པ། དེའི་གྲུབ་དོན་བཤད་པ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །ཞེས་པ་ནས། རྒྱུ་ལ་མ་ལྟོས་ཡོད་པ་མིན་པའི་དངོས་རྣམས་རང་བཞིན་བྲལ། ཞེས་བའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། དངོས་ཀྱི་དོན་དང་། བསྡུས་ཏེ་བསྟན་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། གང་གིས་སྤྲིན་ཚོགས་དང་མཚུངས་གཏི་མུག་སྟུག་པོའཇིག་རྟེན་ལ། །ཞེས་པ་ནས། མོ་གཤམ་བུ་དང་མཚུངས་པར་ཐལ་མི་འགྱུར། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་རྟེན་འབྱུང་གི་སྐྱེ་བ་ཉིད་ཀྱིས་མཐར་འཛིན་གྱི་ལོག་རྟོག་འགོག་ཚུལ་དེ་ཉིད་འཆད་པར་བྱེད་པ་ལ། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི །ཞེས་པ་ནས། བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །ཞེས་པའི་བར་གྱི་གཞུང་འདི་བྱུང་། བཞི་པ་རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངོས་བཟུང་བ་དེ་ཉིད་འཆད་པར་བྱེད་པ་ལ། སོ་སོ་སྐྱེ་བོ་རྣམས་ནི་རྟོགས་པས་བཅིངས། །ཞེས་པ་ནས། རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ། གང་ཟག་གི་བདག་མེད་རིགས་བས་སྒྲུབས་པ་ལ། ཐར་འདོད་རྣམས་ཀྱིས་ཐོག་མར་བདག་རང་བཞིན་གྱིས་གྲུབ་པ་ཉིད་དགག་དགོས་པར་བསྟན་པ། བདག་དང་བདག་གི་བ་རང་བཞིན་གྱི་གྲུབ་པ་འགོག་པའི་ཚུལ། བདག་དང་ཤིང་རྟའི་དཔྱད་པ་དངོས་པོ་གཞན་ལ་ཡང་བསྒྲེ་བར་བསྟན་པ་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། རྣལ་འབྱོར་བ་ཡིས་བདག་ནི་འགོག་པར་བྱེད། །ཞེས་པའི་གཞུང་འདིབྱུང་། གཉིས་པ་ལ། བདག་རང་བཞིན་གྱིས་གྲུབ་པ་དགག་པ་དང་། བདག་གི་བ་རང་བཞིན་གྱིས་གྲུབ་བ་དགག་པ་གཉིས། དང་པོ་ལ། གཞན་སྡེས་འདོད་པའི་བདག་དགག་པ། རང་སྡེས་འདོད་པའི་བདག་དགག་པ། དེ་གཉིས་ཀྱི་ལྷག་མའི་ཕྱོགས་དགག་པ། གང་ཟག་རྫས་ཡོད་དགག་བ། བདག་བཏགས་ཙམ་དུ་བཞག་པ་དཔེ་དང་བཅས་པ། དེ་ལྟར་བཞག་པ་ལ་མཐར་འཛིན་གྱི་རྟོག་པ་སྤོང་སླ་བའི་ཡོན་ཏན་བསྟན་པ་དང་དྲུག་ཡོད་པ་སྡོམ་ཏེ་འཆད་པ་ལ། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཞེས་པ་ནས། མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་བདག་གི་བ་རང་བཞིན་གྱིས་གྲུ་པ་འགོག་པ་དེ་ཉིད་འཆད་པར་བྱེད་པ་ལ། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་བར་ཡོད་མིན། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་ཞིང་། །རྣལ་འབྱོར་བ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་པའི་གཞུང་འདི་བྱུང་། གསུམ་པ་ལ་བུམ་སོགས་ལ་བསྒྲེ་བ། རྒྱུ་འབྲས་ལ་བསྒྲེ་བ། རྩོད་སྤངས་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། བུམ་པ་སྣ་བུ་རེ་སྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་། །ཞེས་པ་ནས། དེ་སྐད་སྔར་བཤད་ལྷག་མ་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་གྱི། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་སྟོང་ཉིད་ཀྱི་རབ་དབྱེ་ལ། བསྟན་བཤད་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཞེས་པ་ནས། དེ་དག་དེ་སྐད་རབ་ཏུ་བསྒྲགས། །ཞེས་པའི་བར་གྱི་གཞུང་འདི་བྱུང་། བཞི་བ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དེ་ཉིད་འཆད་པར་བྱེད་པ་ལ། དེ་ལྟར་བློ་གྲོས་ཟེར་གྱི་སྣང་བ་གསལ་བྱས་པས། །ཞེས་པ་ནས། རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཕ་རོལ་མཆོག་ཏུ་འགྲོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་དྲུག་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གསུམ་པ་རིང་དུ་སོང་བ་སོགས་བཤད་པ་ལ། ས་བདུན་པ་དང་། ས་བརྒྱད་པ་དང་། ས་དགུ་པ་དང་། ས་བཅུ་བ་བཤད་པ་དང་བཞི། དང་པོ་དེ་ཉིད་འཆད་པ་ལ། རིང་དུ་སོང་འདིར་འདི་ནི་སྐད་ཅིག་དང་། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཐབས་ཀྱི་ཕ་རོལ་ཕྱིན་ལེགས་འབར་བའང་འཐོབ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བདུན་པའོ། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ། སྨོན་ལམ་ལྷག་ཅིང་འགོག་པ་ལས་སློང་ཚུལ། ཉོན་མོངས་ཟད་པར་བསྟན་པ། དབང་བཅུ་ཐོབ་པར་བསྟན་པ་དང་གསུམཡོད་པ་སྡོམ་ཏེ་འཆད་པ་ལ། ཡང་ཡང་སྔར་དགེ་ལས་ལྷག་ཐོབ་བྱའི་ཕྱིར། །ཞེས་པ་ནས། དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བརྒྱད་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། དགུ་བ་ལ་ནི་དེའི་སྟོབས་ལྟ་ཞིག་མཐའ་དག་རྫོགས་པར་དག་འགྱུར་ཞིང་། །དེ་བཞིན་ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་འཐོབ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་དགུ་བའོ། །ཞེས་པའི་གཞུང་འདི་བྱུང་། བཞི་པ་དེ་ཉིད་འཆད་པར་བྱེད་པ་ལ། བཅུ་བའི་ས་ལ་དེ་ཡིས་ཀུན་ནས་སངས་རྒྱས་རྣམས་ལས་དབང་བསྐུར་བ། །དམ་པ་འཐོབ་ཅིང་ཡི་ཤེས་ལྷག་པར་མཆོག་ཏུ་བྱུང་བར་གྱུར་པའང་ཡིན། །ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །དགེ་བའི་ལོ་ཏོག་ཆེད་དུ་རྒྱལ་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབབ།། དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བཅུ་བའོ། །ཞེས་པའི་གཞུང་འདི་བྱུང་།

༈ གཉིས་པ། ས་བཅུའི་ཡོན་ཏན་བསྟན་པ་ལ། ས་དང་པོ་དང་། ས་གཉིས་པ་ནས་བདུན་པའི་བར་དང་། དག་ས་གསུམ་གྱི་ཡོན་ཏན་བཤད་པ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང་། །ཞེས་པ་ནས། སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ། འབྲས་བུའི་ས་ལ། དང་པོ་སངས་རྒྱས་པའི་ཚུལ། སྐུ་དང་ཡོན་ཏན་གྱི་རྣམ་བཞག སྤྲུལ་བའི་སྐུ་བསྟན་པ། ཐེག་པ་གཅིག་ཏུ་བསྒྲུབ་པ། མངོན་པར་བྱང་ཆུབ་པ་དང་བཞུགས་པའི་ཁྱད་པར་བཤད་པ་ལྔ། དང་པོ་ལ་དངོས་དང་། རྩོད་སྤངས་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་འགྱུར་བའི་ཕྱིར། ཞེས་པ་ནས། ཁྱད་པར་གྱིས་འཕངས་ལས་ཆེས་བསམ་མི་ཁྱབ། ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། སྐུའི་རྣམ་བཞག་དང་། སྟོབས་བཅུའི་རྣམ་བཞག་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། ཞེས་པ་ནས། ཡོན་ཏན་འདི་དག་ཐོབ་བར་འགྱུར། ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། སླར་ཡང་མི་གཡོ་སྐུ་མངའ་ཁྱོད་ཀྱི་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །གཤེགས་པ་དང་ནི་བལྟམ་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད། །དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་ནི། །མང་བོས་བཅིངས་པ་མ་ལུས་ཐུགས་རྗེ་མྱ་ངན་འདས་པར་བཀྲི་བར་མཛད། ཞེས་པའིགཞུང་འདི་བྱུང་། བཞི་བ་དེ་ཉིད་འཆད་པར་བྱེད་པ་ལ། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། ཞེས་པ་ནས། སྦྱར་ཞིང་རྣམ་པར་དབེན་ལའང་བློ་སྤྱོངས་རྣམས་ལ་ལོགས་སུ་གསུངས། ཞེས་པའི་བར་གྱི་གཞུང་འདི་འབྱུང་། ལྔ་བ་དེ་ཉིད་འཆད་པར་བྱེད་པ་ལ། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་སངས་རྒྱས་ཡུལ་དག་ན། ཞེས་པ་ནས། བཅོམ་ལྡན་ཐུགས་རྗེས་ཁྱོད་ཐུགས་ཞི་ལས་བཟློག་པས་ཁྱོད་ལ་མྱ་ངན་འདས་མི་མངའ། ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ཇི་ལྟར་བརྩམས་པའི་ཚུལ་དེ་ཉིད་འཆད་པར་བྱེད་པ་ལ། ལུགས་འདི་དགེ་སློང་ཟླ་གྲགས་ཀྱི། ཞེས་པ་ནས། གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་དགའ་བློ་དོར་བར་བྱ། ཞེས་པའི་བར་གྱི་གཞུང་འདི་བྱུང་། བཞི་བ་དགེ་བ་བསྔོ་བ་དེ་ཉིད་འཆད་པར་བྱེད་པ་ལ། སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གི་བསོད་ནམས་ཕྱོགས་ཀྱི་མཐར། ཁྱད་ཅིང་ཡིད་མཁའ་ཉོན་མོངས་ཀྱིས་སྡོར་སྟོན་གའི་རྒྱུ་སྐར་ལྟར་དཀར་བའམ། །སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་གང་ཞིག་ཐོབ་པ་དེས། །འཇིག་རྟེན་མ་ལུས་དེ་ཉིད་རྟོགས་ནས་མྱུར་དུ་བདེ་གཤེགས་སར་བགྲོད་ཤོག །ཞེས་པའིགཞུང་འདི་བྱུང་། བཞི་པ་མཇུག་གི་དོན་ལ་སློབ་དཔོན་གང་གིས་མཛད་པ་དང་། ལོ་པཎ་གང་གིས་བསྒྱུར་བ་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། དབུ་མ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོགས་སོ། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས། ཞེས་པ་ནས། ལོ་ཙཱ་བ་དེ་ཉིད་ཀྱི་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་བ་ཡིན་ཞེས་ཁས་ལེན་པར་ཐལ། དེ་ལྟར་ཁས་ལེན་དགོས་པའི་ཕྱིར།

འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་བཞིན། །འཇུག་པའི་ས་བཅད་མདོར་བསྡུས་འདི་སྦྱར་བས། །འཇུག་ངོགས་དམ་པ་དབུ་མའི་ཚིག་དོན་ལ། །འཇུག་པའི་རྣམ་དཔྱོད་ཟླ་དང་བྲལ་བར་ཤོག།

ལྔ་པ་ཕར་ཕྱིན་གྱི་འཕྲོས་དང་ས་བཅད།

༈ ལྔ་བ་ཕར་ཕྱིན་གྱི་འཕྲོས་དང་ས་བཅད་ནི། འགྲེལ་བ་དོན་གསལ་ལས། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ན་མ་པྲ་ཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཤཱསྟ་བྲིརྟི། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་བ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ཤེས་རབ་ཕ་རོལ་ཕྱིན་པ་ལ། ཞེས་པ་ནས། ལོ་ཙཱ་པ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པའོ། །ཞེས་པའི་བར་གྱི་གཞུང་འདི་གང་ལས་འཕྲོས་ན། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། འགྲོ་ལ་ཕན་པར་བྱེད་རྣམས་ལས་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་ལས་འཕྲོས་པར་ཐལ། འཕྲོས་ཚུལ་གཞུང་འདིའི་སྐབས་སུ་མཁྱེན་གསུམ་གྱིས་རང་སྲས་འཕགས་བཞིའི་བཞེད་དོན་སྒྲུབ་ཚུལ་གསུངས་བ་ལ། འོ་ན་མཁྱེན་གསུམ་སྒྲུབ་བྱེད་ཀྱི་སྦྱོར་བ་བཞི་གྲུབ་འབྲས་ཆོས་སྐུ་དང་བཅས་པ་རྒྱས་པར་འཆད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ལན་རྒྱལ་སྲས་སེངྒེ་བཟང་པོས་འཆད་པ་ལ་དྲངས་མ་ཐག་པའིགཞུང་འདི་བྱུང་བ་ཡིན་པའི་ཕྱིར། དེ་ལྟར་འཕྲོས་པ་ཡིན་ན་འཕྲོས་ཚུལ་ཅན་གྱི་གཞུང་འདི་ཉིད་གཞིར་བྱས་ཏེ། ཡུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མི་ཕམ་མགོན་པའི་མན་ངག་བཞིན་དུ་རྒྱས་པར་འཆད་པའི་འགྲེལ་བ་དོན་གསལ་དེ་ཉིད་འཆད་པ་ལ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་དང་གསུམ། དང་པོ་ལ་དངོས་དང་ཞར་བྱུང་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ན་མ་པྲ་ཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཤཱསྟ་བྲི་རྟི། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་བ་ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ། བམ་གྲངས་དང་། འགྱུར་ཕྱག་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་གཞུང་གི་དོན་ལ། བཤད་པ་ལ་འཇུག་པ་དང་། བཤད་པ་ཉིད་འགོད་པ་དང་། བཤད་པ་མཐར་ཕྱིན་པའི་ཚུལ་དང་གསུམ། དང་པོ་ལ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། འགྲེལ་བ་རྩོམ་རིགས་པར་བསྒྲུབ་པ་དང་ཁེངས་སྐྱུང་ཞིང་སྤྲོ་བ་སྐྱེ་བའི་རྒྱུ་མཚན་གསུམ། དང་པོ་དེ་ཉིདའཆད་པར་བྱེད་པ་ལ། ཤེས་རབ་ཕ་རོལ་ཕྱིན་པ་ལ། དེའི་རྒྱན་ཚིག་ལེའུར་བྱས་པ་དག ཀུན་གྱི་རྒྱན་དུ་འགྱུར་བ་ནི། རྣམ་པར་དབྱེ་ཕྱིར་གུས་ཕྱག་འཚལ། ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ། ཕྱིའི་རྐྱེན་དགེ་བའི་བཤེན་གཉེན་གྱི་མན་ངག་དང་ལྡན་ཚུལ། ནང་གི་རྐྱེན་བསྟན་བཅོས་ཀྱི་དོན་རྟོགས་པའི་ཤེས་རབ་དང་ལྡན་ཚུལ། དེས་ན་འགྲེལ་བ་རྩོམ་རིགས་པ་དང་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། །འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །འཕགས་པ་ཐོགས་མེད་སྐྱོབས་ཉིད་ཀྱིས། །ཞེས་པ་ནས། སངས་རྒྱས་དབང་གི་རྙེད་པ་ནི། །མཁས་པ་རྣམས་ཀྱིས་དབྱེ་བའི་རིགས།། ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། རྣམ་པ་ཀུན་ཏུ་བདག་གི་ནི། སྤྱོད་ཡུལ་མིན་ཡང་བསོད་ནམས་དག བསྒྲུབ་དང་མཐུན་ཕྱིར་རང་གཞན་ལ། ཕན་བཏགས་འདོད་པས་སྦྲོ་བ་སྐྱེས། ཞེས་པའི་གཞུང་འདི་བྱུང་། གཉིས་པ་བཤད་པ་ཉིད་འགོད་པ་ལ། མཆོད་བརྗོད་དང་། རྒྱས་པ་ལ་དད་པའི་གང་ཟག་ལ་ཕྱེ་སྟེ་བཤད་པ་དང་། བསྡུས་དོན་གཞན་བཤད་པ་གསུམ། དང་པོ་ལ། མཚམས་སྦྱར་རྩ་བ་འགྲེལ་བ་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། འཕགས་པ་བྱམས་པ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པ། ཞེས་པ་ནས། །སྒྲུབ་པར་བྱེད་པ་ཉིད་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་རྒྱས་པ་ལ་དད་པའི་གང་ཟག་ལ་ཕྱེ་སྟེ་བཤད་པ་ལ། བསྟན་བཅོས་ཀྱི་དགོས་དོན་དང་། བསྡུས་དོན་དང་། ཚིག་དོན་བཤད་པ་གསུམ། དང་པོ་ལ། བསྟན་བཅོས་རྩོམ་པ་དགོས་མེད་ཀྱི་དོགས་པ་སྤངས་ནས་བརྗོད་བྱ་མཁྱེན་གསུམ་སྦྱིའི་རྣམ་བཞག་དང་། མདོ་དང་ཟློས་སྐྱོན་སྤངས་ནས་དགོས་པ་ཡོད་པར་སྒྲུབ་པ་གཉིས་པོད་པ་སྡོམ་ཏེ་འཆད་པ་ལ། དེ་ལྟར་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་འགྲོ་བའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་པ་ནས། གདུལ་བྱ་རྣམས་ཀྱི་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི་བསྟན་བཅོས་རྩོམ་པའི་དགོས་པ་ཡིན་ནོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་བསྡུས་དོན་ལ། མཚམས་སྦྱར་བ། ངག་ཉེ་བར་འགོད་པ་བསྡུས་ཏེ་བཤད་པ་དང་། རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་ལྟར་འབྲེལ་བ་ལ་སོགས་པ་བསྙད་ནས་ཞེས་པ་ནས། ཟློས་པའི་ཉེས་པར་འགྱུར་དུ་དོགས་ནས་རྣམ་བར་མ་བཀྲོལ་ལོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ཚིག་དོན་ལ། མཁྱེན་གསུམ་རྒྱས་བར་བཤད་པ། སྦྱོར་བཞི་རྒྱས་པར་བཤད་པ། ཆོས་སྐུ་རྒྱས་པར་བཤད་པ་གསུམ། དང་པོ་ལ་དོན་དུ་གཉེར་བྱ་རྣམ་མཁྱེན་དང་། དེར་བགྲོད་པའི་ཐབས་ལམ་ཤེས་དང་། ལམ་ཤེས་རྣམ་པར་དག་བྱེད་ཀྱི་ཡན་ལག་གཞི་ཤེས་བཤད་པ་གསུམ། དང་པོ་མཚམས་སྦྱར་བ། ཆོས་བཅུ་རྒྱས་པར་བཤད་པ། སྐབས་བསྡུ་བ་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས། ཞེས་པ་ནས། ཚིག་ལེའུར་བྱས་པ་རྣམ་པར་བཤད་པའི་སྒོ་ནས་བཤད་པར་བཞེད་དེ། ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། རྣམ་མཁྱེན་ཐོབ་པའི་ཆེད་དུ་དམ་བཅས་པའི་བསམ་པ་དམ་བཅའ་བཤད་པ། དམ་བཅའི་དོན་བསྒྲུབ་པའི་ཐབས་སྟོན་པའི་གདམས་ངག་བཤད་པ། གདམས་དོན་ཇི་ལྟར་བསྒྲུབ་པའི་བསྒྲུབ་བ་བཤད་པ་གསུམ། དང་པོ་ལ། དེའི་མཚན་ཉིད་དམིགས་པ་དང་བཅས་པ་བཤད་པ། འཕྲོས་དོན་དབྱེ་བ་བཤད་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། སེམས་བསྐྱེད་པ་རང་གི་ངོ་བོ་དམིགས་པ་དང་བཅས་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་བྱུང་ཆུབ་འདོད། ཞེས་པ་ནས། ལས་དང་པོ་བའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་བསྡུས་པ་ཡིན་ནོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ་དངོས་དང་། གདམས་ངག་གི་དོན་བསྒོམསཔས་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་སྐྱེས་པའི་ཐོག་མ་བཤད་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། དབྱེ་བ་ཞར་ལ་བརྗོད་ནས་ཞེས་པ་ནས། དགེ་བའི་བཤེས་གཉེན་ཡིན་པས་ཡོངས་སུ་འཛིན་པ་ཡིན་ནོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་གདམས་དོན་ཇི་ལྟར་བསྒྲུབ་པའི་བསྒྲུབ་པ་བཤད་པ་ལ། སྒྲུབ་པའི་རྟེན་དང་། དམིགས་པ་དང་། ཆེད་དུ་བྱ་བ་དང་། སྒྲུབ་པའི་ངོ་བོ་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། སྒྲུབ་པ་དང་ལྡན་པ་ལ་ངེས་པར་བྱེད་པའི་ཆ་དང་མཐུན་པ་ཇི་སྐད་བཤད་པ་དང་། ཞེས་པ་ནས། ངེས་པར་འབྱུང་བའི་སྒྲུབ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་སྐབས་བསྡུ་བ་དེ་ཉིད་འཆད་པར་བྱེད་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ཆོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་དང་པོའི་འགྲེལ་བའོ། །ཞེས་པའི་གཞུང་འདི་བྱུང་།

༈ གཉིས་པ་ལམ་ཤེས་ལ་འབྲེལ་བཀོད་པས་མཚམས་སྦྱར་བ། ཆོས་བཅུ་གཅིག་གིས་ལམ་ཤེས་མཚོན་ཏེ་བསྟན་པ། སྐབས་བསྡུ་བ་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མེད་པས་ལམཤེས་པ་ཉིད་ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ་ལམ་ཤེས་ཀྱི་ཡནལག་དང་། ལམ་ཤེས་ཀྱི་རང་བཞིན་གཉིས་ཡོད་པ་སྐབས་བསྡུ་བ་དང་བཅས་པ་སྡོམ་ཏེ་འཆད་པ་ལ། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང་། །ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ཆོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་གཉིས་པའི་འགྲོལ་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་ལམ་ཤེས་རྣམ་པར་དག་བྱེད་ཀྱི་གཞི་ཤེས་ལ། མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བ་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད་ཅེས་པའི་གཞུང་འདི་བྱུང་། གཉིས་པ་ལ། གཞི་ཤེས་ཀྱི་རང་བཞིན་དང་། མཁྱེན་གསུམ་གྱི་མཇུག་བསྡུ་གཉིས་ཡོད་པ་སྐབས་བསྡུ་དང་བཅས་པ་སྡོམ་ཏེ་འཆད་པ་ལ། ཚུར་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ཆོས་མངོན་པར་རྟོགསཔའི་རྒྱན་ཞེས་བྱ་བ་ལས་སྐབས་གསུམ་པའི་འགྲལ་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གཉིས་པ་སྦྱོར་གཞི་རྒྱས་པར་བཤད་པ་ལ། དབང་དུ་བྱེད་པ་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་གཉིས། དང་པོ་ལ། དབང་དུ་བྱེད་པའི་རྒྱུ་རྣམ་རྫོགས་སྦྱོར་བ་དང་། འབྲས་བུ་རྩེ་སྦྱོར་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་པ་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། ཞེས་པ་ནས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། རྣམ་རྫོགས་སྦྱོར་བ་སྤྱིའི་རྣམ་བཞག་དང་། ཐར་བ་ཆ་མཐུན་ནས་རྒྱུད་ལ་སྐྱེ་རིམ་བཤད་པ་གཉིས། དང་པོ་ལ། རྣམ་རྫོགས་སྦྱོར་བའི་ངོ་བོ་དང་། སྦྱོར་བ་བསྒོམ་པའི་སྐྱོན་ཡོན་དང་། སྦྱོར་བའི་མཚན་ཉིད་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། གཞེ་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། ཞེས་པ་ནས། སྤྱིར་གཅིག་ཏུ་བསྡོམས་ན་ནི་མཚན་ཉིད་དགུ་བཅུ་རྩ་གཅིག་ཏུ་འགྱུར་རོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ཐར་པ་ཆ་མཐུན་ནས་སྐྱེ་རིམ་ལ་གྲངས་མེད་གསུམ་གྱི་ཐོག་མ་བཤད་བའི་སྒོ་ནས་རྒྱན་གྱི་གདུལ་བྱ་ངོས་བཟུང་བ། སྨིན་བྱེད་ལམ་གྱི་རིམ་པ་དང་། མངོན་རྟོགས་ཁྱད་པར་ཅན་སྐྱེ་རིམ་བཤད་པ་གསུམ་ཡོད་པ་སྐབས་བསྡུ་དང་བཅས་པ་སྡོམ་ཏེ་འཆད་པ་ལ། ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ཁོ་ན་ལ། ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ཆོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་བཞི་བའི་འགྲེལ་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གཉིས་པ་འབྲས་བུ་རྩེ་སྦྱོར་ལ། མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བ་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ལ། ཞེས་པ་ནས། རྩེ་མོའི་མངོན་པར་རྟོགས་པ། ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་སྦྱོར་བཞི་ཡོད་པ་སྐབས་བསྡུ་དང་བཅས་པ་སྡོམ་ཏེ་འཆད་པ་ལ། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པབཅུ་གཉིས་དག་ཏུ་བཞེད། ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ཆོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་ལྔ་བའི་འགྲེལ་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་བརྟན་པ་རྒྱུ་འབྲས་ལ། བརྟན་པ་ཐོབ་དོན་དུ་སྒོམ་པ་མཐར་གྱི་སྦྱོར་བ་དང་། བརྟན་པ་ཐོབ་པ་སྐད་ཅིག་མའི་སྦྱོར་བ་གཉིས། དང་པོ་ལ་མཚམས་སྦྱར་བ། ལེའུའི་གཞུང་བྱེད་པ། སྐབས་བསྡུ་བ་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་སོ་སོ་བ་དང་། ཞེས་པ་ནས། མཐར་གྱིས་པའི་མངོན་པར་རྟོགས་པ་ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ་རྩ་འགྲེལ་གཉིས་ཡོད་པ་སྐབས་བསྡུ་དང་བཅས་པ་སྡོམ་ཏེ་འཆད་པ་ལ། སྦྱིན་པ་ཤེས་རབ་བར་དག་དང་། ཞེས་པ་ནས། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ཆོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་དྲུག་པའི་འགྲེལ་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་སྐད་ཅིག་སྦྱོར་ལ། མཚམས་སྦྱོར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བ་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། མཐར་གྱིས་པའི་མངོནཔར་རྟོགས་པ་རྣམ་པར་བསྒོམས་པ་ནི། ཞེས་པ་ནས། དེ་ཡང་མཚན་ཉིད་ཀྱི་རྣམ་པ་བཞི་ཡོད་པས་ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་ལ། རྣམ་པར་སྨིན་པ་མ་ཡིན་པ་དང་། རྣམ་པར་སྨིན་པ་དང་། མཚན་ཉིད་མེད་པ་དང་། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་བཞི་ཡོད་པ་སྐབས་བསྡུ་དང་བཅས་པ་སྡོམ་ཏེ་འཆད་པ་ལ། དང་པོ་རྣམ་པར་སྨིན་པ་མ་ཡིན་པ། ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ཆོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་བདུན་པའི་འགྲེལ་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

༈ གསུམ་པ་ཆོས་སྐུ་རྒྱས་པར་འཆད་པ་ལ། མཚམས་སྦྱོར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བ་གསུམ། དང་པོ་དེ་ཉིད་འཆད་པར་བཤད་པ་ལ། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ། ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པའི་ཞེས་པའི་གཞུང་འདི་བྱུང་། གཉིས་པ་ལ། སྐུའི་རྣམ་བཞག་དང་། མཛད་པ་འཕྲིན་ལས་བཤད་པ་གཉིས། དང་པོ་ལ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངསསྐུ། མཆོག་གི་སྤྲུལ་སྐུ་བཤད་པ་བཞི་ཡོད་པ་སྡོམ་ཏེ་འཆད་པ་ལ། དང་པོ་ངོ་བོ་ཉིད་སྐུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་པ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་བའི་སྐུ་རྒྱུན་མི་འཆད་པ་ཡིན་ནོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་མཛད་པ་འཕྲིན་ལས་ལ། དངོས་ཀྱི་དོན་དང་། ཚིག་དོན་གཞན་གྱི་གོ་རིམ་ཀྱང་དོན་བདུན་ཅུའི་དང་པོ་དང་ཐ་མ་ལ་རྟེན་ནས་རིག་པར་བྱ་བ་གཉིས། དང་པོ་ལ། མཚམས་སྦྱར་རྩ་འགྲེལ་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་བསྒོམས་པའི་སྟོབས་ལས་བྱུང་བ། ཞེས་པ་ནས། འཕྲིན་ལས་ཉི་ཤུ་རྩ་བདུན་ཡང་འཁོར་བ་ཇི་སྲིད་བར་བཞེད་པས་མཛད་པ་ཡིན་ནོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་སྐབས་བསྡུ་དང་བཅས་སྡོམ་ཏེ་འཆད་པ་ལ། སེམས་བསྐྱེད་པ་དང་པོ་དང་ཐ་མ་ལས་བསྟན་པའི་གོ་རིམ། ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ཆོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་བརྒྱད་པའི་འགྲེལ་བའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་བསྡུས་དོན་གཞན་བསྟན་པ་ལ། དོན་དྲུག་ཏུ་བསྡུ་བ་དང་། དོན་གསུམ་དུབསྡུ་བ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། རྒྱས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་བར་དེ་ལྟར་དོན་བརྒྱད་ཀྱི་སྒོ་ནས་རྣམ་པར་བཤད་ནས། ཞེས་པ་ནས། དེ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་།

གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ། བཤད་བྱ་འཆད་བྱེད་ཀྱི་ཁྱད་པར་དང་། བརྩམས་བའི་དགེ་བ་བསྔོ་བ། ཁེངས་སྐྱུང་ཞིང་འགྲེལ་བ་རྩོམ་པར་སྤྲོ་བའི་རྒྱུ་མཚན་གསུམ། དང་པོ་ལ་བཤད་བྱའི་ཁྱད་པར་དང་། གང་ལ་བརྟེན་ནས་ཚུལ་ཇི་ལྟར་བཤད་པ་གཉིས་ཡོད་པ་སྡོམ་ཏེ་འཆད་པ་ལ། ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་ཏེ། །ཞེས་པ་ནས། ཚིག་ལེའུར་བྱས་པའི་འགྲེལ་གསལ་པ། །འདི་ནི་སེང་གེ་བཟང་བོས་བྱས། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། དེ་བསྡེབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གི་གང་ཐོབ་པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ནི། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཞེས་པའི་གཞུང་འདི་བྱུང་། གསུམ་པ་ལ། ཁེངས་སྐྱུང་བ། ནོངས་པ་བཟོད་པར་གསོལ་བ། འགྲེལ་བ་རྩོམ་པར་སྤྲོ་བའི་རྒྱུ་མཚན་གསུམ་ཡོད་པ་སྡོམ་ཏེ་འཆད་པ་ལ། ཤེས་རབ་མི་གསལ་བསྟན་བཅོས་ཀུན། །ཕྱི་རོལ་གྱུར་བདག་གང་ན་ཞིག། ཞེས་པ་ནས། ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། རིང་མོ་ཞིག་ནས་མཐོང་བ་ཡིན། ཞེས་པའི་བར་གྱི་གཞུང་འདི་བྱུང་། གསུམ་པ་མཇུག་གི་དོན་ལ་བསྟན་བཅོས་མཛད་པ་པོ་དང་། གང་གིས་བསྒྱུར་བའི་ཚུལ་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་བ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་རྫོགས་སོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། རྒྱ་གར་གྱི་མཁན་པོ་བི་གྱ་ ་ཀ་ར་པྲ་བྷ་དང་། ཞེས་པ་ནས། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་བ་ཡིན་ཞེས་ཁས་ལེན་པར་ཐལ། དེ་ལྟར་ཁས་ལེན་དགོས་པའི་ཕྱིར། ཕ་རོལ་ཕྱིན་གཞུང་ས་བཅད་གྲུ་འདིས་བདག། ཕ་མ་རིགས་དྲུག་ལུས་ཅན་དོན་མཐུན་ཚོགས། །ཕ་མཐའ་མི་ངོམས་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་འདྲེན་པའི་དེད་དཔོན་ཉིད་གྱུར་ཅིག །བྱང་ཕྱོགས་ཁ་སྒང་ཨོ་བསྭོ་ཞེས། །དཔལ་ལྡན་བཀྲ་ཤིས་ཆོས་རྫོང་དུ། །གཙུག་ལག་ཆོས་སྤྱིན་མི་ཟད་པའི། །ལེགས་བྱས་སྒོ་བརྒྱ་ཡངས་པོར་ཕྱེ།།

                            རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn  


བརྒྱུད་འགོད།