སྒྲོལ་བསྟོད་མཁས་པའི་གཙུག་རྒྱན་གྱི་རྣམ་བཤད་མཁས་པའི་གཙུག་ནོར་གྱི་ཕྲ་རྒྱན་ཅེས་བྱ་བ་བཞུགས་སོ། །
༄༅།།བླ་མ་དང་འཕགས་མ་སྒྲོལ་མ་གཉིས་སུ་མེད་པའི་ཞབས་ལ་ཕྱག་འཚལ་ལོ།།ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ།འདིར་ལེགས་བྲིས་མར་གྲགས་པ་རྗེ་བཙུན་སྒྲོལ་མའི་བསྟོད་པ་མཁས་པའི་གཙུག་རྒྱན་ཅེས་བྱ་བ་བཤད་པར་བྱ་བ་ལ་གསུམ།བསྟོད་པའི་སྔོན་འགྲོ།དངོས་གཞི།མཇུག་གི་དོན་གསུམ་མོ།།དང་པོ་ནི།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།།ཞེས་པ་དེ་ཡིན་ནོ།།གཉིས་པ་ལ།བསྟོད་པ་དངོས་དང་།འདོད་དོན་ལ་གསོལ་བ་གདབ་པ་གཉིས།དང་པོ་ལ།
ལེགས་བྲིས་དཔལ་གྱི་བདག་པོ་གསེར་གྱི་མངལ།།
ལྷ་ཡི་བླ་མ་གླང་གདོང་དཔལ་གྱི་མགྲིན།།
པད་མོའི་གཉེན་སོགས་ལྷ་བརྒྱའི་གཙུག་རྒྱན་གྱིས།།
ཞབས་པད་གུས་མཆོད་སྒྲོལ་མའི་ཞབས་ལ་འདུད།།
ཅེས་པ་ནི།འཇིག་རྟེན་ན་བླ་མར་གྲགས་པའི་མཐུ་བོ་ཆེ་རྣམས་ཀྱིས་མཆོད་ན་བདག་ཅག་ལྟ་ཅི་སྨོས་ཞེས་པའི་བརྡ་ཡིན་པས།དེ་ཡང་འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་ལུས་ལ་བཀྲ་ཤིས་པའི་རི་མོ་ཡོད་པས་ན་ལེགས་བྲིས་ཞེས་པ་ལྷ་དེ་དག་གི་སྤྱི་མིང་ཡིན་ཞིང་།བྱེ་བྲག་ཏུ་དཔལ་གྱི་བདག་པོ་ནི་ཁྱབ་འཇུག་དང་།གསེར་མངལ་ནི་ཚངས་པ་དང་།ལྷ་ཡི་བླ་མ་ནི་ཕུར་བུ་དང་།གླང་གདོང་ནི་ཚོགས་བདག་དང་།དཔལ་གྱི་མགྲིན་ནི་དབང་ཕྱུག་དང་།པད་མོའི་གཉེན་ནི་ཉི་མ་སྟེ་དེ་དག་ལ་སོགས་པའི་ལྷ་བརྒྱ་ཕྲག་མང་པོས་རང་གི་སྤྱི་བོའི་གཙུག་རྒྱན་གྱི་ནོར་བུ་རིན་པོ་ཆེས་གང་གི་ཞབས་ཀྱི་པད་མོ་ལ་གུས་པས་མཆོད་པར་བྱེད་པའི་རྗེ་བཙུན་སྒྲོལ་མའི་ཞབས་ལ་འདུད་ཅེས་པའོ།།
ཡང་།ཐུགས་རྗེ་ཆེན་པོའི་ཐུགས་རྗེའི་རྣམ་འཕྲུལ་གྱིས།།དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པ་རྣམས།།རབ་མཛེས་འཕྲིན་ལས་ལྷ་མོའི་སྐུར་བསྟན་ནས།།ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད།།
ཅེས་པ་ནི།ཐུགས་རྗེ་ཆེན་པོ་སྟེ་སྤྱན་རས་གཟིགས་དེའི་ཐུགས་རྗེའི་རྣམ་འཕྲུལ་གྱིས་དུས་གསུམ་རྒྱལ་བ་མ་ལུས་པའི་མཁྱེན་བརྩེ་ནུས་པ་རྣམས་རབ་ཏུ་མཛེས་པའི་ལྷ་མོའི་སྐུར་བསྟན་ནས།བདག་ཅག་ཕོངས་པ་ཀུན་ལས་སྐྱོབ་པའི་སྒྲོལ་མའི་ཞབས་ལ་འདུད་ཅེས་པའོ།།
དེ་ནས།དབྱིངས་རིག་རྣམ་དག་པད་ཟླའི་གདན་སྟེང་ན།།མར་གད་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ།།ལང་ཚོརབ་རྒྱས་གཡས་བརྐྱངས་གཡོན་བསྐུམས་ཞབས།།ཐབས་ཤེས་ཟུང་འབྲེལ་མ་ལ་ཕྱག་འཚལ་ལོ།།
ཞེས་པ་ལ་དབྱིངས་ཏེ་ཡུལ་སྟོང་ཉིད་དང་།རིག་པ་སྟེ་ཡུལ་ཅན་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་ཅིང་།པད་མོས་མཚོན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་དང་།ཟླ་བས་མཚོན་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་གློ་བུར་དྲི་མས་དག་ཚུལ་མཚོན་པའི་པད་ཟླའི་གདན་གྱི་སྟེང་ན།མར་གད་ལ་དམར་པོ་དང་ལྗང་ཁུའི་རིགས་གཉིས་ལས་འདིར་ཕྱི་མའི་དབང་དུ་བྱས་ནས་སྐུ་མདོག་ནི་མར་གད་མདོག་ཅན་ཏེ་འཕྲིན་ལས་སྣ་ཚོགས་ཀྱི་ལྷ་ཡིན་པར་མཚོན་ཞིང་།ཆོས་ཐམས་ཅད་རོ་གཅིག་ཏུ་རྟོགས་པས་ཞལ་གཅིག་པ་དང་།ཚོགས་གཉིས་སྡུད་པར་བྱེད་པའི་ཕྱག་གཉིས་མ།ལང་ཚོ་རབ་ཏུ་རྒྱས་པ་ནི་བདེ་བ་ཆེན་པོ་རྒྱས་པ་དང་།གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་ཞབས་གཉིས་ཀྱིས་ཐབས་ཤེས་ཟུང་འབྲེལ་མཚོན་པའི་རྗེ་བཙུན་མ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་འདིས་སྐུ་འགྱིང་བག་གི་ཉམས་དང་ལྡན་པར་བསྟོད་པའོ།།
ཡང་།ནུ་འབུར་རབ་རྒྱས་ཟག་མེད་བདེ་བའི་གཏེར།།ཞལ་རས་ཟླ་བ་རྒྱས་པའི་འཛུམ་དཀར་ཅན།།ཞི་བའི་ཉམས་ལྡན་ཐུགས་རྗེའི་སྤྱན་ཡངས་མ།།སེང་ལྡེང་ནགས་ཀྱི་མཛེས་མ་ཁྱོད་ལ་འདུད།།ཅེས་སོ།།
ནུ་མ་འབུར་ཞིང་རབ་ཏུ་རྒྱས་པ་ནི་ཟག་མེད་བདེ་བའི་གཏེར་ཏེ་དཔེར་ན་ནུ་མ་ནུ་ཞོ་འཇོ་བའི་ཁུངས་ཡིན་པ་ལྟར།འདིར་ཡང་ཟག་མེད་བདེ་བའི་འབྱུང་ཁུངས་མཚོན་པའམ།ཡང་ན་རང་ཅག་རྣམས་ལ་ཟག་མེད་ཀྱི་བདེ་བ་སྟེར་བའི་བརྡའ་ཡིན་ཞེས་བཀྲལ་ཀྱང་མི་རུང་བ་མེད་དམ་སྙམ།ཞལ་རས་ནི་སྟོན་གྱི་ཟླ་བ་ཉ་གང་བ་ལྟར་རྒྱས་པ་འཛུམ་ཞིང་དཀར་བའི་མདངས་ཅན་ཞི་བའི་ཉམས་དང་ལྡན་ཞིང་ནང་གི་ཐུགས་རྗེ་ཆེན་པོ་སྤྱན་ཟུང་ཡངས་མའི་གཟུགས་སུ་ཤར་བ།བཞུགས་སའི་གནས་ནི་རི་བོ་གྲུ་འཛིན་གྱི་སེང་ལྡེང་ནགས་ན་བཞུགས་པས།གནས་དེའི་བདག་པོ་ཡིན་པའི་ཆ་ནས་སེང་ལྡེང་ནགས་ཀྱི་མཛེས་མ་ཁྱོད་ལ་འདུད།ཅེས་སོ།།
གཡུ་ཡི་ལྗོན་ཤིང་ཡལ་ག་བརྐྱངས་འདྲ་བའི།།འཇམ་མཉེན་ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ནི།།མཁས་རྣམས་དངོས་གྲུབ་མཆོག་གི་དགའ་སྟོན་ལ།།མགྲོན་དུ་འབོད་འདྲ་ཁྱོད་ལ་ཕྱག་འཚལ་ལོ།།
ཞེས་པ་ནི།དཔེར་ན་གཡུ་ཡི་ལྗོན་ཤིང་གི་ཡལ་ག་བརྐྱངས་པ་དང་འདྲ་བའི་འཇམ་ཞིང་མཉེན་པའི་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ་ནི།མཁས་རྣམས་དངོས་གྲུབ་མཆོག་གི་དགའ་སྟོན་ལ་འདིར་ཤོག་ཅེས་མགྲོན་དུ་འབོད་པ་དང་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་འདི་ནི་ཕྱག་གཡས་པས་བརྡ་སྟོན་ཚུལ་ལ་བསྟོད་པའོ།།
ཕྱག་གཡོན་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་གྱིས།།འཇིགས་པ་བརྒྱ་ཕྲག་མཐོང་བའི་སྐྱེ་བོ་རྣམས།།མ་འཇིགས་ང་ཡིས་མྱུར་དུ་བསྐྱབ་པོ་ཞེས།།གསལ་བར་མཚོན་པ་ཁྱོད་ལ་ཕྱག་འཚལ་ལོ།།
ཞེས་པ་ནི།ཕྱག་གཡོན་དཀོན་མཆོག་གསུམ་མཚོན་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ་ཡིས།འཇིགས་པ་བརྒྱ་ཕྲག་སྟེ་འཇིགས་པ་མང་པོ་མཐོང་ནས་འཇིགས་ཤིང་སྐྲག་པའི་སྐྱེ་བོ་རྣམས་ལ་བོས་ནས།ཁྱེད་ཅག་མ་འཇིགས་ཤིག་ང་ཡིས་མྱུར་དུ་བསྐྱབ་བོ་ཞེས་འཕྲིན་ལས་མྱུར་བ་གསལ་བར་མཚོན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་ཕྱག་གཡོན་པས་བརྡའ་སྟོན་ཚུལ་གྱིས་བསྟོད་པའོ།།
དེ་ནས།ཕྱག་གཉིས་ཨུད་པལ་སྔོན་པོས་མཚན་པ་ནི།།འགྲོ་ཀུན་སྲིད་པའི་བདེ་ལ་མ་ཆགས་པར།།ཐར་པ་ཆེན་པོའི་གྲོང་དུ་ཞུགས་ཤིག་ཅེས།།བརྩོན་པའི་ལྕག་གིས་སྐུལ་འདྲ་ཁྱོད་ལ་འདུད།།
ཅེས་པ་ནི།ཕྱག་གཉིས་ན་ཨུད་པལ་སྔོན་པོས་མཚན་པ་ནི།འགྲོ་བ་ཀུན་སྲིད་པའི་བདེ་བ་ལ་མ་ཆགས་པར།མྱུར་དུ་ཐར་པ་ཆེན་པོའི་གྲོང་གི་ལམ་ལ་ཞུགས་ཤིག་ཅེས་བརྩོན་པའི་ལྕག་གིས་སྐུལ་བར་བྱེད་པ་དང་འདྲ་བ་ཁྱོད་ལ་འདུད་ཅེས་ཕྱག་མཚན་གྱི་སྒོ་ནས་བསྟོད་པའོ།།
པད་མ་རཱ་གའི་མདངས་ལྡན་འོད་དཔག་མེད།།མཉམ་བཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས།།འཆི་མེད་དངོས་གྲུབ་སྩོལ་བས་སྤྱི་བོར་བརྒྱན།།བདག་གི་འཆི་བདག་འཇོམས་པ་ཁྱོད་ལ་འདུད།།
ཅེས་པ་ནི།པད་མ་རཱ་གའི་མདངས་དང་ལྡན་པས་རྒྱལ་བ་འོད་དཔག་མེད་ཀྱིས།ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་བ་མེད་པའི་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་ནས་འཆི་མེད་ཚེའི་རིག་འཛིན་གྱི་དངོས་གྲུབ་སྩོལ་བར་མཛད་པའི་ཚེ་ལྷ་དེ་ཡིས་རང་གི་སྤྱི་བོར་རིགས་བདག་གི་ཚུལ་དུ་བརྒྱན་པ་ནི།བདག་ཅག་གི་དུས་མིན་གྱི་འཆི་བདག་གི་འཇིགས་པ་འཇོམས་པ་ཁྱོད་ལ་འདུད་ཅེས་རིགས་བདག་གི་སྒོ་ནས་བསྟོད་པའོ།།
དེ་ནས།ཚོགས་གཉིས་མཐོ་རིས་བཟོ་བོའི་འདུ་བྱེད་ཀྱིས།།གཞལ་མེད་ལྷ་ཡི་ཡིད་བཞིན་ནོར་བུ་རྣམས།།མཛེས་མཛེས་གཅིག་ཏུ་བསྡུས་པའི་ཡིད་འཕྲོག་ཅན།།ཀུན་གྱིས་བརྒྱན་པ་ཁྱོད་ལ་ཕྱག་འཚལ་ལོ།།
ཞེས་པ་ནི་སྙན་ངག་གཟུགས་ཅན་གྱི་རྒྱན་ཡིན་པས།དེ་ཡང་སྒྲོལ་མས་སྔོན་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས།མཐོ་རིས་བཟོ་བོ་སྟེ་བྱེད་པ་པོ་ལྷ་ཡི་བི་ཤྭ་ཀ་རྨའི་གཟུགས་སུ་བཀོད།བཟོ་བོ་དེའི་ལག་པས་འདུ་བྱེད་ཀྱིས།རིན་ཐང་གཞལ་དུ་མེད་པའི་ལྷ་ཡི་ཡིད་བཞིན་ནོར་བུ་རྣམས་ལས་གང་མཛེས་ཤིང་མཛེས་པ་གཅིག་ཏུ་བསྡུས་ནས་བཟོས་པའི་ཡིད་འཕྲོག་པའི་རྒྱན་ཀུན་གྱིས་བརྒྱན་པ་ཁྱོད་ལཕྱག་འཚལ་ལོ་ཞེས་པ་སྟེ་རྒྱན་གྱི་སྒོ་ནས་བསྟོད་པའོ།།
དེ་ནས།མར་གད་རི་བོས་འཇའ་ཚོན་གྱོན་པ་བཞིན།།སྐུ་སྟོད་ལྷ་རྫས་གོས་ཀྱི་ག་ཤ་ཅན།།ཕྲ་ཞིང་ལྡེམ་ལ་མཛེས་པའི་རྐེད་སྐབས་ནི།།པན་ཙ་ལི་ཀའི་ཤམ་ཐབས་འཛིན་ལ་འདུད།།
ཅེས་སོ།།རྐང་པ་དང་པོ་འདི་དཔེ་རྒྱན་ལ་རབ་བརྟག་གི་ཉམས་ཅུང་ཟད་འདྲིས་པ་ཡིན་པས།མར་གད་རི་བོས་འཇའ་ཚོན་སྣ་ལྔའི་གོས་གྱོན་པ་བཞིན་དུ།སྐུ་སྟོད་ལྷ་རྫས་གོས་ཀྱི་ག་ཤ་སྟེ་སྟོད་གཡོགས་ཅན་དང་།སྐུ་སྨད་ཕྲ་ཞིང་ལྡེམ་ལ་མཛེས་པའི་རྐེད་སྐབས་ནི།པན་ཙ་ལི་ཀ་སྟེ་ལྔ་ལེན་ཞེས་པའི་ཡུལ་ནས་བྱུང་བའི་གོས་ཀྱི་ཤམ་ཐབས་འཛིན་ལའདུད་ཅེས་ན་བཟའ་མཛེས་པའི་སྒོ་ནས་བསྟོད་པའོ།།
ཡང་།གཡས་ན་མྱ་ངན་མེད་པའི་འོད་ཟེར་ཅན།།ཞི་བའི་ཉམས་ལྡན་གསེར་མདོག་ཉི་འོད་འཕྲོ།།གཡོན་ན་རལ་གཅིག་ནམ་མཁའི་མཛེས་པ་འཕྲོ།།ཁྲོ་ཆགས་བརྗིད་པས་མཛེས་པ་དེ་ལ་འདུད།།
ཅེས་པ་ནི།རྗེ་བཙུན་གྱི་གཡས་ཕྱོགས་ན་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པའི་ལྷ་མོ་འོད་ཟེར་ཅན་མ་ཞི་ཞིང་འཛུམ་པའི་ཉམས་ལྡན།གསེར་གྱི་མདོག་འདྲ་བའི་ཉི་མའི་འོད་འཕྲོ་བ་དང་།གཡོན་ཕྱོགས་ན་ལྷ་མོ་རལ་གཅིག་མ་སྔོན་མོ་ནམ་མཁའི་མཛེས་པ་འཕྲོག་པ་དང་།གཙོ་འཁོར་གསུམ་ག་ཁྲོ་ཆགས་བརྗིད་པའི་ཉམས་ཀྱིས་མཛེས་པ་དེ་ལ་འདུད་ཅེས་འཁོར་གྱི་སྒོ་ནས་བསྟོད་པ་ཡང་།
དྲུག་ལྡན་གླུ་དང་མཛེས་པའི་གར་ལ་མཁས།།གདུགས་དཀར་རྔ་ཡབ་པི་ཝང་གླིང་བུ་སོགས།།རབ་འབྱམས་མཆོད་རྫས་འཛིན་པའི་ལྷ་མོའི་ཚོགས།།ནམ་མཁའ་གང་བས་མཆོད་ལ་ཕྱག་འཚལ་ལོ།།
ཞེས་པ་ནི།དྲུག་ལྡན་ཞེས་པ་ལ།ཁ་ཅིག་གིས།ས་པཎ་གྱིས་མཛད་པའི་རོལ་མོའི་བསྟན་བཅོས་ལས།།འདྲེན་པ་དང་ནི་བཀུག་པ་དང་།།བསྒྱུར་བ་དང་ནི་ལྡེངས་ཉིད་དོ།།ཞེས་དང་།དབྱངས་ཀྱིས་དྲངས་ལ་ཚིག་གིས་དགུག།དབྱངས་ཀྱིས་བསྒྱུར་ལ་ཚིག་གིས་ལྡེངས།།དབྱངས་ཀྱིས་དྲངས་ལ་ཚིག་དངས་དང་།།དབྱངས་ཀྱིས་བཀུག་ལ་ཚིག་བཀུག་དང་།།དབྱངས་ཀྱིས་བསྒྱུར་ལ་ཚིག་ངསྦྱུ་དང་།།དབྱངས་ཀྱིས་ལྡེངས་ལ་ཚིག་ལྡེངས་དང་།།ཞེས་པ་ལྟར་དྲུག་ལ་བྱེད་ཟེར།ཡང་ཁ་ཅིག་གིས་སུམ་པ་པཎ་ཌི་ཏའི་བླ་མཆོད་འགྲེལ་པ་ལས།འགྱུར་ཁུག་འདེགས་འཇོག་སྦོམ་ཕྲ་སྟེ་ཡན་ལག་དྲུག་ལྡན་ལྷན་་ཅིག་ཏུ་བསྔགས་པ་བརྗོད་པར་བྱེད་པ་དང་།ལུས་ཀྱི་བྱད་བཞིན་དང་།བསྔགས་པ་སྣ་ཚོགས་པ་གསུམ་དང་།དབུ་དང་བར་སྐབས་སུ་དང་ཐ་མར་ཡང་ཕྲལ་དུ་བསྔགས་པ་སྟེ་ཤིན་ཏུ་སྙན་པའི་དྲུག་ལྡན་གླུ་དབྱངས་ཞེས་པ་ལྟར།དྲུག་ལ་བྱེད་ཟེར་བས་བརྟག་པར་བྱ།གང་ལྟརཡང་།ཡན་ལག་དྲུག་དང་ལྡན་པའི་གླུ་སྙན་ལ་མཁས་པ་དང་།མཛེས་པའི་གར་ཁྲབ་པ་ལ་མཁས་པ་དང་།གཞན་ཡང་གདུགས་དཀར་རྔ་ཡབ་སོགས་མཛེས་པའི་རྣམ་འགྱུར་གྱིས་འཛིན་པ་དང་།འབུད་དཀྲོལ་གྱི་རིགས་པི་ཝང་གླིང་བུ་སོགས་རབ་་འབྱམས་ཏེ་མུ་མཐའ་མེད་པའི་མཆོད་རྫས་སྣ་ཚོགས་འཛིན་པའི་ལྷ་མོའི་ཚོགས་ནམ་མཁའི་ཁམས་གང་བས་དུས་རྟག་ཏུ་མཆོད་པ་ལ་བརྩོན་པའི་སྒྲོལ་མ་ལ་ཕྱག་འཚལ་ལོ་ཞེས་འཁོར་རྣམས་ཀྱིས་མཆོད་ཚུལ་ལ་བསྟོད་པའོ།།
དེ་ནས།དཔལ་མོ་ལེགས་བརྗོད་མ་དང་རི་སྐྱེས་སོགས།།ཡིད་འོང་འཆི་མེད་བུ་མོ་སྟོང་དག་གིས།།ཁྱོད་དྲུང་བྲན་མོ་ཙམ་ཡང་ཐོབ་དཀའ་བ།།མཛེས་སྡུག་ལྷ་མོའི་སྐུ་ལ་ཕྱག་འཚལ་ལོ།།
ཞེས་པ་ནི་མཛེས་པ་ཕུལ་དུ་ཕྱིན་པར་བསྟོད་པ་ཡིན་པས།དེ་ཡང་ཁྱབ་འཇུག་གི་ཆུང་མ་དཔལ་མོདང་།བརྒྱ་བྱིན་གྱི་ཆུང་མ་ལེགས་བརྗོད་མ་དང་།དབང་ཕྱུག་གི་ཆུང་མ་རི་སྐྱེས་ལ་སོགས་པ་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བའི་འཆི་མེད་ལྷ་ཡི་བུ་མོ་སྟོང་ཕྲག་མང་པོ་དག་དང་།སོགས་ཁོངས་ནས་ལྷར་གཞན་དག་གི་མཛེས་མ་དེ་དག་གིས་རང་རང་མཛེས་པར་རློམ་ཡང་མཛེས་པའི་ཆ་ནས་རྗེ་བཙུན་མ་དང་འགྲན་པ་ལྟ་ཞོག་ཁྱོད་ཀྱི་དྲུང་དུ་བྲན་མོ་ཙམ་ཡང་ཐོབ་དཀའ་བས་ན་མཛེས་སྡུག་གི་ཆ་ཡོངས་རྫོགས་པའི་ལྷ་མོའི་སྐུ་ལ་ཕྱག་འཚལ་ལོ་ཞེས་སྐུ་ལ་བསྟོད་པའོ།།
དེ་ནས།ཐུགས་རྗེའི་ཆུ་འཛིན་རྒྱས་པའི་ཀློང་ཡངས་ནས།།གསུང་སྙན་ཚངས་དབྱངས་སྤྲིན་གྱི་རྔ་སྒྲ་ཅན།།གདུལ་བྱའི་འཛིན་མར་ཡན་ལག་བརྒྱད་ཆོས་ཆར།།ཀུན་ཏུ་འབེབས་མཁས་མ་ལ་ཕྱག་འཚལ་ལོ།།
ཞེས་པ་ནི་སྙན་ངག་གི་རྒྱན་མཐའ་དག་གཟུགས་ཅན་ཡིན་པས།དེ་ཡང་རྗེ་བཙུན་མའི་ཐུགས་རྗེ་དེ་ཆུ་འཛིན་ཏེ་སྤྲིན་གྱི་གཟུགས་སུ་བཀོད།སྤྲིན་ཏེ་ཤིན་ཏུ་མཐུག་ཅིང་རྒྱས་པའི་ཀློང་སྟེ་དཀྱིལ་ཡངས་པ་ནས།གསུང་སྙན་པ་ཚངས་པའི་དབྱངས་ལ་འགྲན་པ་དེ་སྤྲིན་གྱི་རྔ་སྒྲ་ཅན་ཏེ་འབྲུག་སྒྲ་གྲགས་པ་ཅན་གྱིགཟུགས་སུ་བཀོད།གདུལ་བྱའི་རྒྱུད་འཛིན་མ་སྟེ་ས་གཞིའི་གཟུགས་སུ་བཀོད་པ་དེར།ཆུ་བོ་གང་གཱའི་བྱེད་ལས་དང་མཚུངས་པའི་ཡན་ལག་བརྒྱད་དང་ལྡན་པའི་དམ་པའི་ཆོས་ཀྱི་ཆར་བ་ཆེནཔོ།གདུལ་བྱའི་ཁམས་དང་མོས་པ་ལ་གཟིགས་ཏེ་དུས་ཀུན་ཏུ་འབེབས་མཁས་མ་ལ་ཕྱག་འཚལ་ལོ་ཞེས་གསུང་ལ་བསྟོད་པའོ།།
ཡང་།ཤེས་བྱ་ཀུན་གཟིགས་ཡོན་ཏན་རྒྱ་མཚོའི་གཏེར།།ཇི་བཞིན་མ་ལུས་བརྗོད་པར་སུ་ཡིས་ནུས།།བློ་གྲོས་ཐོགས་མེད་སྟོབས་བཅུ་མངའ་བའི་ཐུགས།།མཁྱེན་རབ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ།།
ཞེས་པ་ཤེས་བྱ་ཀུན་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཐུགས་རྒྱ་མཚོ་ལྟར་ཟབ་ཅིང་ཡངས་པ་དང་།རྒྱ་མཚོ་དེ་ནོར་བུའི་འབྱུང་ཁུངས་ཀྱི་གཏེར་ཡིན་པ་ལྟར་རྗེ་བཙུན་གྱི་ཐུགས་ཀྱང་ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཡིན་པ་དེ།ཇི་ལྟ་བ་བཞིན་དུ་མ་ལུས་པར་བརྗོད་པར་སུ་ཡིས་ནུས།ཁྱོད་ཀྱི་བློ་་གྲོས་ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཚུལ་ནི།རྗེ་བཙུན་ཙོང་ཁ་པའི་ཞལ་ནས།དེ་ལྟར་གནས་དང་གནས་མིན་ལས་ཀྱི་རྣམ་སྨིན་མོས་པ་འཇིག་རྟེན་ཁམས།།དབང་པོའི་རིམ་པ་ཀུན་འགྲོའི་ལམ་དང་ཉོན་མོངས་རྣམ་བྱང་སྔོན་གྱི་གནས།།འཆི་འཕོ་སྐྱེ་དང་ཟག་པ་ཟད་ལ་མཁྱེན་པ་ཐོགས་པ་མེད་འཇུག་པ།།ཞེས་པ་ལྟར་སྟོབས་བཅུམངའ་བའི་ཐུགས་དང་ལྡན་པའི་མཁྱེན་རབ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ་ཞེས་ཐུགས་མཁྱེན་པའི་ཡོན་ཏན་ལ་བསྟོད་པའོ།།
ཡང་།ཞི་བ་བརྙེས་ཀྱང་ཐུགས་རྗེའི་གཞན་དབང་གིས།།སྡུག་བསྔལ་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས།།ཐུགས་རྗེའི་ཕྱག་གིས་མྱུར་དུ་འདྲེན་མཛད་མ།།བརྩེ་བ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ།།
ཞེས་སོ།།ཞི་བ་མི་གནས་པའི་མྱང་འདས་བརྙེས་ཀྱང་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་སོང་བའི་དབང་གིས་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་ཞིང་ཉམས་ཐག་པའི་འགྲོ་བ་རྣམས་སྡུག་བསྔལ་རྒྱུད་བཅས་པ་ལས།ཐུགས་རྗེའི་ཕྱག་གིས་མྱུར་དུ་འདྲེན་པར་མཛད་མ་ཡིན་པས་བརྩེ་བ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ་ཞེས་ཐུགས་བརྩེ་བའི་ཡོན་ཏན་ལ་བསྔགས་པའོ།།
དེ་ནས།ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་རྣམས།།རྒྱ་མཚོའི་རླབས་བཞིན་དུས་ལས་མི་འདའ་བར།།ལྷུན་གྲུབ་རྒྱུན་མི་འཆད་པར་འཇུག་མཛད་མ།།མཛད་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ།།
ཞེས་པ་བདག་ཅག་རྣམས་ཀྱི་ཉེར་འཚེ་ཐམས་ཅད་ཞི་བར་བྱེད་པ་དང་།ལེགས་ཚོགས་ཐམས་ཅད་རྒྱས་པར་བྱེད་པ་དང་།དབང་དུ་མི་འདུ་བ་རྣམས་དབང་བར་བྱེད་པ་དང་།ཤིན་ཏུ་མི་རིགས་པ་རྣམས་དྲག་པོའི་ལས་ཀྱིས་ཚར་གཅོད་པར་མཛད་པའི་ལས་བཞིའི་འཕྲིན་ལས་རྣམས་རྒྱ་མཚོའི་རླབས་བཞིན་དུས་ལས་མི་འདའ་བར་གདུལ་བྱའི་རྒྱུད་ལ་འབད་མེད་ལྷུན་གྲུབ་ཏུ་རྒྱུན་མི་འཆད་པར་འཇུག་པར་མཛད་མ་ཡིན་པས།མཛད་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ་ཞེས་ཐུགས་མཛད་པའི་ཡོན་ཏན་ལ་བསྔགས་པའོ།།རྒྱ་མཚོའི་རླབས་བཞིན་དུས་ལས་མི་འདའ་བ་ནི།ཉི་མ་བདུན་རེའི་མཚམས་སུ་ངེས་ཅན་དུ་འབྱུང་བམམཁས་པ་ཆེན་པོ་གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་གསུངས་སོ།།
ཡང་།འཇིགས་ཆེན་སྡུག་བསྔལ་བརྒྱད་དང་འབྱུང་པོའི་གདོན།།ཉོན་མོངས་ཤེས་བྱའི་སྒྲིབ་པའི་འཇིགས་པ་རྣམས།།ཁྱོད་ཞབས་དྲན་པའི་མོད་ལ་སྐྱོབ་མཛད་མ།།ནུས་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ།།
ཞེས་པ་འཇིགས་པ་བརྒྱད་སྡུག་བསྔལ་བརྒྱད་དང་གསུམ་སོགས་འབྱུང་པོའི་གདོན་སྣ་ཚོགས་དང་།ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་དེའི་དབང་གིས་བྱུང་བའི་འཇིགས་པ་ཐམས་ཅད་རྗེ་བཙུན་མའི་མཚན་བརྗོད་པའམ།སྐུ་དྲན་པའི་མོད་ལ་སྟེ་དེ་མ་ཐག་ཏུ་སྐྱོབ་པར་མཛད་མ་སྟེ་ནུས་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ་ཞེས་ཐུགས་ནུས་པའི་ཡོན་ཏན་ལ་བསྔགས་པའོ།།
གཉིས་པ།འདོད་དོན་ལ་གསོལ་བ་བཏབ་པ་ལ་གཉིས།སྤྱིར་གསོལ་བ་དང་།བྱེ་བྲག་ཏུ་གསོལ་བའོ།།
དང་པོ་ནི།དེ་ལྟར་སྐྱབས་འོས་ཁྱོད་ཀྱི་ལུས་ཅན་རྣམས།།ནད་རིམས་གདོན་བགེགས་དུས་མིན་འཆི་བ་དང་།།རྨི་ལམ་ངན་དང་མཚན་མ་ངན་པ་སོགས།།འཇིགས་པ་ཀུན་ལས་མྱུར་ཏུ་བསྐྱབ་ཏུ་གསོལ།།ཞེས་སོ།།
དེ་ལྟར་མཁྱེན་བརྩེ་ནུས་པ་སོགས་ཀྱི་ཡོན་ཏན་མཐར་ཕྱིན་པས་ན་གཏན་གྱི་སྐྱབས་སུ་འོས་པ་རྗེ་བཙུན་མ་ཁྱོད་ཉིད་ཀྱིས།ལུས་ཅན་རྣམས་ནད་རིམས་དང་།གདོན་དང་།བགེགས་དང་།དུས་མ་ཡིན་པའི་འཆི་བ་དང་།ཐ་ན་རྨི་ལམ་ངན་པ་དང་མཚན་མ་ངན་པ་ལ་སོགས་པའི་འཇིགས་པ་ཀུན་ལས་ད་ལྟཉིད་དུ་བསྐྱབ་ཏུ་གསོལ་ཞེས་པའོ།།གཉིས་པ་ལ་བརྒྱད་ལས།
དང་པོ་ང་རྒྱལ་གྱི་འཇིགས་པ་ནི།འཇིག་ཚོགས་ལྟ་བའི་རི་སུལ་གནས་བཅས་ཏེ།།གཞན་ལས་མཆོག་ཏུ་འཛིན་པས་སེམས་ཁེངས་ཤིང་།།ཕ་རོལ་ཁྱད་དུ་གསོད་པའི་སྦར་ཁྱིམ་ཅན།།ང་རྒྱལ་སེང་གེའི་འཇིགས་པ་བསྐྱབ་ཏུ་གསོལ།།
ཞེས་ཤོ་ལོ་ཀ་འདིའི་ཚིག་གི་རྒྱན་ནི་གཟུགས་ཅན་གྱི་རྒྱན་ཡིན་ཞིང་།དོན་ནི་ང་རྒྱལ་དང་སེང་གེ་གཉིས་ཆོས་གསུམ་གྱི་སྒོ་ནས་མཚུངས་པའི་སྒོ་ནས་བསྟན་ལ་ཡིན་པས།དེ་ཡང་སེང་གེ་གངས་རིའི་སུལ་ལ་གནས་ནས་རི་དྭགས་གཞན་རྣམས་ལས་་་་སྟོབས་ཆེའོ་ཞེས་སེམས་ཁེངསཤིང་།བྱ་དང་རི་དྭགས་སོགས་ང་ལ་ཅི་ཡང་མི་ཚུགས་ཞེས་སྦར་ཁྱིམ་རྣོན་པོ་ངོམས་ནས་ཕ་རོལ་ཁྱད་དུགསོད་པའི་རང་བཞིན་ཀྱང་ཡིན་ཞིང་།དཔེ་དེ་བཞིན་དུ་ང་རྒྱལ་ཡང་ཕུང་བོ་འཇིག་ཅིང་ཚོགས་པ་ལ་དམིགས་ནས་ང་རང་རྐྱ་ཐུབ་པར་འཛིན་པའི་འཇིག་་ལྟ་ལ་བརྟེན་ནས་གནས་བཅས་ཤིང་།གང་ཟག་གཞན་རྣམས་ལས་ང་ཆེས་བཟང་ངོ་ཞེས་མཆོག་ཏུ་འཛིན་པས་སེམས་ཁེངས་ཤིང་།རང་ལས་གཞན་པ་ཐམས་ཅད་ཅི་ཡང་མིན་ཞེས་ཁྱད་དུ་གསོད་པའི་རྣམ་པ་ཅན་གྱི་ང་རྒྱལ་སེང་གེའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་པའོ།།འདི་ལ་མཐར་ཆགས་སུ་འབྲུ་གནོན་ན་འདི་ལྟར་ཕུང་པོ་འཇིག་ཅིང་ཚོགས་པ་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པའི་འཇིག་ལྟ་རི་ལྟ་བུ་དེའི་སུལ་ལ་གནས་བཅས་ཤིང་།གང་ཟག་གཞན་ལས་ང་ཆེ་བཟང་ངོ་ཞེས་མཆོག་ཏུ་འཛིན་པས་སེམས་ཁེངས་ཤིང་།རང་ལས་གཞན་པའི་ཕ་རོལ་པོ་རྣམས་ཁྱད་དུ་གསོད་པའི་ང་རྒྱལ་སེང་གེ་སྦར་ཁྱིམ་རྣོན་པོ་ཅན་ལྟ་བུའི་འཇིགས་པ་ལས་བསྐྱབ་ཏུགསོལ་ཞེས་པའོ།།རི་སུལ་ཞེས་པ་ལ།འདུལ་བ་ལུང་གཞིའི་འགྲེལ་པ་ལས།རི་སུལ་ནི་ཆུའི་འོད་པས་ཟོས་པའི་རི་སུལ་ལོ།།ཞེས་དང་།ཡང་བེ་རོ་ཙ་ན་རཀྴ་ཏའི་སློབ་སྤྲིང་འགྲེལ་པ་ལས་དེའི་སུལ་ནི་དམལ་བའམ་གཞོལ་བའི་ཕྱོགས་གོ།ཞེས་སོ།།ཡང་རི་སུལ་གྱི་སྐད་དོད་ད་རཱི་ཞེས་པ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་བཅོས་པའི་ཕུག་ཅེས་བསྒྱུར་འདུག་པས།དེ་ལྟར་ན་བྲག་ཕུག་གམ་གང་ལ་བརྐོས་པའི་ཁུང་བུ་བྱ་རིགས་སོ།།
གཉིས་པ་གཏི་མུག་གི་འཇིགས་པ་ནི།དྲན་ཤེས་ལྕགས་ཀྱུ་རྣོན་པོས་མ་བཏུལ་ཞིང་།།འདོད་ཡོན་མྱོས་ཆུ་འཐུངས་པས་འཐོམས་པའི་མཐུས།ལོག་པའི་ལམ་ཞུགས་གནོད་འཚེའི་མཆེ་བ་གཙིགས།།གཏི་མུག་གླང་པོའི་འཇིགས་པ་བསྐྱབ་ཏུ་གསོལ།།
ཞེས་སོ།།དེ་ཡང་གཏི་མུག་དང་གླང་པོ་ཆེ་གཉིས་ཆོས་གསུམ་གྱི་སྒོ་ནས་མཚུངས་པར་བསྟན་པ་ཡིན་པས།སེམས་དྲན་ཤེས་དང་གླང་པོ་ཆེ་ལྕགས་ཀྱུ་རྣོན་པོས་མ་བཏུལ་བར་འདྲ་ཞིང་།སེམས་འདོད་པའི་ཡོན་ཏན་གྱིས་མྱོས་ཤིང་།གླང་པོ་ཆེ་མྱོས་ཆུ་སྟེ་ཆང་འཐུངས་པས་འཐོམས་པའི་མཐུས།སེམས་དང་གླང་པོ་གཉིས་ཀ་ལོག་པའི་ལམ་ལ་ཞུགས་ནས་སེམས་ཅན་གཞན་ལ་གནོད་ཅིང་འཚེ་བར་བྱེད།གླང་པོ་ཆེ་མཆེ་བ་རྣོན་པོ་གཙིགས་པར་བྱེད་པའི་གཏི་མུག་གླང་པོ་ཆེ་སྨྱོན་པ་ལྟ་བུའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་པའོ།།
གསུམ་པ་ཞེ་སྡང་གི་འཇིགས་པ་ནི།ཚུལ་མིན་ཡིད་བྱེད་རླུང་གིས་བསྐུལ་བ་ལས།།ཉེས་སྤྱོད་དུད་སྤྲིན་འཁྲུགས་པའི་ཀློང་དཀྱིལ་ན།།དགེ་བའི་ནགས་ཚལ་བསྲེག་པའི་ནུས་པ་ཅན།།ཞེ་སྡང་མེ་ཡི་འཇིགས་པ་བསྐྱབ་ཏུ་གསོལ།།
ཞེས་སོ།།དེ་ཡང་གོང་ལྟར་ཞེ་སྡང་དང་མེ་གཉིས་ཆོས་གསུམ་གྱིས་མཚུངས་པ་ལས།ཞེ་སྡང་ཚུལ་མིན་ཡིད་བྱེད་ཀྱིས་བསྐུལ་བ་དང་།མེ་རླུང་གིས་བསྐུལ་བ་ལས།ཞེ་སྡང་གིས་ཉེས་པ་སྤྱོད་ཅིང་མེས་དུད་སྤྲིན་འཁྲིགས་པའི་ཀློང་དཀྱིལ་ན་འབར་བས་ཞེ་སྡང་གིས་དགེ་བའི་རྩ་བ་གཅོད་ཅིང་མེས་ནགས་ཚལ་བསྲེག་པའི་ནུསཔ་ཅན་གྱི་ཞེ་སྡང་མེ་ལྟ་བུའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཅེས་པའོ།།
བཞི་པ་ཕྲག་དོག་གི་འཇིགས་པ་ནི།མ་རིག་འཐིབས་པོའི་ཁུང་དུ་མངོན་ཞེན་ཅིང་།།གཞན་འབྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར།།གདུག་པའི་དུག་གིས་མྱུར་དུ་ཁྱབ་བྱེད་པའི།།ཕྲག་དོག་སྦྲུལ་གྱི་འཇིགས་པ་བསྐྱབ་ཏུ་གསོལ།།
ཞེས་པའོ།།དེ་ཡང་གོང་ལྟར་ཕྲག་དོག་དང་སྦྲུལ་གཉིས་རིམ་པ་བཞིན་དུ་ཕྲག་དོག་མ་རིག་པ་འཐིབས་པོ་ལ་བརྟེན་ནས་གནས་ཤིང་།སྦྲུལ་མུན་ཁུང་དུ་མངོན་པར་ཞེན་ཅིང་།ཕྲག་དོག་དང་སྦྲུལ་གཉིས་ཀས་གཞན་གྱི་འབྱོར་བ་ཕུན་སུམ་ཚོགསཔ་མཐོང་པའི་ཚེ་མི་བཟོད་པརའདྲ་ཞིང་།ཕྲག་དོག་གདུག་པ་སྟེ་ཞེ་སྡང་གི་རྐྱེན་གྱིས་ཁྱབ་པར་བྱེད་པ་དང་སྦྲུལ་གྱིས་ཟིན་པའི་དུག་གིས་ལུས་ལ་མྱུར་ཏུ་ཁྱབ་པར་བྱེད་པའི་ཕྲག་དོག་སྦྲུལ་གྱི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་པའོ།།
ལྔ་པ་ལྟ་ངན་གྱི་འཇིགས་པ་ནི།བརྟུལ་ཞུགས་དམན་པའི་འབྲོག་དགོན་འཇིགས་རུང་དང་།།རྟག་ཆད་མྱ་ངན་ཐང་ལ་རབ་རྒྱུ་ཞིང་།།ཕན་བདེའི་གྲོང་དང་དགོན་པ་ཀུན་འཇོམས་པའི།།ལྟ་ངན་རྐུན་པོའི་འཇིགསཔ་བསྐྱབ་ཏུ་གསོལ།།
ཞེས་སོ།།དེ་ཡང་ལྟ་བ་ངན་པ་ནི་བརྟུལ་ཞུགས་དམན་པའི་སྤྱོད་པ་ལ་ཞེན་ནས་བྱུང་ཞིང་།རྐུན་པོ་ནི་འབྲོག་དགོན་སྟེ་མེད་ལུང་སྟོང་འཇིགས་སུ་རུང་བ་ལས་བྱུང་བ་དང་།ལྟ་ངན་ནི་རྟག་ཆད་ཀྱི་མཐའ་ལ་ཞེན་ཅིང་རྐུན་པོ་ནི་མྱ་ངམ་ཐང་ལ་རབ་ཏུ་རྒྱུ་ཞིང་།ལྟ་ངན་གྱིས་གནས་སྐབས་ཕན་པ་སྟེ་མཐོ་རིས་དང་།མཐར་ཐུག་བདེ་བའི་སྟེ་ཐར་པའི་དཔལ་འཇོམས་པ་དང་།རྐུན་པོས་གྲོང་དང་དགོན་པའི་དཔལ་འཇོམས་པའི་ལྟ་ངན་རྐུན་པོ་ལྟ་བུའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་པའོ།།
དྲུག་པ་སེར་སྣའི་འཇིགས་པ་ནི།མི་བཟད་སྲིད་པའི་བཙོན་ཁང་ར་བ་རུ།།ལུས་ཅན་རང་དབང་མེད་པར་འཆིང་བྱེད་ཅིང་།།སྲེད་པའི་སྒོ་ལྕགས་དབྱེ་དཀས་འཁྱུད་པ་ཡི།།སེར་སྣའི་ལྕགས་སྒྲོག་འཇིགས་པ་བསྐྱབ་ཏུ་གསོལ།།
ཞེས་སོ།།དེ་ཡང་མི་ཟད་པ་སྟེ་འཇིགས་སུ་རུང་བའི་སྲིད་པ་སྟེ་འཁོར་བ་བཙོན་ཁང་ལྟ་བུའི་ར་བ་རུ་ལུས་ཅན་རྣམས་ལས་དང་ཉོན་མོངས་ཀྱིས་རང་དབང་མེད་པར་སྤྱིར་འཆིང་བར་བྱེད་ཅིང་།སྒོས་སུ་སྙིང་པོ་མེད་པའི་ནོར་ལོངས་སྤྱོད་ལ་སྲེད་པ་སྟེ་ཆགས་པའི་དབང་གིས་འཆིང་བར་བྱེད་པ་སྒོ་ལྕགས་དབྱེ་དཀལབས་འཁྱུད་པ་དང་འདྲ་བའི་འགྲོ་བ་རྣམས་སེར་སྣའི་ལྕགས་སྒྲོག་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་པའོ།།
བདུན་པ་འདོད་ཆགས་ཀྱི་འཇིགས་པ་ནི།ཤིན་ཏུ་བརྒལ་དཀའསྲིང་པའི་རྒྱུན་ཕྱོགས་འཁྱེར།།ལས་རླུང་དྲག་པོའི་རྐྱེན་དང་ཉེ་བ་ལས།།སྐྱེ་རྒ་ན་འཆིའི་རྦ་ཀློང་རབ་འཁྲུག་པའི།།འདོད་ཆགས་ཆུ་བོའི་འཇིགས་པ་བསྐྱབ་ཏུ་གསོལ།།
ཞེས་སོ།།དོན་ནི་འདོད་ཆགས་བསྟེན་པའི་མི་དེས་ཤིན་ཏུ་བརྒལ་བར་དཀལབའི་སྲིད་པའི་རྒྱ་མཚོར་གཞོལ་བའི་ཆུ་བོས་རྒྱུན་ཕྱོགས་སུ་ཁྱེར་ཞིང་།བར་སྐབས་སུ་ལས་ཀྱི་རླུང་དྲག་པོའི་རྐྱེན་དང་ཉེ་བ་ལས་ཏེ་ཕྲད་པ་ལས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་རྦ་ཀློང་རབ་ཏུ་འཁྲུག་པའི་འདོད་ཆགས་ཆུ་བོའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་པའོ།།
བརྒྱད་པ་ཐེ་ཚོམ་གྱི་འཇིགས་པ་ནི།ཀུན་ཏུ་རྨོངས་པའི་མཁའ་ལ་རབ་རྒྱུ་ཞིང་།།ངེས་པ་དོན་དུ་གཉེར་ལ་ལྷག་པར་འཆེ།།ཐར་པའི་སྲོག་ལ་རྒོལ་བའི་གདུག་པ་ཅན།།ཐེ་ཚོམ་ཤ་ཟའི་འཇིགས་པ་བསྐྱབ་ཏུ་གསོལ།།
ཞེས་སོ།།དེ་ཡང་ཐེ་ཚོམ་ནི་ཀུན་ཏུ་རྨོངས་པའི་སྟེ་མ་རིག་པ་ལ་བརྟེན་ནས་སྐྱེས་པ་ལྟར།འདྲེ་ཤ་ཟ་ཡང་ནམ་མཁའ་ལ་གནས་འཆའ་ནས་རབ་ཏུ་རྒྱུ་ཞིང་ཡིན་མིན་མཐའ་གཅིག་ཏུ་ངེས་པར་དོན་དུ་གཉེར་བ་དག་ལ་ལྷག་པར་འཚེ་བའི་ཤ་ཟ་ལྟ་བུ་ཐེ་ཚོམ་ནི།ཇི་སྐད་དུ།མཛོད་ལས།འགྲོ་མི་འདོད་དང་ལམ་ནོར་དང་།།ལམ་ལ་ཐེ་ཚོམ་དེ་སྙེད་ཅིག།ཐར་པར་བགྲོད་ལ་གེགས་བྱེད་པ།།དེ་ཡི་ཕྱིར་ན་གསུམ་བསྟན་ནོ།།ཞེས་གསུངས་པ་ལྟར་ཐེ་ཚོམ་ནི་ཐར་པར་བགྲོད་པ་ལ།ཤིན་ཏུ་གེགས་བྱེད་པའི་ཆ་ནས་ཐར་པའི་སྲོག་ལ་རྒོལ་བ་སྟེ་ཐེ་ཚོམ་ཟ་བས་གཞུག་ཏུ་མི་སྟེར་བའི་གདུག་པ་ཅན་ཐེ་ཚོམ་ཤ་ཟའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་པའོ།།དེ་དག་ནི་སེང་གེ་སོགས་ཕྱིའི་འཇིགས་པ་བརྒྱད་དཔེར་བྱས་ནས་ང་རྒྱལ་སོགས་ནང་གི་འཇིགས་པ་བརྒྱད་ལས་སྐྱོབ་པར་གསོལ་བ་བཏབ་པ་ཡིན་ལ།རྒྱ་གཞུང་ནའང་།སེང་གེ་ལ་སོགས་པའི་འཇིགས་པ་བརྒྱད་འདྲེན་ཚུལ་མི་འདྲ་བ་མང་མོད།འོན་ཀྱང་གྲགས་ཆེ་བའི་སྔོན་གྱི་བྱུང་བ་ནི།ཏཱ་ར་ནཱ་ཐས་མཛད་པའི་སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་འཕྲེང་བ་ལས།
སེང་གེའི་འཇིགས་པ་ལས་བསྐྱབས་པ་ནི།ཤིང་འཐུ་བ་ཞིག་ནགས་ཚལ་དུ་སོང་བ་ལས།སེང་གེ་མོ་བཀྲེས་པ་དང་འཕྲད་ནས་ཟ་བར་བརྩམས་ཏེ་ཁར་ཐོགས་ནས་རང་གི་ཚང་དང་ཉེ་བར་སོང་།དེར་འཇིགས་ཤིང་སྐྲག་ནས་སྒྲོལ་མ་ལ་གསོལ་བ་བཏབ་པས།མདུན་དུ་བུད་མེད་ཤིང་ལོའི་གོས་ཅན་ཞིག་བྱུང་ནས་སེང་གེ་མོའི་ཁ་ནས་དེ་བླངས་ཏེ།གྲོང་ཁྱེར་གྱི་ཚོང་འདུས་སུ་བཞག་གོ།
གླང་པོའི་འཇིགས་པ་ལས་བསྐྱབས་པ་ནི།ཡུལ་གྱི་བུ་མོ་ལོ་བཅུ་གཉིས་ལོན་པ་ཞིག་མེ་ཏོག་འཐུ་བར་ནགས་གསེབ་ཏུ་སོང་བ་ན།ལུ་ནི་ཞེས་བྱ་བ་གླང་པོ་ཆེ་གཏུམ་པོ་དང་འཕྲད་དེ།དེས་སྣ་བཤལ་གྱིས་བཅིངས།མཆེ་བ་བསྣུན་པར་བརྩམས་པ་ན།སྒྲོལ་མའི་མཚན་དྲན་པར་བྱས་ཤིང་།སྙིང་ཐག་པ་ནས་གསོལ་བ་བཏབ་པས་གླང་པོ་ཆེ་དབང་དུ་གྱུར་ཏེ།རྡོའི་སྟེགས་མཐོན་པོ་ལ་བཞག་སྟེ།སྣ་བཤལ་གྱིས་ཕྱག་བྱས་ཤིང་།ཡང་བླངས་ནས་གྲོང་ཁྱེར་གྱི་ཚོང་འདུས་ཀྱི་གནས་སུ་ཡང་དེ་བཞིན་དུ་བྱས་གོ།དེ་ནས་འདུ་ཁང་དང་།ལྷ་ཁང་དང་།རྒྱལ་པོའི་ཕོ་བྲང་གི་སྒོར་ཡང་དེ་ལྟར་བྱས་པས།བུ་མོ་འདི་ནི་བསོད་ནམས་དང་ལྡན་པ་ཞིག་གོ།ཞེས་རྒྱལ་པོའི་བཙུན་མོར་གྱུར་ཏོ།།
མེའི་འཇིགས་པ་ལས་བསྐྱབས་པ་ནི།ཤ་འཁོན་ཆགས་པའི་ཁྱིམ་ཚང་གཅིག།ནུབ་མོ་ཁང་པ་ལ་དགྲ་ཡིས་མེ་བཏང་བས་འབྲོས་པར་བརྩམས་པ་ལས་མ་ཐར་པའི་ཚེ་ཀྱེ་སྒྲོལ་མ་ཀྱེ་སྒྲོལ་མ་ཞེས་མཚོན་ནས་བརྗོད་པས།ཁྱིམ་གྱི་སྟེང་དུ་སྤྲིན་ཤིན་ཏུ་སྔོ་ཞིང་མཛེས་པ་ཞིག་བྱུང་སྟེ།ཆར་གྱི་རྒྱུན་གཉའ་ཤིང་ཙམ་ཁྱིམ་ཁོ་ན་ལ་བབས་པས་མེ་ཞིའོ།།
དུག་སྦྲུལ་གྱི་འཇིགས་པ་ལས་བསྐྱབས་པ་ནི།གྲོང་ཁྱེར་གྱི་སྨད་འཚོང་མ་ཞིག་དུས་ལན་གཅིག་མེ་ཏོག་གི་དོ་ཤལ་ལྔ་བརྒྱ་བྱིན་པའི་ཚོང་དཔོན་ཞིག་རྙེད་དེ།ནམ་ཕྱེད་ཀྱི་དུས་ན་ཚོང་དཔོན་གྱི་ཁྱིམ་དུ་འགྲོ་བར་འདོད་པས།རང་གི་ཁྱིམ་ནས་སོང་སྟེ།ལམ་དུ་ཤིང་ཤི་རི་ཥའི་ཡལ་ག་ཞིག་ལ་འཇུས་པ་ན།ཤིང་ལ་འཁྲིལ་བའི་སྤྲུལ་གདུག་པས་ལུས་ལ་འཁྲིལ་ཞིང་ཟིན་པའི་ཚེ།རྗེ་བཙུན་མ་སྒྲོལ་མ་དྲན་པར་བྱས་པ་ཙམ་གྱིས་དུག་སྦྲུལ་དེ་ཉིད་མེ་ཏོག་གི་འཕྲེང་བར་གྱུར་ནས།ཞག་བདུན་གྱི་བར་དུ་ལུས་ལ་གནས་པར་གྱུར་ཏོ།།དེ་ནས་སྦྲུལ་དེ་ཉིད་དཀར་པོ་དུག་དང་བྲལ་བར་གྱུར་ནས་ཆུ་བོར་ཞུགས་སོ་ཞེས་གྲགས་སོ།།
ཆོམ་རྐུན་གྱི་འཇིགས་པ་ལས་བསྐྱབས་པ་ནི།གུ་ཛི་ར་ཐའི་ཡུལ་གྱི་ནང་ཚུན་བྷ་རུ་གཙྪ་ཞེས་བྱ་བར་ཚོང་དཔོན་ཤིན་ཏུ་ལོངས་སྤྱོད་ཆེ་བ་ཞིག་ཡོད་པ་མ་རུའི་ཡུལ་དུ་རྔ་མོང་སྟོང་ཙམ་དང་།ཁྱུ་མཆོག་ལྔ་བརྒྱ་ཙམ་གྱིས་ཁལ་བཀལ་ཏེ་སོང་བ་ལས།ལམ་ཁར་ཆོམ་རྐུན་སྟོང་ཙམ་གནས་པའི་འབྲོག་དགོན་པར་ཕྱིན་པས།སྔོན་དུ་སོང་བའི་ཚོང་བ་ཐམས་ཅད་གསད་པའི་ཤ་ཁྲག་རུས་པ་ས་ཕྱོགས་ཐམས་ཅད་དུ་ཁྱབ།ཚོང་པ་བརྒྱ་སྟོང་ནི་གསལ་ཤིང་ལ་བཙུགས།ཆོམ་རྐུན་དེ་རྣམས་མིའི་ཤ་ཡང་ཟ་བ་སྲིན་པོ་ལྟ་བུ་ཡོད་པས།ཚོང་དཔོན་དེ་ཤིན་ཏུ་འཇིགས་ནས།མགོན་སྐྱབས་གཞན་མེད་པས་སྒྲོལ་མ་ལ་གསོལ་བ་བཏབ་པས།སྒྲོལ་མའི་སྤྲུལ་པ་དཔའ་བོ་གོ་མཚོན་ཐོགས་པའི་དམག་དཔག་ཏུ་མེད་པ་བྱུང་སྟེ།ཆོམ་རྐུན་དེ་རྣམས་རྒྱང་རིང་དུ་བསྐྲད་ཅིང་ཤི་བསད་ནི་མེད་དོ།།དེ་ལྟར་ཆོམ་རྐུན་རྣམས་བྱེར་བའི་ཤུལ་དུ་ཚོང་པ་དེ་ཉིད་བདེ་བར་ཕྱིན་ནས་སླར་ཡང་བྷ་རུ་གཙྪར་སླེབས་སོ།།
བཙོན་ར་ལས་བསྐྱབས་པ་ནི།རྐུན་པོའི་དཔོན་ཞིག་གིས་རྒྱལ་པོའི་བང་མཛོད་ཀྱི་ཁྱིམ་སུས་སྟེ་སོང་བ་ན།གཞན་མགོན་སྐྱབས་མེད་དེ།སྒྲོལ་མ་ལ་གསོལ་བ་བཏབ་པས་འདབ་ཆགས་ཁ་དོག་སྣ་ལྔ་པ་ཞིག་ནམ་མཁའ་ནས་བབས་ཏེ་བྱུང་ནས་ཞགས་པ་རྣམས་ཀྱང་བཀྲོལ།བཙོན་ཁང་གི་སྒོ་ཡང་རང་ཕྱེ་བར་གྱུར་ཏེ།ཅི་བདེར་མཐར་ནས་རང་ཡུལ་དུ་ཕྱིན་པ་ན།རྨི་ལམ་དུ་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བྱུང་སྟེ།གལ་ཏེ་ཁྱེད་ངའི་དྲིན་དྲན་ན།ཁྱེད་ཅག་འཁོར་དང་བཅས་པ་རྐུན་པོའི་ལས་སྤོངས་ཤིགཅེས་བྱུང་བས་རྐུན་པོ་དེ་ཉིད་འཁོར་ལྔ་བརྒྱ་དང་བཅས་ཆོམ་རྐུན་གྱི་ལས་སྤངས་ནས་དགེ་བ་རྒྱ་ཆེན་པོར་བྱེད་པ་བྱུང་ངོ་།།
རྒྱ་མཚོའི་རླབས་ཀྱི་འཇིགས་པ་ལས་བསྐྱབས་པ་ནི།ལྷོ་ཕྱོགས་ཀྱི་ལམ་དུ་ཞུགས་པའི་ཚོང་པ་ལྔ་སྟོང་ཙམ་ཞིག་གྲུ་བོ་ཆེ་གསུམ་བཟུང་སྟེ།གཟིངས་ཆེན་པོར་ཞུགས་ནས།རིན་པོ་ཆེའི་གླིང་དུ་ཕྱིན་ནས།གྲུ་གཅིག་ནི་རིན་པོ་ཆེས་ཁེངས་པར་བྱས་སོ།།ཡང་དེ་ནས་སོང་བ་ན་ཙན་དན་ས་མཆོག་གི་གླིང་དང་འཕྲད་དེ།གྲུ་གཉིས་པ་ཙན་དན་ས་མཆོག་གིས་གང་བར་བྱས་སོ།།དེ་ནས་ཡུལ་དུ་འོང་བར་འདོད་པ་ལ།རྒྱ་མཚོའི་ནོར་བདག་རྣམས་ཁྲོས་ཏེ་རླུང་ཆེན་པོ་བཏབ་པས་ཐག་རིང་དུ་ཁྱེར་རོ།།རྒྱ་མཚོའི་ཁ་དོག་གཅིག་པ་མང་པོ་བརྒལ་བའི་མཐར་རྦ་ཀློང་དྲག་ཏུ་འཁྲུགས་པ་ཞིག་ཏུ་སླེབ།དེ་གོང་དུ་ཚོང་པ་རྣམས་ཀྱིས།ཚངས་པ།ཁྱབ་འཇུག།དབང་ཕྱུགཟླ་བ།ཉི་མ།ཀུ་བེ་ར་ལ་སོགས་པ་རྣམས་ལ་ཉིན་མཚན་དུ་གསོལ་བ་འདེབས་ཀྱང་མ་ཕན་ལ།དེར་གྲུའི་ཐག་པ་ཆད་དེ།རིན་པོ་ཆེ་དང་ཙན་དན་གྱི་གྲུ་ཡང་སྟོར།གྲུ་ཆེ་ཡང་ནུབ་ལ་ཁད་པ་ན།དེ་ན་སངས་རྒྱས་པའི་དགེ་བསྙེན་གཅིག་ཡོད་པས།སྒྲོལ་མ་དྲན་པས་ཡི་གེ་བཅུ་པའི་སྔགས་སྐད་གསངས་མཐོན་པོས་བཟླས་པས།དེ་མ་ཐག་ཏུ་མཐུན་པའི་རླུང་བྱུང་སྟེ།གྲུ་ཚུར་ཐོག་ནས་ནུབ་གཅིག་ལ་འཛམ་བུའི་གླིང་དུ་སླེབས་པ་ན།རིན་པོ་ཆེ་དང་ཙན་དན་གྱི་གྲུ་ཡང་རླུང་གིས་ཚུར་བདས་ཏེ་མཉམ་དུ་འཛོམ་མོ།།
ཤ་ཟའི་འཇིགས་པ་ལས་བསྐྱབས་པ་ནི།ཤར་ཕྱོགས་ཀྱི་གཙུག་ལག་ཁང་ཞིག་ཏུ།ཉན་ཐོས་སེན་དྷ་པ་ཁོ་ན་གནས་པ་ཞིག་ཡིན་པ་ལས་དེར་དུས་ལན་གཅིག་ནུབ་མོ་རེས་ཀྱི་གཙུག་ལག་ཁང་གི་ཕྱི་རོལ་ཏུ་འཆག་ཏུ་སོང་བའི་དགེ་སློང་རེ་རེ་ཤི་ནས་གཙུག་ལག་ཁང་དེ་ཉིད་ཀྱི་ཚོགས་པ་འགྲིབ་པར་གྱུར་པ་ལས།ནུབ་གཅིག་དགེ་ཚུལ་ཞིག་འཆག་སར་སོང་བས།ཤ་ཟ་མདོག་རྔམ་ནག་ཅིང་མི་སྡུག་པ་མཆེ་བ་གཙིགས་པ་ཞིག་བྱུང་ནས་མགོ་བོ་ནས་བཟུང་བ་ན་ཐེག་ཆེན་པ་རྣམས་ལ་སྒྲོལ་མ་ཞེས་བྱ་བ་འཇིགས་བརྒྱད་ལས་སྐྱོབ་པ་གཅིག་ཡོད་ཅེས་ཟེར་གྱི་དེ་ལ་སྐྱབས་སུ་འགྲོ་སྙམ་ནས།སྒྲོལ་མ་ཞེས་མཚན་ནས་བོས་སོ།།དེར་ལྷ་མོ་ནག་མོ་རལ་གྲི་ཐོགས་པ་ཞིག་བྱུང་ནས་ཤ་ཟ་དེ་ལ་སྡིགས་པ་ན།ཤ་ཟ་དེས་དགེ་ཚུལ་ལ་བཟོད་པར་གསོལ་ཏེ།ས་འོག་ནས་ལྕགས་ཀྱི་བུམ་པ་མུ་ཏིག་གིས་གང་བ་ཞིག་ཕྱུང་ནས་བྱིན་ནོ།དེང་ཕྱིན་ཆད་གཙུག་ལག་ཁང་དེར་གནོད་པ་དེ་རྒྱུན་ཆད་དོ།།ཞེས་གསུངས་པ་ལྟར་སོ།།
དེ་ལ་ནང་གི་འཇིགས་པ་བརྒྱད་ནི་རྩ་ཉོན་དྲུག་གི་སྟེང་དུ་ཉེ་ཉོན་གྱི་ཕྲག་དོག་དང་སེར་སྣ་གཉིས་བསྣན་པ་ཡིན་ལ།དེ་དག་གི་གོ་རིམ་ཡང་རགས་ཕྲའི་རིམ་པའམ་རྒྱུད་ལ་སྐྱེ་ཚུལ་གྱི་རིམ་་པ་གང་ཡིན་ཞེས་དཔྱད་རིགས་ཤིང་།དེ་བཞིན་དུ་ཐེ་ཚོམ་དང་ཤ་ཟ་གཉིས་དཔེ་དོན་སྦྱོར་ཚུལ་ཇི་ལྟར་ཡིན་ཞེས་དཔྱོད་དགོས་ཀྱང་།ཁོ་བོ་རིག་པ་བརྟུལ་བས་དཔྱིས་ཕྱིན་པར་བཤད་པའི་རྔོ་མི་ཐོགས་ལ།འོན་ཀྱང་གཡར་ཁྲལ་ཙམ་དུ་སྨྲ་ན།ཤ་ཟ་སེམས་ཅན་ཕྲ་མོ་དེ་མངོན་ཤེས་མ་ཐོབ་པའི་སོ་སོ་སྐྱེ་བོ་རྣམས་ལ་བསྐལ་དོན་ཡིན་པས།ཡུལ་འདི་དང་དེ་ལྟ་བུ་ལ་ཤ་ཟ་ཡོད་ངེས་ཀྱི་དམ་བཅའ་མི་རིགས་པར་ཡིད་གཉིས་འབའ་ཞིག་གི་ཡུལ་ཡིན་པ་བཞིན།ཐེ་ཚོམ་ཡང་རྣམ་པ་ཀུན་ཏུ་རང་གི་ཡུལ་ལ་རྩེ་གཉིས་པའི་བློ་ཡིན་ཞེས་ན་རུང་ཙམ་སྣང་མོད།འོན་ཀྱང་གོང་དུ་སྨོས་པའི་ལོ་རྒྱུས་ལྟར་ན་དེ་ལྟ་བུའི་ཤ་ཟ་དེ་རགས་པའི་ལུས་ཅན་ཞིག་ཏུ་མངོན་པས་དེ་ལྟར་ན་ཤ་ཟ་ལ་རིགས་མང་པོ་ཡོད་དམ་མཁས་པ་རྣམས་དཔྱད་པར་འཚལ།།
གསུམ་པ་མཇུག་གི་དོན་ནི།སྨོན་ལམ་བཏབ་པ་དང།མཛད་བྱང་ངོ་།།དང་པོ་ལ།དམ་ཆོས་བསྒྲུབ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཚང་བརཕྲན་པ་ནི།
ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་།།ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སོགས།།མཐུན་པའི་རྐྱེན་རྣམས་ཡིད་བཞིན་འགྲུབ་པར་མཛོད།།
ཅེས་པ་སྒྲོལ་མ་ཁྱོད་ལ་དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུ་ལ་བརྟེན་ནས། ཚེ་རབས་ཀུན་ཏུ་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་ལ་སོགས་པའི་མཐུན་པའི་རྐྱེན་རྣམས་ཡིད་བཞིན་དུ་འགྲུབ་པར་མཛོད་ཅེས་སྨོན་པའོ། །
ཡང་འགྲོ་བ་རྣམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་སངས་རྒྱས་པར་སྨོན་པ་ནི། ཞིང་མཆོག་བདེ་བ་ཅན་དེར་འགྲོ་བ་ཀུན། །འདྲེན་མཛད་འོད་དཔག་མེད་པས་རྗེས་བཟུང་ནས། །དཀའ་བ་བརྒྱ་ཕྲག་སྤྱད་པ་མེད་པར་ཡང་། །མྱུར་དུ་སངས་རྒྱས་ས་ལ་རེག་གྱུར་ཅིག །
ཅེས་པ་ཞིང་མཆོག་བདེ་བ་ཅན་དེར་སྐྱེས་པའི་འགྲོ་བ་ཀུན་ཀྱང་འདྲེན་པ་འོད་དཔག་མེད་པས་དགྱེས་བཞིན་དུ་རྗེས་སུ་བཟུང་བ་ལ་བརྟེན་ནས། དཀའ་བ་བརྒྱ་ཕྲག་སྟེ་མང་པོ་སྤྱད་པ་ལ་ལྟོས་པ་མེད་པར་ཡང་མྱུར་དུ་སངས་རྒྱས་ཀྱི་ས་ལ་རེག་གྱུར་ཅིག་ཅེས་སྨོན་པའོ། །
ཡང་བདག་ཀྱང་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་རྟག་ཏུ་སློབ་པར་སྨོན་པ་ནི། བདག་ཀྱང་རྟག་ཏུ་ཚེ་རབས་དྲན་པ་དང་། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་། ། རྒྱལ་སྲས་སྤྱོད་པ་རླབས་ཆེན་ཚོལ་བ་ལ། ། བརྩོམ་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་པར་ཤོག །
ཅེས་པ་བདག་ཀྱང་འདི་ནས་བཟུང་སྟེ་དུས་རྟག་ཏུ་ཚེ་རབས་དྲན་པ་དང་བྱང་ཆུབ་ཀྱི་སེམས་དང་ནམ་ཡང་མི་འབྲལ་ཞིང་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེན་ཚོལ་བ་ལ་ནམ་ཡང་མི་ཞུམ་པའི་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་དུ་བསྟེན་པར་ཤོག་ཅེས་སྨོན་པའོ། །
ཡང་རང་དོན་མིན་པར་གཞན་དོན་སྒྲུབ་པའི་མཐུན་རྐྱེན་ཚང་བར་སྨོན་པ་ནི། རང་དོན་སྒྲུབ་ལ་ནམ་ཡང་མི་རེ་ཞིང་། །གཞན་དོན་འབའ་ཞིག་སྒྲུབ་ལ་གཞོལ་བ་དང་། ། སྤྱན་དང་མངོན་ཤེས་སྨྲ་མཁས་བཟོད་པ་སོགས། །གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག །
ཅེས་པ་བདག་ཚེ་རབས་ཐམས་ཅད་དུ་རང་དོན་སྒྲུབ་ལ་ནམ་ཡང་མི་རེ་ཞིང་གཞན་དོན་འབའ་ཞིག་སྒྲུབ་ལ་གཞོལ་བ་དང་། དེའི་ཚེ་ན་སྤྱན་ལྔ་དང་མངོན་ཤེས་དྲུག་དང་སྨྲ་མཁས་པ་དང་དཀའ་སྤྱད་བཟོད་པ་ལ་སོགས་པའི་གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག་ཅེས་སྨོན་པའོ། །
ཡང་བསྟན་པ་དང་འགྲོ་བའི་དོན་ཁོ་ནའི་ཆེད་དུ་སངས་རྒྱས་ཐོབ་པར་སྨོན་པ་ནི། རབ་འབྱམས་ཞིང་དུ་རྒྱལ་བའི་དམ་ཆོས་ཀུན། ། རྒྱས་པར་བྱེད་ལ་ནམ་ཡང་མི་ཞུམ་ཞིང་། །རྟག་ཏུ་སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། ། རྒྱལ་བའི་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །
ཅེས་པ་རབ་འབྱམས་ཏེ་གྲངས་མེད་པའི་ཞིང་དུ་རྒྱལ་བའི་དམ་ཆོས་ཀུན་རྒྱས་པར་བྱེད་ལ་ནམ་ཡང་མི་ཞུམ་ཞིང་། རྟག་ཏུ་སེམས་ཅན་ཀུན་གྱི་དོན་བསྒྲུབ་པའི་ཕྱིར་དུ་རྒྱལ་བའི་གོ་འཕང་བདེ་བླག་ཏུ་ཐོབ་པར་གྱུར་ཅིག་ཅེས་སྨོན་པའོ།
གཉིས་པ་མཛད་བྱང་ནི། རྗེ་བཙུན་བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་་སྒྲོལ་མ་ལ་བསྟོད་པ་མཁས་པའི་གཙུག་རྒྱན་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་ཡུན་རིང་དུ་གསོལ་བ་བཏབ་སྟེ། བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་ལེགས་པར་སྦྱར་བའོ་ཞེས་པ་སྟེ་གོ་སླའོ། །
འདིའི་ཡུན་རིང་དུ་གསོལ་བ་བཏབ་ཅེས་པ། རྗེ་དགེ་འདུན་གྲུབ་དེ་ཉིད་རྗེ་བཙུན་སྒྲོལ་མ་ལྷག་པའི་ལྷར་བསྟེན་ནས་དགུང་ལོ་ཡང་བརྒྱད་ཅུ་གྱ་བཞི་བཞེས་ཤིང་། དེའི་རིང་ལ་དམ་པའི་ཆོས་སྒྲུབ་པ་ལ་བར་ཆད་གཏན་མེད་ཅིང་། མཐུན་རྐྱེན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་བྱུང་བ་ཡང་རྗེ་བཙུན་སྒྲོལ་མའི་བཀའ་དྲིན་ཡིན་པ་བཞིན་རང་ཅག་ཀྱང་དེ་བཞིན་དུ་གསོལ་བ་གདབ་ན་ཕན་ཡོན་དེ་དག་འབྱུང་བར་གདོན་མི་ཟའོ། །
སྨྲས་པ། འབོལ་རྩོམ་དེ་ལྟ་བུ་ལ་རྣམ་བཤད་ཀྱི། །དགོས་པ་ཆུང་ཡང་བསྐུལ་བ་པོ་ཡི་ངོར། །དོན་དང་མི་འགལ་ཚིག་གི་འབྲུ་ནོན་ཙམ། །བསམ་པ་རྣམ་པར་དག་པས་བསྒྲུབས་པར་བྱས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །ཅི་ཡི་ཕྱིར་ན་ལེགས་ཚོགས་ཅི་མཆིས་པ། །བཤེས་གཉེན་དྲིན་ལས་བྱུང་བར་གསུངས་ཕྱིར་རོ། །
ཞེས་སྒྲོལ་བསྟོད་མཁས་པའི་གཙུག་རྒྱན་ཞེས་བྱ་བའི་རྣམ་པར་བཤད་པ་མཁས་པའི་གཙུག་ནོར་གྱི་ཕྲ་རྒྱན་ཞེས་པ་འདི་ཡང་ཨུ་རད་ཤོག་གི་ཆོས་རྗེ་ངག་དབང་ཆོས་དར་གྱིས་ལྷར་རྫས་སྲང་གང་གི་དོང་ཙེ་བཅས་བསྐུལ་བའི་ངོར། ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་སྐོར་བ་ཨ་ལག་ཤ་པ་ངག་དབང་བསྟན་དར་གྱིས་རང་ལོ་དོན་བདུན་ཐོག་ཏུ་སྦྱར་བའོ། །ཛ་ཡན་ཏུ། །འདི་ཡང་སྐུ་འབུམ་བྱམས་པ་གླིང་དུ་པར་དུ་བསྒྲུབས་པའོ། ། ། །
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn