དགེ་བའི་བཤེས་གཉེན་བཀྲ་ཤིས་རྒྱ་མཚོའི་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་རྗེས་དྲན་གསུང་བཤད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-10 11:54:48     རྩོམ་པ་པོ།   ཤེས་རབ་རྒྱ་མཚོས་ཡི་གེར་བཀོད།    ཀློག་ཐེངས།  

微信图片_20170610202757.jpg

 

微信图片_20170610202822.jpg

འོ་ལགས་སོ།  །དེ་རིང་རང་ཅག་རྣམས་ཀྱི་མགོན་དང་སྐྱབས་ཀྱི་དཔུང་གཉེན་དམ་པ་སྟེ་བླ་མ་རྡོ་རྗེ་འཆང་ཆེན་པོ་ཁོང་གི་མཛད་པ་རྗེས་དྲན་གྱི་ཚོགས་འདུ་ཆེན་པོ་འདིའི་སྟེང་ལ་ཞུགས་ཐུབ་པ་སྐལ་བ་བཟང་བོ་རེད།  དེ་རིང་བདག་ལ་གྲ་སྒྲིག་ཆེན་པོ་མེད་པས་རྗེས་དྲན་འཐད་ལ་སྐད་ཆ་ཉུང་ཙམ་ཞིག་བཤད་རྒྱུ་བྱེད།

སྤྱིར་བླ་མ་རྡོ་རྗེ་འཆང་ཆེན་པོ་ཁོང་གི་མཛད་པ་རྗེས་སུ་དྲན་པ་ལ་ཁོང་སྐུ་ན་གཞོན་དུས་དགོང་ལོ་བདུན་བརྒྱད་ཀྱི་བར་སྐབས་སུ་མཆོད་པ་ཏིང་ཕོར་ལྔ་བརྒྱ་ཆག་མེད་མཛད་པ་རེད།  འདི་ལྟ་བུའི་མཛད་པ་འདི་ཁ་སང་དེ་རིང་རྗེས་སུ་དྲན་ཏེ་རང་རང་གི་ཉམས་ལེན་ལ་འཁྱེར་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་བསམ།  ད་དུང་དེའི་རྗེས་སུ་དགོང་ལོ་བཅུ་དྲུག་བཅུ་བདུན་གྱི་སྐབས་སུ་བླ་བྲང་ལ་ཕེབས་སྟེ་དགོང་ལོ་ཉེར་བརྒྱད་ཀྱི་བར་དུ་ཆོས་འཆད་ཉན་བསླབ་པ་སློབ་གཉེར་གནང་བ་རེད།   དེ་དུས་སུ་ཁོང་གིས་དབང་བཀའ་ཆོས་ལ་གསན་པ་ལ་བསམ་བློ་ཞིག་བཏང་ན་དབང་བཀའ་ཆོས་ཁོ་ན་ལ་གསན་ནས་བཞུགས་པར་བསམ་པ་དང་།  སློབ་གཉེར་གནང་བ་ལ་བསམ་བློ་ཞིག་བཏང་ན་སྐུ་ཚེ་གང་བོར་སློབ་གཉེར་ཁོ་ན་གནང་བར་བསམ་པ་དེ་འདྲ་ཞིག་རེད།  དེ་ལྟ་བུའི་ཁོང་གི་མཛད་པ་རྣམ་ཐར་ལ་མཇལ་ནས་ཉམས་ལེན་བྱེད་མཁན་ཞིག་ཡིན་ནའང་རྗེས་སུ་སློབ་པ་ཞིག་ཡོང་རྒྱུ་དང་། ཁ་སང་དེ་རིང་སྤྱི་ཚོགས་ཟིང་ཟིང་ཆེ་བའི་སྐབས་འདིར་བླ་མའི་རྣམ་ཐར་ལ་མཇལ་ནས་རྗེས་སུ་དྲན་པ་ཙམ་མ་ཡིན་པར་ཉམས་ལེན་ལ་འཁྱེར་ཐུབ་རྒྱུ་ཤིན་ཏུ་གལ་ཆེན་རེད་བསམ།

དེའི་རྗེས་སུ་སྤྱི་ཚོགས་བསྒྱུར་བཀོད་ཀྱི་སྐབས་སུ་ཁོང་བཙོན་ནས་བཞུགས་ཏེ་བཙོན་ནས་མཛད་པ་མང་བོ་མཛད་པ་སྔོན་ལ་ཨ་ལགས་བློ་རྒྱམ་མཆོག་གིས་གསུངས་པ་ལྟར་ནད་པ་ཉམ་ཐག་དང་སྨྱོན་པ་ལ་སོགས་པ་ཁོང་གིས་བདག་སྐྱོང་གནང་ནས་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་མཛད་པ་རེད། དེ་ལྟ་བུའི་འཚོ་བ་དཀའ་ཁག་ཆེ་བའི་སྤྱི་ཚོགས་བསྒྱུར་བཀོད་སྐབས་སུ་གཞན་དོན་འབའ་ཞིག་སྒྲུབ་པ་རེད།  ད་དུང་མགོན་གསར་ཆོས་རྗེ་ཚང་གི་ཞལ་ནས། ཁོང་དེའི་སྐབས་སུ་ཕག་ཁང་ལ་གཙང་སྦྲ་བྱེད་པར་བསྐོ་བཞག་བྱེད་དུས་སུ་ཕག་ཁང་སོགས་མི་གཙང་བའི་སྡོད་ཁང་ལ་གཙང་སྦྲ་བྱས་ནས་ཆུས་བཀྲུས་ཏེ་མིའི་སྡོད་ཁང་ལྟ་བུ་ཞིག་ཏུ་བཏང་། ཁྱེད་ཀྱིས་དེ་འདྲའིདཀའ་ལས་ཤིག་རྒྱབ་ན་དགོས་མཚན་མེད་པས་དེ་འདྲའི་དཀའ་ལས་མ་བྱེད་རོགས་ཞེས་ཞུ་བ་བྱེད་དུས། ཁོང་གིས་འདི་ལྟ་བུའི་སྟེང་ནས་ཉམས་ལེན་བྱེད་ཤེས་ན་ཞིང་བཞེངས་པའི་ཉམས་ལེན་ཡོད་ཅེས་གསུངས་པར་གསུངས། རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་འདི་དང་འདི་ལྟ་བུའི་ཐུན་མོང་བའི་མཛད་པ་རྣམ་ཐར་སོགས་ཉམས་ལེན་ལ་འཁྱེར་ཨེ་ཐུབ་ལྟ་རྒྱུ་ཤིན་ཏུ་གལ་ཆེ།  

ཁོང་དགུང་ལོ་རྒན་པའི་གནས་སྐབས་སྤྱི་ལོ་བརྒྱད་ཅུ་ཐམ་པ་གྱ་གཅིག་གི་སྐབས་ནས་དགོང་ལོ་དགུ་བཅུ་གོ་བདུན་གྱི་བར་དུ་དཔྱིད་ཀ་ནས་སྟོན་ཁའི་བར་དུ་ཕྱོགས་སོ་སོའི་སློབ་གཉེར་བ་རྣམས་ལ་དབང་བཀའ་ཆོས་རྒྱུན་པར་གསུངས་པས། མདོ་སྨད་ཀྱི་ཡུལ་འདིར་བསྟན་པ་རིན་པོ་ཆེ་རྨང་ནས་གསོ་བར་མཛད་པ་སོགས་ཁོང་དགོང་ལོ་རྒན་པའི་གནས་སྐབས་ཀྱི་ལོ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་བསྔོས་པ་རེད། འདི་ལྟ་བུའི་ཁོང་གི་མཛད་པ་རྣམ་ཐར་འདི་ལ་འདིར་བཞུགས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་། ཕྱོགས་སོ་སོའི་དགེ་འདུན་པ་རྣམས་ཀྱིས་རྗེས་དྲན་བྱས་ནས་ཉམས་ལེན་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་བསམ། 

ཁ་སང་དེ་རིང་དཔལ་འབྱོར་གོང་འཕེལ་དུ་སོང་སྟེ་སྤྱི་ཚོགས་ཟིང་ཟིང་ཆེ་བའི་སྐབས་འདིར་ཁོང་གི་མཛད་པ་རྣམ་ཐར་རྗེས་དྲན་བྱས་ནས་ཉམས་ལེན་ལ་ཅུང་ཙམ་ཞིག་ཀྱང་འཁྱེར་ཨེ་ཐུབ་ལྟ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་བསམ།  ད་དུང་ཁོང་གིས་དངོས་སུ་ཞལ་ནས། རྒྱལ་ཁབ་ཀྱིས་ང་ལ་ཟླ་ཕོགས་སྒོར་སྟོང་གཅིག་གཉིས་ཙམ་ཞིག་སྟེར་གྱིན་ཡོད།  དེ་ནི་སྤྱི་ཚོགས་བསྒྱུར་བཀོད་ཀྱི་སྐབས་སུ་ལས་ཀ་མང་བོ་ཞིག་ལས་པ་དེའི་གླ་ཕོགས་ཡིན་པས་ང་ལ་བེད་སྤྱོད་བྱ་རྒྱུ་དབང་ཆ་ཡོད། དེ་མ་གཏོགས་འབུལ་བ་ཐམས་ཅད་དཀོན་མཆོག་གི་ཞིང་ས་ཕུལ་བ་ལས་ང་ལ་བེད་སྤྱོད་བྱ་རྒྱུ་དབང་ཆ་མེད་ཅེས་གསུངས། དེ་ལྟ་བུའི་མཛད་པ་རྣམ་ཐར་འདི་ཁ་སང་དེ་རིང་ཉམས་ལེན་ལ་འཁྱེར་ཨེ་ཐུབ་ལྟ་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད་བསམ།

ད་ལྟ་ཁོང་གི་ཡིག་གཟུགས་དཔེ་ཆ་ཞིག་བསྒྲིགས་ཡོད། འདིའི་ནང་དུ་ཁོང་རྒན་པར་གྱུར་དུས་ཀྱི་ཡིག་གཟུགས་དབུ་ཅན་དབུ་མེད་ལཝྩ་ཝརྟུ་ལ་སོགས་པ་མ་གཏོགས་ཁོང་སྐུ་ན་གཞོན་དུས་ཀྱི་ཡིག་གཟུགས་ལག་སོན་མ་བྱུང་བས་འགོད་མ་ཐུབ་པ་རེད། འདི་ལོ་སྔོན་མའི་ནང་དུ་དཔར་ནས་གང་སར་བཀྲམ་པ་ཡིན། བཀྲམ་པའི་རྒྱུ་མཚན་ནི་ཁོང་གི་དྲི་མ་མེད་པ་གཞན་ལས་ཁྱད་དུ་འཕགས་པ་ཡིག་གཟུགས་འདི་ཕྱོགས་སོ་སོ་ནས་རྒྱུན་འཛིན་དར་སྤེལ་བྱ་རྒྱུ་ཆེད་དུ་ཡིན། དེ་བས་དེང་གི་བརྡ་འཕྲིན་གྱི་དུས་རབ་འདིར་ཁོང་གི་ཡིག་གཟུགས་ལ་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་ངའི་རེ་བ་ཡིན། ད་ནི་ཁོང་གི་ཐུན་མོང་མཛད་པ་ཕྲ་མོ་རེ་རྗེས་སུ་དྲན་ནས་རྗེས་དྲན་བགྲོ་གླེང་འདི་ལ་བཀའ་དྲིན་ཞུ་བ་ཡིན།

                                          རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                   དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།