རིག་གནས་ཆུང་བ་ལྔ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-19 17:20:57     རྩོམ་པ་པོ།   འཇིགས་མེད་ཆོས་ཀྱི་རྡོ་རྗེ།    ཀློག་ཐེངས།  

u=2970664873,1378350387&fm=21&gp=0.jpg

སྙན་ངག་རིག་པ།

སྤྱིར་སྙན་ངག་ལ་རྒྱ་གར་ན་སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་བ་ལྟ་བུ་གོ་སླ་བའི་ལུགས་དང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལྟ་བུ་གོ་དཀའ་བའི་ལུགས་དང་། བྷ་ར་ཏའི་གཏམ་རྒྱུད་ལྟ་བུ་བྱ་དཀའ་བའི་ལུགས་སོགས་མང་ནའང་རྒྱན་གྱི་ཆ་ཚང་ཞིང་དགེ་མཚན་མང་བོ་དང་ལྡན་པ་ལ་སློབ་དཔོན་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་མ་ཉིད་གྲགས་ཆེ་བ་དང་། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚནགྱིས་དེ་ཉིད་བོད་ཡིག་ཏུ་བསྒྱུར་བ་ནས་བཟུང་སྟེ་སྙན་ངག་གི་གཞུང་དང་བསྟན་བཅོས་རྒྱས་བསྡུས་མང་བོ་དབྱར་མཚོ་ལྟར་རྒྱས་པར་གྱུར་ཅིང་། དེ་ཡང་མཛེས་བྱེད་ཚིག་སྦྱོར་ཐུན་མིན་ཡོན་ཏན་   བཅུ། །ཐུན་མོང་དོན་རྒྱན་སྒྲ་དང་གབ་པའི་ཚིག ། སྐྱོན་སྤངས་རྩོམ་པ་འཇིག་རྟེན་རྒྱན་དུ་བྱེད། །ཅེས་པ་ལྟར་རོ། །

བོད་འདིར་འཇམ་དབྱངས་ཀྱི་སྤྲུལ་པ་རྣམ་གསུམ་ཞེས་ཐུན་མོང་ལ་གྲགས་པའི་ནང་ཚན་དང་པོ་ས་པན་ཆེན་པོ་ནི། སྤྱི་ལོ1182ལོར་ས་སྐྱར་འཁྲུངས། སྐུ་བལྟམས་མ་ཐག་ནས་སཾ་སྐྲྀཏའི་སྐད་སྨྲ་བ་སོགས་ཁྱད་ཆོས་མང་བོ་བྱུང་། ཁྱད་པར་དུ་པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་མ་སང་གྷ་ཤྲཱིལ་ཐུན་མོང་རིག་གནས་མང་བོ་གསན་ཏེ་ནང་བྱན་ཆུད་པར་མཛད་ཅིང་། མཁས་པ་འཇུག་པའི་སྒོ་སོགས་གནས་ལྔ་རིག་པ་སྤྱི་དང་། ནང་སྒོས་སུ་སྙན་ངག་གི་གཞུང་ལུགས་སྟེང་ནས་སྦྱོང་བའི་ལམ་སྲོལ་དར་བར་མཛད་པ་དང་། གསུང་རྩོམ་མཐའ་དག་ལ་སྒྲ་སྙན་སྡེབ་སྦྱོར་གཏན་ཚིགས་སོགས་ཉམས་དང་རྒྱན་གྱིས་མཛེས་པ་ཅི་ཡང་ལྡན་པས་ན། རང་ཉིད་ཀྱིས་ཀྱང་། སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །ཞེས་གསུངས་ཤིང་། ཞ་ལུ་ལོ་ཆེན་གྱིས་ཀྱང་། ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། །ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་། །ཞེས་གསུངས་ཤིང་། ཁོང་ལ་པཎ་ཆེན་ཞེས་པའི་མཚན་ཐོགས་པ་ཡང་། རིག་གནས་སྤྱི་དང་། ཁྱད་པར་ཚད་མ་དང་གསུང་རྩོམ་གྱི་སྟེང་ནས་རང་བཞིན་བརྗོད་པ་ཡིན། རྣམ་ཐར་གཞན་རྣམས་གོང་དུའང་སོང་ལ། རྒྱས་པར་རྣམ་ཐར་དུ་གསལ་ལོ། །

མངོན་བརྗོད་རིག་པ།

མངོན་བརྗོད་ལ་སྡེ་སྣོད་གསུམ་དུ་མིང་གི་ཚོགས་མཐའ་ཡས་པ་དེ་དག་བོད་འདིར་བཀས་བཅད་གསུམ་གྱིས་ངེས་ཚིག་ལེགས་པར་ཕྱེ་བ་དང་། ཁྱད་པར་དུ་མཁས་པ་ཆེན་པོ་འཆི་མེད་སེང་གེས་མཛད་པའི་གཞུང་ནི་གྲགས་ཆེ་ཞིང་། རྗེ་ས་པཎ་ཉིད་ཀྱིས་རྟགས་གསུམ་དང་རྣམ་དབྱེ་ལེགས་པར་ཕྱེད་པའི་སྒོ་ནས་རིག་པའི་གནས་འདིའི་སྲོལ་ཆེ་བར་བཏོད། གཞན་ཡང་འཆི་མེད་མཛོད་དང་ཡི་གེ་གཅིག་པའི་གཞུང་སོགས་ལ་བརྟེན་པའི་བསྟན་བཅོས་མང་པོ་བཞུགས་ཏེ། ཇི་སྐད་དུ། མིང་གཅིག་དོན་མང་དོན་གཅིག་མིང་མང་གིས། །མངོན་བརྗོད་ཁམས་དང་མིང་དོན་ཁོང་ཆུད་བྱ། །ཞེས་པ་ལྟར་རོ། །

སྡེབ་སྦྱོར་རིག་པ།

སྒྲ་རིག་པའི་ཡན་ལག་རིག་གནས་ཆུང་བ་སྡེབ་སྦྱོར་ནི། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས། དེ་ཡི་འགྲེལ་བ། སྡེབ་སྦྱོར་དཔེར་བརྗོད་སོགས་རྒྱ་འགྲེལ་རྣམས་སོ། །ཡི་གེ་བགྲང་ཞིང་མི་མཉམ་པ་ལ་བྲྀཏྟ་དང་། ཡི་གེ་བགྲང་ཞིང་མི་མཉམ་པ་ལ་ཛཱ་ཏི་ཟེར་ཞིང་། དེ་ཡི་དབྱེ་བ་འཕྲེང་འཛིན་གྱི་སྡེབ་སྦྱོར། རྗེས་སྔགས་སྡེབ་སྦྱོར་། རྗེས་སྔགས་སྡེབ་སྦྱོར་སོགས་ཤིན་ཏུ་མང་ངོ་། །བོད་ཀྱི་ཚིགས་བཅད་རྩོམ་ལུགས་ལྟ་བུ་རྒྱ་གར་གྱི་ཚིགས་བཅད་རྩོམ་ལུགས་དང་མི་འདྲ་ཞིང་། ཡི་གེ་ལྕི་ཡང་སྤེལ་ནས་རྩོམ་དགོས་པས། སྦྱོར་བ་དག་གི་ཐོག་མར་ནི། །ཚེག་དྲག་ཅན་དང་ཐིག་ལེ་ཅན། ། ཚིག་མཐའ་རིང་པོའི་ཡི་གེ་ནི། །ལྕི་བའི་ཡི་གེ་ཞེས་སུ་གྲགས། །ཞེས་གསུངས་པ་ལྟར། སུམ་རྐང་རྣམས་ཀྱི་ལཉྫའི་མགོ་ལ། ལྕི་བ་རི་མོ་འཁྱོག་པོ། ཡང་བ་ལ་རི་མོ་དྲང་པོ། ལྕི་བ་ངལ་བསོ་ལ་འཁྱོག་པོ་ཐིག་ལེ་ཅན་བྱ་དགོས་པའོ། །

ཟློས་གར་རིག་པ།

སྒྲ་ཡི་ཡན་ལག་རིག་གནས་ཆུང་བ་ཟློས་གར་ཏེ། ཟློས་གར་གྱི་ཡན་ལག་ལྔ་སྟེ། མདོ་འཛིན་དང་གཅིག རོལ་མོ་དང་གཉིས། ཆས་ཞུགས་དང་གསུམ། བཞད་གད་དང་བཞིའོ། །དེ་ཡང་ལུས་ཀྱི་རྣམ་འགྱུར་དང་། རྐང་ལག་གི་སྟངས་སྟབས་དང་། ངག་གི་སྨྲ་བརྗོད་དུ་མ་ཡང་ཡང་ཟློས་ཤིང་བྱེད་པས་ན། ཟློས་གར་དུ་བཤད་པའོ། །ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་པ་ནི། བྱེད་ཚུལ་ལུས་ཀྱི་གར་ཆས་འདྲ་བའི་སྡེ་ཚན་དང་། མི་འདྲ་བའི་སྡེ་ཚན་མང་དུ་གྱོན་ཞིང་། ལུས་དང་། ཡན་ལག་གི་རྣམ་འགྱུར་སྣ་ཚོགས་དང་། དབྱངས་དང་སྐད་ཀྱི་བྱེ་བྲག་ཐ་དད་པ་དང་། ངག་གི་སྦྱོར་བ་དུ་མ་བྱེད་པའོ། །ངག་གི་བྱེད་ལུགས་ཇི་ལྟ་བུ་ཞེ་ན། རྒྱལ་པོ་དང་སྐྱེས་པའི་ཆ་ལུགས་ཅན་གྱིས་ལེགས་སྦྱར་གྱི་སྐད་ཀྱིས་གཏམ་སྨྲ། བུད་མེད་ཀྱི་ཆ་ལུགས་ཅན་རྣམས་ཀྱིས་ཡུལ་མི་རང་བཞིན་པའི་སྐད་ཀྱིས་གཏམ་སྨྲ། བྲན་ཕོ་དང་བྲན་མོའི་ཆ་ལུགས་ཅན་རྣམས་ཀྱིས་ཟུར་ཆག་གི་སྐད་ཀྱིས་གཏམ་སྨྲ་ཞིང་། བཞད་གད་དང་ཅོ་འདྲི་དང་། གླེང་སློང་བ་སོགས་བྱེད། འབྱུང་པོ་གནོད་སྦྱིན་རོ་ལངས་སོགས་མི་མ་ཡིན་གྱི་ཆ་ལུགས་ཅན་རྣམས་ཀྱི་ཤ་ཟའི་སྐད་ཀྱིས་གཏམ་སྨྲ་ཞིང་། ཁྲོ་བ་དང་། དགོད་པ་དང་། སྡིགས་པ་དང་། མི་བསྐྱོད་པ་དང་། གཞན་འཕྱེས་དང་། གླུ་གར་སོགས་ཀྱི་བྱ་བ་བྱེད་པ་སྟེ་སེམས་ཀྱི་འགྱུ་བ་ལྟར་ལུས་ཀྱི་རྣམ་འགྱུར་དང་། དེ་དང་མཐུན་པར་ངག་གི་ཉམས་བཅས་སུམ་ཆར་ནས་ཡིན་གྱི་གོང་གསལ་ངོ་སྤྲོད་ཀྱི་མཚན་གཞིར་བཀོད་པ་ཡིན་ནོ། །

ཟློས་གར་རིག་པ་བོད་དུ་སྤེལ་མཁན་མིང་གྲགས་ཅན་ནི་གྲུབ་ཕོ་ཆེན་ཐང་སྟོང་རྒྱལ་པོ་ཡིན། ཁོང་ལ་བྱས་རྗེས་ཆེན་པོ་བཅུ་བཞི་ཡོད་པ་ལས་གཅིག་ནི་འཆམ་ཟློས་གར་གྱི་སྲོལ་སྤེལ་བར་ངོས་འཛིན་ནོ། ། ཟློས་གར་ལ་མཚམས་སྦྱོར་ལྔ་དང་ཡན་ལག་ལྔ་བཅུ་སྟེ། མཚམས་སྦྱོར་ལྔ་ནི། སྒོ། ལན་གྱི་སྒོ། སྙིང་བོ། མི་བཟོད་པ། ངེས་ཐུབ་བོ། །དེའི་ཡན་ལག་ལ། གཅིག་ཉེ་བར་ལེན་པ། ཉེ་བར་མཁོ་བ་། ཡོངས་སུ་འཇོག་པ། རྣམ་པར་སྲེད་པ། རིག་པ། ཐོབ་པ། མཉམ་པར་འཇོག་པ། སྒྲུབ་པ། བརྙེས་པ། དབྱེ་བ། དབྱེ་བར་བྱེད་པའོ། །གཉིས། ཡོངས་སུ་འགྲོ་བ། རྣམ་པར་འདར་བ། གདུང་བ། རྩེད་མོ། རྩེད་མོའི་མདངས། རབ་ཏུ་འགྲོ་བ། འགལ་བ། ཉེ་བར་གནས་པ། མ་དག་པ། སྐྱེ་བོ་འགོད་པར་རྩོམ་པ། ཡི་གེ་བསྡུ་བའོ། །གསུམ། མ་བྱུང་བ་དཔེར་བརྗོད་པ། ལམ་གྱི་རང་བཞིན་དཔེར་བརྗོད་པའི་རིམ་པ་བསྡུ་བ། རྗེས་སུ་དཔག་པ། སློང་བ། བརྟག་དཔྱད། གཟེར་བ། སྟོབས་ལྷག་པ། ཡིད་འབྱུང་བ། འཚབ་པའོ། །བཞི། རྒོལ་བ། འཐོར་བ། འཛག་པ། ནུས་པ། ཕན་ཚུན་དུ་གནས་པ། འགྲོ་བ་གསལ་བ། འབྱེད་པ། འགོག་པ། འགལ་བ་ལེན་པ། འདྲིད་པ། རབ་ཏུ་སྲེད་པ། ལྔ། མཚམས་སྦྱོར། འགོག་པ། སྤེལ་བ། གཏན་ལ་ཕབ་པ། སྨོད་པ་གསལ་བ། རབ་དྭངས། ཀུན་དགའ། དུས། ཉེས་པར་སྦེད་པ། བསམ་པ་སྔ་མ་འཆད་པ། སྙན་ངག་བསྡུ་བ། རང་གིས་སྟོན་པ་བཅས་སོ། །

སྐར་རྩིས་རིག་པ།

དཀར་རྩིས་དུས་འཁོར་ལས་བྱུང་བ་ནི་དོན་དང་རྒྱུད་པ་དུས་འཁོར་ལྟར་ཏེ་ཕྱི་དུས་ཀྱི་འཁོར་ལོའི་ཕྱོགས་ཡིན། གཙུག་ན་ཟླ་བའི་དབྱངས་འཆར་ནི་སངས་རྒྱས། ལྷ་དབང་ཕྱུག དཔལ་རྟ་མགྲིན་མགོན་པོ་དང་། དེའི་སྲས་ཚངས་ལྷ་ནཱ་ཐ་སོགས་བརྒྱུད་དེ་བྱུང་བ་གློ་བོ་ལོ་ཙཱ་པས་ཛ་ཡ་ཨ་ན་ནྟ་ལ་གསན་ཏེ་བོད་དུ་བརྒྱུད་པ་དང་། ནག་རྩིས་བོད་ཀྱི་མ་བསླད་པ་ནི། འཇམ་དཔལ་སྨྲ་བའི་སེང་གེས་རི་བ་རྩེ་ལྔར་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་གནང་བ་ལོ་ཙཱ་པ་དར་ཕོ་ཆེན་ཐིག་ལེ་དང་། བཻ་རོ་ཙ་ན། ཁམ་པ་ཕྲ་མོ་སོགས་ཀྱིས་ཉི་མ་གསེར་ཕྲེང་སོགས་སྔ་འགྱུར་དང་། སྟག་རྣ་སོགས་ཕྱི་འགྱུར་ཁྱུང་ནག་ཤཱཀ་དར་དང་ཐུག་པ་ཨརྱ་དེ་བ་ སོགས་ལ་བརྒྱུད་དེ་རྒྱ་ནག་གི་གཞུང་ངོ་མ་དང་། དེ་ལ་བོད་ཀྱི་གཏེར་མ་བསྲེས་བསླད་ཅན་སྣ་ཚོགས་ཡོད་པ་དང་། དེང་སང་ཡང་ཆ་ཤས་འགའ་རེ་མ་ཉམས་པར་ཡོད་དོ། །

ནང་བསྟན་ལྷ་ཚོགས་ཆེན་མོལས་བཤུས།

                                              རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།