སྨྲ་བ་རྣམ་པར་ངེས་པ་རབ་དགའི་འཇུག་པ་ཞེས་བྱ་བ།
༄༅།།ཨོ་སྭ་སྟི། སྨྲ་བ་རྣམ་པར་ངེས་པ་རབ་དགའི་འཇུག་པ་ཞེས་བྱ་བ་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ།།
ཟླ་བའི་བཞིན་རས་འཛུམ་པའི་འོད་དཀར་ཅན། །
ཨུཏྤལ་མིག་གི་ཟུར་མིག་འཕེན་ལ་མཁས། །
དོ་ཤལ་ཁུར་གྱིས་ངལ་བའི་ནུ་འབུར་མཛེས།།
ཚངས་པའི་བུ་མོས་ངག་གི་མཆོག་སྦྱིན་མཛོད། །
འདི་ན་ཐ་སྙད་ཚིག་གི་རྣམ་དབྱེ་ལ། །
བ་ལང་རྫི་དང་ཁྱད་པར་མ་མཆིས་ཀྱང༌།།
གསུང་རབ་ཐ་སྙད་གཙུག་ལག་གཞུང་ལུགས་ལ། །
མཁས་པར་སྨྲ་བ་གྱི་ནར་མ་ཡིན་ནམ། །
དེ་ཕྱིར་རྣམ་དཔྱོད་ལྡན་རྣམས་ལ།།
བདག་གིས་བླུན་དང་མཁས་པ་ཡི། །
ཐ་སྙད་རྣམ་དབྱེ་མདོ་ཙམ་བསྟན། །
མ་ལུས་སུ་ཡིས་བརྗོད་པར་ནུས།།
གཞུང་ལུགས་ལེགས་བཤད་འདོམས་པ་སོགས། །
ཡོངས་འཛིན་དགེ་བའི་བཤེས་དག་ལ། །
སློབ་དཔོན་ཞེས་པའི་ཐ་སྙད་ནི།།
བསྟན་བཅོས་དག་དང་མཁས་ལ་གྲགས། །
གློ་དཔོན་སློ་བོན་ཟློ་དཔོན་ཞེས།།
ཟེར་བ་བླུན་པོའི་ཡུལ་སྐད་ཡིན།།
བླ་རེ་ཡོལ་བ་ལྷག་མ་ཞེས། །
མཁས་པ་དག་གིས་བརྗོད་བྱ་སྟེ། །
བླབ་རེ་ཡོལ་ལ་ལྡང་མ་ཞེས། །
སྨྲ་བ་བླུན་པོའི་ཡུལ་སྐད་ཡིན།།
མཆོད་རྟེན་ཐང་ཀ་རས་རིས་དང༌། །
རྡོ་རྗེ་དྲིལ་བུ་ཞེས་བརྗོད་ཀྱི། །
འབུམ་པ་ཐངས་སྐུ་རྡར་ཤེ་དང༌།།
དྲིལ་ལུ་བླུན་པོའི་ཡུལ་སྐད་ཡིན། །
དགེ་འདུན་དག་པ་དགེ་ལེགས་ཞེས། །
བརྗོད་བྱ་དགྱེ་འདུན་དགྱེ་པ་དང་༌།།
དགྱེ་ལེགས་བླུན་པོའི་ཡུལ་སྐད་ཡིན། །
འོང་བ་ཡོད་ཅེས་མཁས་པས་བརྗོད། །
ཡོང་བ་འོད་ཅེས་ཟེར་བ་ནི།།
བླུན་པོ་དག་གི་ཡུལ་སྐད་ཡིན།།
སྔོན་པོ་སེར་པོ་དམར་པོ་དང༌། །
དཀར་པོ་ནག་པོ་ལྗང་ཁུ་ཞེས། །
བརྗོད་བྱ་སྔོ་ནུ་སེར་རུ་དང༌།།
དམའ་རུ་དཀའ་རུ་ན་གུ་དང༌། །
ལྗང་གུ་ཞེས་པ་བླུན་ཚིག་ཡིན། །
ཁམས་བདེ་བ་དང་མདངས་བཟང་ཞེས།།
བརྗོད་བྱའི་ཁམས་བཟང་མདངས་ལྡན་ཞེས།།
ཟེར་བ་བླུན་པོའི་གྲོང་ཚིག་ཡིན།།
མར་མེ་སྒྲོན་མེ་སྣང་གསལ་ཞེས། །
བརྗོད་བྱ་ལྷོ་ཞུགས་ཨུད་དུ་དང༌།།
ཞུ་མར་དང་ནི་མེ་མར་ཞེས། །
ཟེར་བ་བླུན་པོའི་ཐ་སྙད་ཡིན། །
གོད་པ་མཆིལ་ལྷམ་ཆགས་དང་ནི། །
ཞྭ་མོ་གྱོན་ཞེས་བརྗོད་བྱ་ཡི།།
གོང་ང་རྐང་རྫ་ཞ་པོ་དང༌། །
ཞྭ་ཙེ་གོན་ཞེས་ཟེར་བ་ནི། །
ཡུལ་སྐད་མཁས་པའི་བཞད་གད་གནས། །
གང་དུ་འགྲོ་ཞེས་འདྲི་བ་ལ།།
ཁང་སྟོང་འགྲོ་ཞེས་བརྗོད་བྱ་ཡི། །
གན་དུ་འགྲོ་ཞེས་འདྲི་བྱེད་ཅིང༌། །
ཁ་དོག་འགྲོ་ཞེས་སྨྲ་བ་ནི།།
བླུན་པོའི་ཡུལ་སྐད་བཞད་གད་གཞི། །
དངོས་པོ་ཆུང་ངུ་ཉུང་ངུ་ལ།།
ཅུང་ཟད་ཙམ་ཞེས་བརྗོད་བྱ་ཡིན།།
སེན་ཙམ་རང་ཙམ་དུམ་པ་ཞེས།།
ཟེར་བ་སོ་སོའི་ཡུལ་སྐད་ཡིན།།
ཀུན་དང་ཐམས་ཅད་མ་ལུས་ཞེས། །
མཁས་པ་རྣམས་ལ་ཡོངས་སུ་གྲགས། །
ཨམ་རངས་ཨོ་རིལ་དགང་ཅན་སོགས།།
བླུན་པོ་སོ་སོའི་ཡུལ་སྐད་ཡིན།།
ལག་པ་རྐང་པ་སོར་མོ་དང༌། །
མཛུབ་མོ་ཞེས་པ་མཁས་ལ་གྲགས།།
རྐང་ཡེ་རྐ་པ་ལ་པ་དང༌།།
རྟི་པ་མཛུ་གུ་ཡུལ་སྐད་ཡིན།།
མིག་དང་རྣ་བ་མགྲིན་པ་ཞེས།།
བརྗོད་བྱ་དམིག་དང་རྣམ་མཆོག་དང༌།།
ཨོལ་ལེ་ཞེས་པ་བླུན་སྐད་ཡིན། །
ཕྲག་པ་རྐེད་པ་བྱིན་པ་ཞེས།།
བརྗོད་བྱ་འཕྲག་པ་སྐྱེད་པ་དང༌། །
ཉ་ལྡིར་ཞེས་པ་བླུན་པོའི་ཚིག །
རྫི་མ་མིག་འབྲས་ལོང་བུ་དང༌།།
སྐ་རགས་སྐས་ཞེས་བརྗོད་བྱ་སྟེ།།
གཟེ་མ་དམིག་རིལ་རློང་མོར་དང༌།།
སྐྱེ་རགས་དང་ནི་སྐྲས་པ་དང༌། །
རྐན་ཙ་ཞེས་པ་བླུན་པོའི་བརྡ། །
ཡིན་པའི་ཟླ་བོ་མིན་པ་ཞེས།།
བརྗོད་བྱ་མན་དང་མན་ཞེས་པ། །
ཡུལ་སྐད་གྲོང་པའི་བླུན་ཚིག་ཡིན། །
བུད་མེད་བུ་མོ་བོང་བུ་དང༌།།
བྱ་རོག་ཕུག་རོན་བྱེའུ་དང༌། །
ས་དང་ཟླ་བ་ཤ་དང་གསེར། །
སྒྲེ་མོང་ཡང་ན་ནེའུ་ལེ། །
ཁྱིམ་བྱ་ཁྱི་དང་བུ་རམ་ཞེས།།
བསྟན་བཅོས་དག་དང་མཁས་རྣམས་བརྗོད། །
བདེ་མེད་བྱེས་མེད་པོ་མོ་དང༌།།
བུ་དུ་ཕོ་རོག་ཨོ་རོག་དང༌།།
གོ་རོག་ཕུག་རོན་ཨུ་འགུ་དང༌།།
བྱེ་ཡི་གསའ་དང་ལྔ་པ་དང༌།།
གཤའ་དང་སེར་དང་བསྲེ་མོ་དང༌། །
གཟེར་མོ་བྱ་ཕོ་ཀྱི་དང་ནི། །
གུ་རམ་བླུན་པོའི་ཡུལ་སྐད་ཡིན།།
ཙམ་པ་ཕྱེ་དང་ཐུག་པ་དང༌།།
འཇམ་དང་ཚོད་མ་སྐྱོ་མ་དང༌། །
ལྡག་པ་ཞེས་ནི་མདོ་ལས་གྲགས། །
ཕ་དང་ཆུང་ངུ་ཉོད་པ་དང༌།།
ཧཱུབ་དང་སྐྱོ་བོ་སྐྱོ་ལྡོག་དང༌། །
ཨ་ལྡོག་ལ་སོགས་ཡུལ་སྐད་ཡིན།།
ཡོད་མེད་མཆིས་དང་མ་མཆིས་ཞེས།།
བརྗོད་བྱ་འོད་དང་མོད་པ་ཞེས།།
སྨྲ་བ་ཤིན་ཏུ་བླུན་པ་ཡིན། །
འུ་འུ་ཅག་དང་རང་ཅག་དང༌།།
ཟླ་བོ་དང་ནི་གྲོགས་པོ་དང༌། །
མཛའ་བཤེས་གཉེན་དང་ཉེ་དུ་ཞེས།།
བསྟན་བཅོས་དག་དང་མཁས་ལ་གྲགས། །
འམ་ཅག་བ་ཅག་འུ་རད་དང༌། །
ཡ་པོ་རོག་པོ་ཤག་པ་དང༌། །
ཉེ་ཚན་བླུན་པོའི་ཡུལ་སྐད་ཡིན།།
བདག་དང་ང་དང་བདག་ཅག་དང༌། །
ངེད་རང་ངེད་ཅག་ཁྱོད་དང་ནི། །
ཁྱེད་དང་ཁྱེད་ཅག་དངོས་ཅག་དང༌།།
གཡར་ངོ་ཞེས་པ་མདོ་ལས་གྲགས།།
ཉེ་རང་འན་བུ་འབངས་ཅག་དང༌། །
ཉིད་དང་ཉི་ཅག་ཁྱོ་ཅག་དང༌། །
ཁུ་གུན་ཞེས་པ་ཡུལ་སྐད་ཡིན།།
རྒྱལ་པོ་རྗེ་བོ་ས་བདག་དང༌།།
མི་དབང་མི་བདག་ས་འཛིན་དབང༌། །
དམག་དཔོན་བློན་པོ་ཉུག་རུམ་པ། །
ཞམ་རིང་མདུན་ན་འདོན་དང་ནི།།
གྲོང་དཔོན་གཙོ་བོ་རུས་སྣ་བ། །
བཙུན་མོ་དག་དང་བཙུན་མོའི་འཁོར།།
འཁོར་གཡོག་བྲན་ཕོ་བྲན་མོ་དང༌།།
ཁོལ་དང་འབངས་དང་ལས་བྱེད་ཅེས། །
བསྟན་བཅོས་དག་དང་མཁས་ལ་གྲགས།།
རྒྱལ་ལ་ཆེ་ས་བདག་པོ་དང༌།།
ཞམ་རིང་བ་ལ་དྲུང་སྐོར་དང༌།།
གཉེར་པ་དཔོན་ཆེན་རྫོང་ཕྱི་སོགས།།
འཇིག་རྟེན་ཕལ་པའི་གྲོང་ཚིག་ཡིན།།
གནས་དེར་ཕྱིན་དང་སླེབས་པ་དང༌། །
མཆོངས་དང་བརྒྱུགས་དང་བྲོས་པ་དང༌། །
རིངས་པར་ཕྱིན་དང་ཕྱི་བཞིན་སྙེགས།།
ཕ་རོལ་དང་ནི་ཚུ་རོལ་དང༌།།
འོ་ནོར་ཞོག་དང་ཚུར་ལ་ཐོང༌། །
གླལ་དང་སྒྲགས་པ་མིད་པ་ཞེས། །
བརྗོད་བྱ་ཏོལ་དང་ཏེལ་དང་ནི།།
འཕུར་དང་བང་དང་དཀྱུས་པ་དང༌། །
ངེད་དང་ཟུལ་དང་ཧ་རོལ་དང༌། །
ཧ་གི་ཚུ་གི་ཞེས་བྱ་དང༌།།
ཧ་གིར་ཞོག་དང་ཚུར་ལ་ཨོང༌།།
གཡལ་དང་སྐྱེགས་པ་ཨོལ་གོང་དང༌།།
ཞེས་པ་ཡུལ་ཕྱོགས་སོ་སོ་ཡི། །
ཡུལ་སྐད་བླུན་པོའི་ཐ་སྙད་ཡིན།།
འདས་དུས་སྔོན་ཚེ་སྔོན་རབས་དང༌། །
སྔོན་དུས་རིང་མོ་ཞིག་གི་དུས། །
དགུང་ཟླ་ཡར་ངོ་མར་ངོ་དང༌།།
ཁ་ནིང་དགུང་བདུན་འདས་ཚ་སོགས། །
ད་ལྟ་དེང་དུས་དེང་སང་དང༌། །
སང་ཉིན་ཕྱི་དེ་ཉིན་བར་དང༌།།
འབྱུང་འགྱུར་ཕྱི་དུས་མ་འོངས་པ། །
ཕྱི་དེ་ལ་དང་ཕྱེམ་རེད་དང༌། །
ད་གདོད་སླད་མ་ནང་དང་ཕྱི།།
ནང་རོལ་ཕྱི་རོལ་བྱས་དང་བྱེད།།
བྱེད་པར་འགྱུར་ཞེས་མཁས་རྣམས་བརྗོད།།
ན་ནིང་ཁ་སིང་ཁར་ཙང་དང༌།།
ཟླ་ཕེང་དེ་རག་ད་འདའ་དང༌། །
ཞོགས་པ་ཞོགས་སྐ་ངོ་རེ་དང༌། །
འཕྱི་མོ་ད་གཟོད་གཟོ་དེ་དང༌།།
ནང་མོ་དང་ནི་ཕྱི་སྟ་དང༌། །
གྱས་དང་གྱེད་དང་གྱེད་འགྱུར་སོགས། །
སོ་སོའི་ཡུལ་སྐད་བླུན་པོའི་བརྡ།།
མར་མེའི་སྣང་བ་ཆོས་གནང་བ། །
གསང་བ་གདིང་བ་འོང་བ་དང༌། །
ཕྲེང་བ་འཆིང་བ་མཐོང་བ་དང༌།།
བྱོན་པ་བཞུད་པ་མཆོད་པ་ལ། །
སྣང་ང་གནང་ང་གསང་ང་དང༌།།
གདིང་ང་འོང་ང་འཕྲེང་ང་དང༌།།
འཆིང་ང་མཐོང་ང་སྣང་བ་དང༌། །
གནང་བ་བྱིན་དང་གསང་བ་དང༌། །
གདིང་བ་འོང་བ་ཕྲེང་བ་དང༌།།
འཆིང་བ་མཐོང་བ་བྱོན་ཏ་དང༌། །
གཞུང་ཏ་མཆོད་ཏ་ལ་སོགས་སུ། །
བརྗོད་པ་བླུན་པོའི་ཡུལ་སྐད་ཡིན།།
ཆེན་པོ་ལ་ནི་ཆེད་པོ་དང༌། །
ཕུ་དུང་མ་ཡང་ཕུ་རུང་དང༌། །
ལ་གོར་ཤོག་ལ་ལ་འུར་ཤོག །
རིངས་པར་ཤོག་དང་ཤང་ཤོག་ཅེས།།
ཟེར་བ་བླུན་པོའི་ཡུལ་སྐད་ཡིན། །
འདི་དག་འདི་རྣམས་དེ་རྣམས་དང༌། །
དེ་དག་ཅེས་པ་མཁས་ལ་གྲགས།།
འདི་དེའི་རེའུ་དེ་རྒྱགས་དང༌། །
འདི་རྒྱགས་ཞེས་པ་བླུན་པོའི་ཚིག །
དབྱུགས་པ་ལ་ཡང་རྒྱུག་པ་དང༌།།
གྲུམ་ཟེའམ་དྲའུ་རྔོག་ལ་ཡང༌། །
བྲུམ་ཚེ་ཞེས་ནི་ཟེར་བ་དང༌། །
ཕྱམ་ཚེ་ལ་ནི་ཙམ་སེ་དང༌།།
བླ་གོས་ལ་ཡང་ཐང་ང་དང༌། །
ཤམ་ཐབས་ལ་ནི་ཤན་ཐབས་དང༌། །
སྤྲིན་ལ་སྲིན་དང་སྤྱིན་ལ་བཤིན། །
སྲང་ལ་གསང་དང་ཉ་ག་དང༌།།
ཕོར་བུ་ལ་ནི་ཕོར་པ་དང༌། །
དེ་བཞིན་ཕོ་རུ་ཞེས་བརྗོད་དང༌། །
སྟེར་བ་ཟེར་བ་གཉེར་བ་དང༌།།
སྟོར་བ་འཐོར་བ་བོར་བ་སོགས། །
རིམ་བཞིན་སྟེར་ར་ཟེར་ར་དང༌། །
ཉ་ར་ཏོར་ར་འཐོར་ར་དང༌། །
བོར་ར་ཞེས་སུ་སྨྲ་བ་བླུན།།
འོང་བ་མིན་ལ་མོང་ང་དང༌། །
གཟུང་ལ་གཟུན་ཞེས་སྨྲ་བ་དང༌། །
ད་ལ་ཞོག་ལ་ངུན་ལ་ཟུང༌། །
འདུག་མི་འདུག་ལ་ནུག་མི་ནུག།
མོ་ནོག་གོ་ཞས་ཟེར་བ་དང༌། །
འདུག་ཟེར་མི་འདུག་ཟེར་བ་ལ། །
ནུག་ཟུག་མེ་ནུག་ཟུག་ཅེས་དང༌།།
དཔྱིད་ལ་བཤིང་དང་སྤིད་ཀ་དང༌།།
འཕྲིན་སྐྱེལ་བ་ལ་ཐན་སྐྱེལ་དང༌། །
བྱིང་ལ་སྤིང་དང་ལ་མ་ལ། །
ཆུ་རྟེན་ཞེས་བརྗོད་འོག་རླུང་ལ།།
གཡག་ཅེས་བརྗོད་པ་ལ་སོགས་པ། །
གྲོང་ཚིག་ལས་ཀྱང་གྲོང་ཚིག་སྟེ། །
མཁས་པས་འདི་ལྟར་ཐ་སྙད་དག།
བླངས་ན་རང་ཉིད་ཕྱུགས་སུ་བྱེད།།
དེ་འདྲ་འདི་འདྲ་འདི་རང་ལ། །
དེ་འདྲུ་འདི་འདྲུ་འདི་རག་ལ།།
བག་ཙམ་ལ་ནི་སྲེག་ཙམ་དང༌། །
ཕྲེང་བ་ལ་ཡང་འཕེང་བ་དང༌། །
བྲག་ལ་བག་དང་བེག་དང་ནི།།
དགེ་སློང་དགེ་བཤེས་དགེ་སྦྱོང་ལ།།
དགྲེ་སློང་དགྲེ་བཤེས་དགྲེ་སྦྱོང་དང༌། །
བཅོམ་ལྡན་འདས་ལ་བཅོམ་ལན་ལས། །
སྦྲ་ལ་སྦ་དང་ཁྲི་ལ་ཁྱི།།
རལ་གྲི་ལ་ཡང་རལ་གྱི་དང༌། །
འགྲོ་ལ་འགྱོ་དང་དེ་ལས་གཞན། །
ཚ་ཁྱད་ཞུགས་ལ་ཧ་ལེག་ག །
མཐོང་མ་མཐོང་ལ་ཐོང་མ་ཐོང༌།།
མ་མཆིས་ལགས་ཞེས་བརྗོད་དགོས་པ།།
མ་ཆིས་ལས་ཞེས་ཟེར་བ་དང༌།།
ཤེས་བྱ་ལ་ནི་ཤེས་ཡ་སོགས།།
རང་རང་ཡུལ་གྱི་ངག་གི་སྐྱོན།།
ཟུར་ཆག་པ་དང་སྨྲ་ལེགས་པ། །
ཐམས་ཅད་མཁས་པས་ལེགས་བརྟགས་ནས། །
གསུང་རབ་དག་ལས་འབྱུང་བ་བཞིན།།
ཐ་སྙད་སྐྱོན་བྲལ་སྨྲ་བར་བྱ།།
སྐྱེས་བུའི་ལུས་ངག་བྱ་བའི་འཇུག་པ་ཡིས།།
ནང་གི་བསམ་པའི་ཁྱད་པར་གོ་བར་བྱེད།།
བླུན་པོའི་གྲོང་ཚིག་སྨྲ་བ་ལྷུར་བླངས་པས།།
གསུང་རབ་བརྡ་ལ་རྨོངས་པ་གསལ་བར་སྟོན།།
རང་ཡུལ་སྲེད་པས་དམ་དུ་བཅིང་པའི་མཐུས། །
བླུན་པོའི་གྲོང་ཚིག་འབའ་ཞིག་གོམས་ཆེ་བས། །
བློ་གས་མཁས་མང་ཚོགས་པའི་དབུས་སུ་ཡང༌།།
འཆད་པོ་དག་གི་རྣམ་པར་མ་དག་བྱེད། །
རྒྱ་ཆེན་གཞུང་ལུགས་དགོངས་དོན་འགྲེལ་པ་ཡི། །
ཡི་གེའི་རྩོམ་པ་མང་དུ་སྦྱར་ན་ཡང༌།།
གྲོང་ཚིག་བླུན་པོའི་ཐ་སྙད་ཁྱུ་འཁྲིགས་པས། །
འཇིག་རྟེན་ལོང་གཏམ་བྲིས་པའི་རྣམ་པ་མཚོན།།
སྡེབ་ལེགས་ཚིག་སྦྱོར་སྙན་དངགས་ལུས་མཛེས་ལ། །
རྒྱན་མངས་མདངས་ཀྱིས་རྣམ་པར་བཀྲ་ན་ཡང༌།།
གྲོང་ཚིག་གཅིག་གིས་སྙན་དངགས་སྐལ་ངན་བྱེད།།
རྒྱན་མང་ན་ཆུང་སྣ་བཅད་ཇི་བཞིན་ནོ། །
དེ་སྐད་སྨྲ་བ་རབ་དགའི་འཇུག་པ་འདི།།
བརྡ་དང་ཐ་སྙད་མིང་གི་རྣམ་དབྱེ་དང་༌། །
སྡེབ་སྦྱོར་སྙན་དངགས་མངོན་བརྗོད་གཙུག་ལག་གཞུང༌།།
ཤེས་བྱའི་གནས་ཀུན་རིག་པའི་དགེ་ལེགས་དཔལ། །
བཟང་པོ་བསྟན་པའི་ཉི་མ་གཅིག་པུ་སྟེ།།
དགེ་འདིས་འགྲོ་ཀུན་སྨྲ་བའི་དབང་པོར་ཤོག།།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn