དབེན་པའི་ནགས་ལ་སྤྲོ་བའི་གཏམ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-01 22:51:38     རྩོམ་པ་པོ།   པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚ    ཀློག་ཐེངས།  

                          IMG_0727.JPG

      ༄༅།  །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། གང་ལ་བརྟེན་ན་བསླུ་བ་མེད་པའི་སྐྱབས། །བུ་རམ་ཤིང་པའི་ཞབས་སེན་ཟླ་ཚེས་དཀར། །བདག་སྙིང་ཀུན་དའི་ཟེའུ་འབྲུར་རྟག་གཟིམས་པའི། །མཛེས་སྡུག་ནམ་ཡང་ཉམས་པ་མེད་གྱུར་ཅིག །ལྷར་བཅས་འདུན་པ་སྟོན་པ་སངས་རྒྱས་ཀྱང་། །དེང་དུས་ཐོས་པའི་ལམ་དུ་གཤེགས་གྱུར་ན། མཐོན་པོའི་ནོར་འཛིན་ལས་འོངས་འབབ་ཆུ་ལྟར། །གཡོ་བའི་འཇིག་རྟེན་རྟག་པའི་གོ་སྐབས་ཅི། །དཔག་མེད་ཚེ་གནས་སྔོན་གྱི་མི་རྣམས་ཀྱང་། །དིང་སང་མིང་གི་ལྷག་མ་ཙམ་ཞིག་ན། །སྐལ་ངན་སྙིགས་དུས་སྐྱེ་བོ་འདི་དག་གི །ཚེ་ནི་བར་སྣང་གློག་དང་ཅིས་མི་མཚུངས། །སྐྱེ་རྒ་ན་འཆིའི་དགེ་ཚོགས་ཀུན་བཅོམས་ཤིང་། །ཉོན་མོངས་གཡུལ་ལས་རྒྱལ་བའི་མཁས་པའི་ཚོགས། །ཀུན་ཀྱང་དུས་ཀྱི་རིམ་པས་བྱོན་ཟིན་ན། །བདག་ལྟ་མྱུར་དུ་མི་འཆིའི་ངེས་པ་གང་། །ཚེ་ནི་སེར་བུས་བསྐྱོད་པའི་ཨུཏྤལ་གྱི། །འདབ་རྩེར་འབྲེང་བའི་ཆུ་ཐིག་ལྟར་མཐོང་ཞིང་། །སྲིད་པའི་ཕུན་ཚོགས་གདུག་པའི་སྦྲུལ་གྱི་ལྕེ། །གཡོ་བའི་ཟློས་གར་འདི་ལ་དགའ་བ་ཅི། །འཁོར་བའི་བདེ་འབྱོར་ཀུན་གྱི་རྩེར་གསོན་པ། །ཚངས་དང་དབང་པོ་འཁོར་ལོས་བསྒྱུར་རྒྱལ་ཡང་། །དབང་མེད་འཇིགས་རུང་མནར་མེད་མེས་བསྲེག་ན། །མཁས་པ་སུ་ཞིག་འདོད་ལ་ཆགས་པར་བྱེད། །འཇིག་རྟེན་ཕུན་ཚོགས་སྟོབས་ཀྱི་མྱོས་ཆུ་ཡིས། །མངོན་པར་མྱོས་པའི་དྲེགས་ལྡན་འདི་དག་ཀྱང་། །རིང་པོར་མི་ཐོགས་རྒྱ་མཚོ་འཁྲུགས་པའི་ནང་། །གྲུ་ངན་ཇི་བཞིན་འགྱུར་བའི་ཆོས་ཅན་ཉིད། །མདོར་ན་མཐོན་པོའི་མཐའ་རྒུད་བསགས་པ་མཛད། །འདུས་པ་འབྲལ་ཞིང་སྐྱེས་པ་ཀུན་འཆི་ཞེས། བསླུ་མེད་བདེན་པ་གསུང་པས་གང་གསུངས་པ། །དེ་དེ་བཞིན་དུ་འཇིག་རྟེན་འདི་ན་སྣང་། །རྒྱལ་བའི་ཞལ་གྱི་ཉིན་བྱེད་ལས་འོངས་པའི། །འོད་ཟེར་གང་གིས་ཡིད་ལ་མ་རེག་པ། །མི་ཁོམ་བརྒྱད་ཀྱི་མུན་པའི་གླིང་ཆུད་ན། །དེ་ཚེ་དགེ་ལེགས་གོ་སྐབས་ག་ལ་ཡོད། །སྣ་ཚོགས་འགྲོ་བའི་མཐོ་དམན་འགྱུར་ལྡོག་དང་། །སྡང་དང་ཕྲད་དང་གཉེན་དང་བྲལ་བ་དང་། །སྐྱེ་རྒ་ན་འཆིའི་སྣང་ཚུལ་མཐོང་ནས་ནི། །བདག་ཀྱང་དེ་དང་འདྲ་བར་ཅིས་མི་བལྟ། །དབྱར་དུས་མཁའ་ལ་ཤར་བའི་འཇའ་ཚོན་དང་། །ཆུ་འཛིན་ལང་ལིང་གཡོ་བའི་འདུ་འགོད་ལྟར། །ལང་ཚོའི་རང་བཞིན་འཇིག་པའི་ངང་ཚུལ་ཅན། །འདི་ལ་བློ་ལྡན་སུ་ཞིག་ཡིད་རབ་སྟོན། །གསེར་གྱི་རི་ལས་གཡུ་ཡིས་ཁྲོན་འབབ་ཅིང་། །མི་རྣམས་བདག་གི་བཤེས་སུ་སོང་ཡང་ཅི། །འབྲལ་མེད་ནོར་དུ་འཕགས་པའི་ནོར་བདུན་དང་། །གཏན་གྱི་གྲོགས་པོར་བླ་མེད་བྱང་ཆུབ་བཟང་། །དེ་ཕྱིར་འདི་ནང་ཆོས་བརྒྱད་སྨྱོས་པའི་རྒྱ། །ཤེས་རབ་རལ་གྲི་རྣོན་པོས་བྲལ་བྱས་ཏེ། །ཐུབ་པས་བསྔགས་པ་དབེན་པའི་ནགས་ཚལ་དེར། །སེམས་ཁྱོད་ཞི་བའི་བདུད་རྩི་ཅིས་མི་ལེན། །སྤང་ལྗོངས་འཇའ་ཚོན་བཀྲ་བའི་ལྡིང་ཁང་དུ། །ཟླ་བ་ནོར་བུའི་རྡོ་ལེབ་གཅལ་དུ་བཀྲམ། །གཡུར་གྱིས་དུད་པའི་འདབ་མའི་གྲིབ་བསིལ་ལ། །ཉིན་མོ་སྤྱོད་པའི་རྣལ་འབྱོར་སྐྱོང་བར་སྤྲོ། །དེ་བཞིན་ཟླ་བའི་སྒྲོན་མེ་འོད་འབར་ཞིང་། །རྒྱུ་སྐར་དོ་ཤལ་རྒོད་པའི་མཚན་དུས་སུ། །གཡེང་མེད་རྣལ་འབྱོར་བརྩོན་པའི་དགའ་བདེ་འདིའི། །དཔེ་ཡང་སྲིད་པ་གསུམ་ན་ག་ལ་ཡོད། །པདྨའི་དྲ་བས་ཁེབས་པའི་ཉལ་འགྲོའི་རྒྱུན། །ཡོངས་མཛེས་ཆུ་བྱའི་ཚོགས་རྣམས་སྙན་སྒྲོག་ཅིང་། །རྨ་བྱ་གཞོན་ནུ་དགའ་བའི་གར་བྱེད་པའི། །གནས་དེར་དལ་འབྱོར་དོན་ལྡན་བྱས་ན་སྙམ། །མེ་ཏོག་འབྲས་བུས་གང་བའི་ལྗོན་ཤིང་གི །སྤུ་ལོང་མངོན་པར་རྒྱས་པའི་ས་འཛིན་ཁྲོད། །སྔོ་ལྗང་ལོ་མའི་སྤྱིལ་ཆུང་ཉམས་དགའ་བར། །ཏིང་འཛིན་དགའ་བདེའི་དཔལ་ལ་སྤྱོད་པར་སྤྲོ། །གང་དུ་ཟ་ཟིར་གཡེང་བ་ཀུན་བོར་ནས། །རི་སྐྱིབས་ནོར་བུའི་ཕུགས་ཡངས་ཉམས་དགའ་བར། །འཕགས་པའི་རིགས་བཞི་ལ་གནས་དགའ་བདེ་གང་། །དེ་འདྲ་རྒྱལ་པོ་རྣམས་ལའང་ཡོད་རེ་ཀན། །འཆི་མེད་སྐྱེད་ཚལ་འདྲ་བའི་སྨན་ལྗོངས་སུ། །མི་དགེའི་སྤྱོད་ཚུལ་ཕྲ་མོའང་རྒྱང་བསྲིངས་ཏེ། །སྒོ་གསུམ་དམ་པའི་ལམ་བཟང་སྐྱོན་མེད་པར། །མ་བཅོས་ལྷུག་པར་འཇོག་ལ་སྙིང་ནས་སྤྲོ། །དེར་ནི་ཐུབ་གཞུང་བདུད་རྩིའི་བཅུད་ལེན་གྱིས། །ཉོན་མོངས་ཡིད་ཀྱི་རྣག་ཁྲག་ཀུན་སྦྱངས་ཏེ། །ཏིང་འཛིན་སྒོ་བརྒྱ་ཕྱེ་ནས་ཡོན་ཏན་གྱི། །ངོ་མཚར་བགྲང་ཡས་ལྟད་མོ་བལྟ་བར་སྨོན། །དེ་སྐད་སྨྲ་བ་དབེན་པའི་ནགས་ཚལ་ལ། །མངོན་པར་སྤྲོ་བའི་དགེ་སྦྱོང་གྱི་ན་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས། །སྨོན་པ་ཇི་བཞིན་ཚིག་གི་ལམ་དུ་སྤེལ། །  འདི་ཡང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས། །

  གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།