རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་དབང་བསྐུར་སྔོན་འགྲོའི་གསུང་ཆོས།

ཡོང་ཁུངས།   阿纳藏文平台     སྤེལ་དུས།  2016-04-26 20:34:17     རྩོམ་པ་པོ།   ཟིན་བྲིས་འདེབས་མཁན་མི་གསལ།    ཀློག་ཐེངས།  

           རང་ཅག་རྣམས་ངེས་འབྱུང་གི་བསམ་པ་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་སྟེ། མཚན་ཉིད་ཀྱི་གནད་གསུམ་ལ་འཁོར་བ་ཐོག་མ་མེད་པ་ནས་ད་བར་དུ་ཉམས་ལེན་ཅུང་ཟད་ཀྱང་མེད་པར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་ལྷུང་བ་ཡིན་པ་དང་། ཁྱད་པར་དུ་ངན་འགྲོར་སྐྱེས་ཏེ། ངན་འགྲོའི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བ་ཡིན་པས། ད་རེས་བླ་མ་དཀོན་མཆོག་གི་བཀའ་དྲིན་ལ་བསྟེན་ནས། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་རིན་པོ་ཆེ་ཐོབ་པའི་དུས་འདིར། ཆོས་རྣམ་པར་དག་པ་ཞིག་ངེས་པར་དུ་བསྒྲུབ་དགོས། ཆོས་མ་བསྒྲུབ་ན་རང་གིས་རང་བསླུས་པ་ཡིན་པས། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། འདི་འདྲའི་དལ་བ་རྙེད་གྱུར་ནས། བདག་གིས་དགེ་གོམས་མ་བྱས་ན། འདི་ལས་བསླུས་པ་གཞན་མེད་དེ། འདི་ལས་རྨོངས་པའང་གཞན་མེད་དོ། ཞེས་གསུངས་པ་ལྟར་ལགས་ན། རང་ཅག་རྣམས་ཀྱིས་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཐོབ་པའི་རྟེན་འདི་ལ་ཆོས་བསྒྲུབ་དགོས་པར་མ་ཟད། བསྒྲུབ་རྒྱུའི་ཆོས་ཀྱང་ངོས་ཟིན་དགོས་པ་ཡིན་པས། བསྒྲུབ་རྒྱུའི་ཆོས་ངོས་འཛིན་ཚུལ་དང་བསྒྲུབ་ཚུལ། མཉམ་མེད་ཇོ་བོ་ཡབ་སྲས་དང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ཡབ་སྲས་ཀྱི་ལམ་རིམ་ལས་གསུངས་པ་ལྟར། ངོས་འཛིན་ཚུལ་དང་ཆོས་བསྒྲུབ་ཚུལ་དེ་འདྲ་བྱེད་དགོས་པ་ཡིན། དེ་ཡང་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཆོས་སྐོར་ནང་དུ་བསྡུས་ནས་ཉམས་སུ་ལེན་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་རང་ཅག་རྣམས་ཀྱི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་གསུངས་པ་ཡིན། དེ་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ནང་དུ་འདུས་པ་ཡིན་ཏེ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས། གསུང་རབ་ཀུན་གྱི་སྙིང་བོ་བསྡུ་བསྡུ་བ།། ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང་།། དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས།། རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ།། ཞེས་གསུངས་པ་དེ་འདྲ་ཡིན། རང་ཅག་རྣམས་ཉོན་མོངས་དུག་གསུམ་གྱིས་རྒྱུད་དཀྲུགས་ཏེ། རང་སྟོབས་ཀྱིས་ལམ་རིམ་གྱི་ཆོས་སྐོར་ཉམས་སུ་ལེན་མི་ཤེས་པས། རང་ཅག་རྣམས་ཀྱི་ལེགས་ཚོགས་ཀྱི་རྩ་བ་མགོན་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། དེ་ལས་ཆོས་ཉན་ཅིང་ཐོས། ཐོས་པའི་དོན་ལ་བསམ། བསམ་པའི་དོན་དེ་ལ་ཡང་དང་ཡང་དུ་འདྲེས་པར་བྱས་ནས་གོམས། དེ་ལྟར་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་བྱས་ནས་ཉམས་སུ་ལེན་དགོས་པ་ཡིན། དེ་ཡང་རྒྱལ་ཚབ་བྱམས་པ་མགོན་པོས། འདི་ན་དང་བོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། ཚུལ་བཞིན་ཡིད་ལ་བྱེད་པ་གོམས་ལས་ཡང་དག་སྟོང་ཉིད་ཡེ་ཤེས་འབྱུང་། ཞེས་གསུངས་པ་ལྟར་ལགས་ལ། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ནང་ནས་ཆུང་ངུ་ཐུན་མོང་བའི་ཆོས་སྐོར་འདི་དང་བོར་ཉམས་སུ་ལེན་དགོས་པ་ཡིན་པས། དལ་འབྱོར་རྙེད་དཀའ་བ་དང་། རྙེད་ན་དོན་ཆེ་བ་དང་། འཆི་བ་མི་རྟག་པ་བསམ་པ་དང་། ལས་རྒྱུ་འབྲས་བསམ་པ་སྟེ་བཞིའི་སྒོ་ནས་ཉམས་སུ་ལེན་དགོས། རང་ཅག་རྣམས་ཚེ་འདིའི་བྱ་བ་ལ་ཞེན་ཆགས་ཆེ་བའི་རྒྱུ་མཚན་གྱིས་ཞེན་ཆགས་དེའི་གཉེན་པོར་འཆི་བ་མི་རྟག་པ་སྒོམ་དགོས། འཆི་བ་མི་རྟག་པ་སྒོམ་ཚུལ་མང་བོ་ཡོད་ཀྱང་། དེའི་ནང་ནས་ནམ་འཆི་རང་གིས་མི་ཤེས་པས། ནམ་འཆི་ངེས་མེད་བསམ་པ་གལ་ཆེན་ཡིན། འཆི་བ་ཐོག་ཏུ་བབ་པ་ན་ཆོས་རྣམ་པར་དག་པ་བསྒྲུབ་ཡོད་ན་ངན་འགྲོར་མི་སྐྱེ་བ་ཡིན་ཡང་། རང་ཅག་རྣམས་ཀྱིས་ཆོས་རྣམ་པར་དག་པ་ཞིག་བསྒྲུབས་མེད་པ་ཡིན་པས་ཕལ་ཆེར་ངན་འགྲོར་འགྲོ་དགོས་པ་ཡིན། ངན་འགྲོ་ལ་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ཡོད་པས་དེ་གང་རུང་དུ་སྐྱེ་དགོས། དེར་སྐྱེས་ན་དེའི་སྡུག་བསྔལ་མི་བཟོད་པ་ཡིན་པས་དེ་ལ་འཇིགས་ཤིང་སྐྲག་ཏེ་འཆི་བ་མི་རྟག་པ་སྒོམ་དགོས། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས། རབ་ཏུ་ཚ་ཞིང་གྲང་བ་ཡི། དམྱལ་བ་ཉི་མ་གཅིག་བཞིན་དྲན། བཀྲེས་སྐོམ་དག་གིས་རིད་པ་ཡི། ཡི་དྭགས་དག་ཀྱང་དྲན་པར་བྱ། རྨོངས་པའི་སྡུག་བསྔལ་རབ་མང་བའི། བྱོལ་སོང་བལྟ་ཞིང་དྲན་པར་བྱ། དེའི་རྒྱ་རྣམ་སྤང་བདེ་རྒྱུ་སྤྱད། ཐོབ་དཀའ་འཛམ་གླིང་མི་ཡི་ལུས། དེ་ཐོབ་དུས་སུ་ངན་སོང་རྒྱུ།  རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ།  ཞེས་གསུངས་པ་ལྟར་ལགས་པས། ངན་འགྲོའི་སྡུག་བསྔལ་འདི་ངེས་ཅན་དུ་དྲན་དགོས། རང་རེ་རྣམས་ཀྱིས་ད་ལྟ་འཆི་བ་ཐོག་ཏུ་མ་བབ་པའི་སྐབས་སུ་ངན་འགྲོར་མི་སྐྱེ་བའི་ཐབས་སྒྲུབ་དགོས། ངན་འགྲོར་མི་སྐྱེ་བའི་ཐབས། འཇམ་མགོན་བླ་མ་ཙོང་ཁ་པས། ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང་། ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། ངེས་པ་རྟེན་པོ་རྙེད་ནས་ཉེས་པའི་ཚོགས། ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང་། དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས།། ཞེས་དང་། དེར་མ་ཟད། ལམ་རིམ་ལས། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་ལ་གཉིས། བསྟན་པ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་བསྐྱེད་པའོ།། ཞེསགསུངས་པས། ད་ལྟ་ནས་སྐྱེས་བུ་ཆུང་ངུའི་ཆོས་སྐོར་སྡུག་སྤོང་དགེ་སྒྲུབ་ལ་འབད་དགོས་པའི་དུས་ཚོད་ཡིན། འཆི་བ་ཐོག་ཏུ་བབ་ན་བྱ་ཐབས་དང་བྲལ་བ་ཡིན་པས། རྒྱལ་སྲས་ཞི་བ་ལྷས། བྲེད་ཤ་ཐོན་པའི་མིག་བགྲད་ནས།། ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད།། ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི།། དེ་ནས་ཀུན་ཏུ་ཡིད་མུག་འགྱུར།། གནས་དེར་སྐྱབས་ཡོད་མ་ཡིན་ན།། དེ་ཚེ་བདག་གིས་ཇི་ལྟར་བྱ།། ཞེས་གསུངས་པ་ལྟར། རང་གི་སྟེང་དུ་འབབ་རྒྱུ་ཡོད་པ་ཡིན་པས།། འཇིག་རྟེན་གཏམ་དཔེ་ལའང་། ཆུ་མ་ཡོང་གོང་ནས་ཆུ་རགས། རྐྱེན་མ་ཡོང་གོང་ནས་ཟློག་པ།། ཞེས་པ་ལྟར་སེམས་སུ་བཟུང་ནས། ལམ་རིམ་གྱི་ཆོས་སྐོར་ངོ་འཕྲོད་དགོས་པ་ཡིན་ནོ།།

མཉམ་མེད་པོ་ཏོ་བ་ཆེན་པོའི་དཔེ་ཆོས་ལས་གསུངས་པ་ལྟར། དེ་ནས་སྐྱེས་བུ་འབྲིང་བ་དང་ཐུན་མོང་བའི་ལམ་རིམ་གྱི་ཆོས་སྐོར་ཉམས་སུ་ལེན་དགོས་ལ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་གྱི་ཆོས་སྐོར་སྡིག་སྤོང་དགེ་སྒྲུབ་ལ་འབད་པས་ངན་འགྲོར་མ་ལྟུང་ཡང་། མངོན་མཐོ་ལྷ་མིའི་རྟེན་བཟང་ཐོབ་ནའང་འཁོར་བའི་སྡུག་བསྔལ་ལས་མ་འདས་པ་ཡིན་པས། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པའི་སྒོ་ནས་སྡུག་བདེན་དང་ཀུན་འབྱུང་གཉིས་ལས་ཐར་བའི་ཐར་བ་དོན་གཉེར་གྱི་བློ་སྐྱེས་དགོས། དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས། སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ།། ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི།། ཉེས་དམིགས་རིག་ནས་ཐར་བའི་བདེ་བ་ལ།། དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས།། ཞེས་རང་གི་དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་གདབས་པ་ཡིན། ཞེས་སོགས་གསུངས་པ་ལ་བརྟགགས་ཅིང་དཔྱད་དེ་དད་པ་བསྐྱེད་པ་གལ་ཆེན་ཡིན་ནོ།། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་ཚུལ་ནི། རང་ཅག་རྣམས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཡིན་པས། སྡུག་བསྔལ་བརྒྱད་བསམ་པ། སྡུག་བསྔལ་དྲུག་བསམ་པ། སྡུག་བསྔལ་གསུམ་བསམ་པ་སོགས་ཀྱིས་སྒོ་ནས་སྒོམ་དགོས། སྡུག་བསྔལ་བརྒྱད་ནི། སྐྱེ་རྒ་ན་འཆི་བཞི་དང་། དགྲ་དང་འཕྲད་པའི་སྡུག་བསྔལ། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ། མདོར་ན་ཉེ་བར་ལེན་པའི་ཕུང་བོ་ལྔ་འདི་བླངས་ཕྱིན་སྡུག་བསྔལ་བའོ།། ཞེས་གསུངས་པའི་སྡུག་བསྔལ་བརྒྱད་སྒོམ་པ་འདི་ཧ་ཅང་གི་མང་ཉུང་འཚམ་པར་འཇམ་དགོན་བླ་མ་ཙོང་ཁ་བ་ཆེན་པོས་རྒྱས་བཤད་གནང་ཡོད་པ་དེ་ལྟ་བུ་རེད། སྡུག་བསྔལ་བརྒྱད་ཀྱི་ནང་ནས་དང་བོ་སྐྱེ་བའི་སྡུག་བསྔལ་དང་། ཐ་མ་ཟག་བཅས་ཉེར་ལེན་གྱི་ཕུང་བོ་བླངས་ཕྱིན་སྡུག་བསྔལ་ལས་མ་འདས་པར་སྒོམ་པ་གཉིས་གནད་དུ་ཆེ་བར་གསུངས་པ་ཡིན། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་སྐྱེ་བའི་གནས་སྲིད་རྩེ་ནས་མནར་མེད་ཀྱི་བར་ཡིན་པ་དང་། དེ་ལྟ་བུའི་གནས་གང་དུ་སྐྱེས་ན་སྡུག་བསྔལ་གྱི་གནས་ཡིན་པས་རང་གི་སྟེང་དུ་འཁོར་བའི་སྡུག་བསྔལ་གྱིས་གནོད་པ་འབབ་ཚུལ་དེ་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་ནས་མི་འདོད་པའི་བློ་བསྐྱེད་དགོས། དེ་ལས་ཐར་ཏེ་ཐར་བའི་གོ་འཕང་ཐོབ་པའི་ཕན་ཡོན་དང་། ཐར་བ་དོན་དུ་གཉེར་བའི་བློ་ངེས་འབྱུང་གི་བསམ་པ་དེ་ལ་བཅོས་མིན་གྱི་མྱོང་བ་ཐོན་པར་འབད་པ་དགོས་པ་ཡིན་ནོ།། འཁོར་བའི་སྡུག་བསྔལ་གྱིས་མནར་ཚུལ་རང་སྟེང་དུ་བསམ་པར་མ་ཟད་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས་འཁོར་བའི་སྡུག་བསྔལ་གྱིས་མནར་ཚུལ་བསམ་སྟེ། སྡུག་བསྔལ་དེ་དང་བྲལ་བར་གྱུར་ཅིག་བསམ་པ་དང་། སྡུག་བསྔལ་དེ་དང་བྲལ་ན་སྙམ་པ་དང་། སྡུག་བསྔལ་དེ་དང་བྲལ་བ་བདག་གིས་བྱའོ་སྙམ་པའི་སྔོན་དུ་ལྷག་བསམ་གྱི་སྙིང་རྗེ་རྒྱུད་ལ་སྐྱེས་དགོས། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྨོན་འཇུག་གི་སེམས་གཉིས་རང་རྒྱུད་ལ་སྐྱེ་བ་ལ་འབད་ཅིང་ཐེག་ཆེན་ལམ་གྱི་ས་བོན་བཏབ་པ་ཡིན་པས། སེམས་དེ་གཉིས་དང་མ་བྲལ་བའི་སྒོ་ནས་རང་རྒྱུད་སྨིན་བྱེད་ཕྱིན་དྲུག་དང་། གཞན་རྒྱུད་སྨིན་བྱེད་བསྡུ་བཞི་སོགས་ལ་བསླབ། བསམ་གཏན་གྱི་ཕར་ཕྱིན་གྱི་ངོ་བོ། རྗེ་བཙུན་བྱམས་པ་མགོན་པོ་དང་། འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲངས་ནས་ཞི་གནས་ལ་བསླབ་ཚུལ། ཤེས་རབ་ཀྱི་ཕར་ཕྱིན་གྱི་ངོ་བོ། ཀླུ་སྒྲུབ་ཡབ་སྲས་དང་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པའི་རྗེས་སུ་འབྲངས་ནས་སྟོང་ཉིད་རྟོགས་པའི་ལྷག་མཐོང་ལ་བསླབ་ཚུལ་གྱི་བར། མདོ་སྔགས་གཉིས་ཀྱི་ཐུན་མོང་གི་ལམ་སྦྱང་ཡིན་པས་རང་གི་རྒྱུད་སྣོད་རུང་དུ་བྱེད་པ་གལ་ཆེན་ཡིན། དེའི་ནང་ནས་སྟོང་ཉིད་ཀྱི་ལྟ་བ་མདོ་སྔགས་གཉིས་ཀྱི་ལྟ་བ་ཡིན། རང་ཅག་རྣམས་འཁོར་བར་འཁོར་བྱེད་བྱེད་ཀྱི་རྩ་བ་བདག་འཛིན་ལ་ཐུག་ཡོད་པས། དེའི་གཉེན་པོར་སྟོང་ཉིད་རྟོགས་པའི་ལྟ་བ་ངོས་ཟིན་དགོས། དེའི་རྒྱུ་མཚན་ཡང་། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས།། ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས།། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི།། དམིགས་སུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན།། ཞེས་གསུངས་པ་ལྟར། ཐུགས་ལ་ནན་ཏན་དུ་འཛིན་རྒྱུ་གལ་ཆེན་ཡིན་ནོ།། ད་རེས་རང་ཅག་རྣམས་ཀྱིས་ཆོས་ཉམས་སུ་ལེན་པའི་སྐབས་སུ་བབ་པ་ནི། མདོ་སྔགས་གཉིས་ཀྱི་ནང་ནས་སྔགས་ཡིན་ནོ་སོགས་གསུངས་ཏེ་དངོས་གཞི་ལ་ཞུགས་སོ།། །།

གསལ་འདེབས། རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།