མི་རྟག་དྲན་བསྐུལ་སྙིང་གི་ཐུར་མ་བཞུགས་སོ།
ཀྱེ་མ་ཀྱི་ཧུད་དྲིན་ཅན་གྱི་བླ་མ། །
ཉམ་ཐག་བདག་གི་སྤྱོད་ཚུལ་ལ་གཟིགས་དང་། །
ཚེ་གང་རང་མགོ་རང་ཉིད་ཀྱིས་བསྐོར་བའི། །
སྙིང་མེད་བདག་ལ་ཐུགས་རྗེ་ཡིས་གཟིགས་མཛོད། །
རང་གིས་རང་ལ་གྲོས་འདེབས་ཀྱི་སྙིང་གཏམ། །
སྙིང་གི་ཐུར་མ་སྙིང་དབུས་སུ་ཆོངས་དང་། །
མ་ཡེངས་མ་ཡེངས་རང་ཉིད་ཀྱི་ངང་ཚུལ། །
མནོ་བསམ་སྙིང་གི་ཐིག་ལེ་ནས་བསྐོར་དང་། །
ཐོག་མེད་འཁོར་བ་མཐའ་མེད་ཀྱི་སྔོན་ནས། །
ད་བར་གྲངས་མེད་སྐྱེ་བ་ཡི་འཁོར་ལོ། །
སྐྱིད་སྡུག་སྣ་ཚོགས་དེ་ཙམ་ཞིག་མྱོང་ཡང་། །
རང་ལ་ཕན་པ་ཅུང་ཟད་ཀྱང་མ་འགྲུབ། །
ད་རེས་རྙེད་དཀའི་དལ་འབྱོར་ཞིག་ཐོབ་ཀྱང་། །
སྔོན་ཆད་དོན་མེད་སྟོང་ཟད་དུ་ཤོར་ཟིན། །
ད་ནི་རང་གིས་རང་ཉིད་ལ་བརྩེ་ན། །
གཏན་འདུན་སྙིང་པོའི་དགེ་སྦྱོར་ཞིག་བསྒྲུབ་རན། །
རྒོད་མདོག་སྤྱང་མདོག་གྲུང་མདོག་གི་གླེན་པ། །
འདི་སྣང་བྱིས་པའི་རྩེད་མོ་ལ་ཞེན་བཞིན། །
གློ་བུར་འཇིགས་རུང་འཆི་བདག་གིས་ནོན་ནས། །
ཡིད་ཆད་སྲན་ཐབས་མེད་པ་ཞིག་འོང་ངོ་། །
ཕར་ཙམ་མི་འཆི་མི་འཆི་རང་སྙམ་ནས། །
ཚེ་འདིའི་བྱ་བཞག་ཟིན་མེད་ལ་གཡེང་བཞིན། །
གློ་བུར་འཇིགས་རུང་འཆི་བདག་ཁོ་སླེབས་ནས། །
ད་ལྟ་འཆི་རན་ཟེར་བ་ཞིག་འོང་ངོ་། །
སང་དང་སང་ཞེས་གྲབས་ཤོམ་ལ་བརྩོན་ཀྱང་། །
ད་ལྟ་གློ་བུར་འགྲོ་དགོས་ཤིག་འོང་ངོ་། །
ལས་འཕྲོ་ཟ་འཕྲོ་འཐུང་འཕྲོ་ཀུན་ཛར་རེ། །
དབང་མེད་བཞག་ནས་འགྲོ་དགོས་ཤིག་འོང་ངོ་། །
བཏིང་ནས་ཉལ་རྒྱུ་དེ་རིང་ལས་མེད་པའི། །
སྟན་གྱི་ཐ་མར་སྡོང་རྒན་ལྟར་འགྱེལ་ནས། །
འགྲེ་ལྡོག་མ་ནུས་ནོམ་ནོམ་གྱི་ལག་པས། །
གོས་དང་གྲོགས་ལ་འཐེན་པ་ཞིག་འོང་ངོ་། །
དེ་རིང་ཙམ་ལས་གྱོན་དབང་དང་བྲལ་བའི། །
གོས་ཀྱི་ཐ་མས་ཕྱི་ནང་ཀུན་གཏུམས་ཀྱང་། །
ས་རྡོ་བཞིན་དུ་ཇེ་རེངས་སུ་གྱུར་ནས། །
རང་རོའི་ཐོག་མར་མཐོང་དུས་ཤིག་འོང་ངོ་། །
གཏམ་གྱི་ཐ་མ་ཁ་ཆེམས་དང་སྡུག་སྨྲས། །
ཉམ་ཐག་བཞིན་དུ་ཨུ་ཚུགས་ཀྱིས་སྨྲས་ཀྱང་། །
ལྕེ་དབང་སྐམ་པས་གོ་བརྡ་ཙམ་མི་འཕྲོད། །
ཡིད་ཆད་དྲག་པོས་ནོན་དུས་ཤིག་འོང་ངོ་། །
ཟས་ཀྱི་ཐ་མ་དམ་རྫས་དང་རིང་བསྲེལ། །
ཆུ་རྒྱུན་དང་བཅས་ཁ་ནང་དུ་བླུགས་ཀྱང་། །
ཧུབ་གཅིག་མིད་པའི་ནུས་པ་ཡང་མེད་པས། །
རོ་ཡི་ཁ་ནང་ལུས་པ་ཞིག་འོང་ངོ་། །
སྙིང་ཉེ་སྙིང་གྲོགས་སྙིང་གཅུགས་ཀྱི་གཉེན་འཁོར། །
བརྩེ་ཞིང་གདུང་བཞིན་མཐར་སྐོར་དུ་བསྐོར་ཀྱང་། །
འགྲོགས་པའི་ཐ་མ་ངུ་བཞིན་དང་འཕྲེང་བཞིན། །
ད་ལྟ་གཏན་འབྲལ་བྱེད་དགོས་ཤིག་འོང་ངོ་། །
འཇིགས་རུང་འཁྲུལ་སྣང་རྦ་ཀློང་ལྟར་འཁྲུགས་ཤིང་། །
གནད་གཅོད་དྲག་པོ་བཟོད་དཀའ་ཡིས་ནོན་ཀྱང་། །
ཅི་ཡང་བྱར་མེད་ཉམ་ཐག་གི་ངང་ནས། །
ཚེ་འདིའི་སྣང་བ་ནུབ་པ་ཞིག་འོང་ངོ་། །
ཤིན་ཏུ་གལ་ཆེ་དགེ་སེམས་ཀྱི་གསལ་འདེབས། །
བླ་མ་མཆེད་གྲོགས་བཟོད་མེད་ཀྱི་སྙིང་རྗེས། །
རྣ་ཁུང་གསོལ་འདེབས་བརྩེ་སེམས་ཀྱིས་མཛད་ཀྱང་། །
ཡིད་ཆད་བསྣོན་མར་གྱུར་དུས་ཤིག་འོང་ངོ་། །
མགྲིན་པ་གྲེ་སོག་སོར་སོར་གྱི་སྒྲ་བཅས། །
དབུགས་ཀྱི་རྒྱུ་བ་ཇེ་བྲེལ་དུ་བརྩེགས་ནས། །
པི་ཝཾ་རྒྱུད་ཐག་ཆད་པ་བཞིན་ཆད་དེ། །
ཚེ་འདིའི་ཐ་མ་རྫོགས་པ་ཞིག་འོང་ངོ་། །
གཅེས་ཤིང་འཕངས་པའི་ཡིད་འོང་གི་ལུས་འདི། །
རོ་ཞེས་སྐྱུག་བྲོ་རུལ་མྱགས་ཤིག་འོང་ངོ་། །
མལ་སྟན་རྩུབ་ཙམ་མི་བཟོད་པའི་ལུས་འདི། །
དུར་སྟེང་སྒྲེན་མོར་འཇོག་དུས་ཤིག་འོང་ངོ་། །
ཚེར་མ་ཙམ་ཡང་མི་བཟོད་པའི་ལུས་འདི། །
དུམ་བུར་ཤ་བཞུར་བརྒྱག་དུས་ཤིག་འོང་ངོ་། །
ལྗི་ཤིག་ཙམ་ཡང་མི་བཟོད་པའི་ལུས་འདི། །
བྱ་ཁྱིས་ལྷག་མེད་ཟ་དུས་ཤིག་འོང་ངོ་། །
སྤུར་དང་སྤུར་ཞེས་བཟང་གོས་ཀྱིས་གཏུམས་ཀྱང་། །
བསྲེག་ཁང་ནང་དུ་འཇོག་དུས་ཤིག་འོང་ངོ་། །
སྤོས་མེ་ཙམ་ཡང་མི་བཟོད་པའི་ལུས་འདི། །
མེ་དཔུང་དབུས་སུ་བསྲེག་དགོས་ཤིག་འོང་ངོ་། །
རབ་འབར་ཞུགས་ཀྱིས་ཤ་རུས་ཀུན་བསྲེགས་ནས། །
རུས་ཐལ་ཙམ་ཞིག་བསྡུ་དུས་ཤིག་འོང་ངོ་། །
གོས་འཐུག་ཙམ་ཡང་མི་བཟོད་པའི་ལུས་འདི། །
ས་དོང་དྭོགས་མོར་སྦ་དུས་ཤིག་འོང་ངོ་། །
སྙན་པའི་མིང་གི་ཐོག་མ་དང་ཐ་མར། །
ཚེ་འདས་དེ་ཉིད་ཟེར་བ་ཞིག་འོང་ངོ་། །
ཤ་ཚ་སྙིང་ཉེའི་གཉེན་གྲོགས་དང་འཁོར་གཡོགས། །
ངུ་ཅོ་ལྡིར་རེར་ཁེངས་དུས་ཤིག་འོང་ངོ་། །
ཞྭ་གོས་རྒྱུ་ནོར་ཕྱོགས་བཞི་དང་མཚམས་བརྒྱད། །
ལྷག་མེད་བགོ་བཤའ་བྱ་དུས་ཤིག་འོང་ངོ་། །
རང་ཉིད་གཅིག་པུ་བར་དོ་ཡི་འཕྲང་དུ་། །
སྐྱོ་ཆད་ལིང་ངེར་སླེབས་དུས་ཤིག་འོང་ངོ་། །
འབྱུང་བཞི་ལོག་པའི་འཇིགས་རུང་གི་དགྲ་བཞི། །
ཐོག་ཏུ་བབས་པའི་དངངས་སྐྲག་གཅིག་འོང་ངོ་། །
རི་རལ་གད་པའི་ཐིབས་འོག་ཏུ་ཚུད་ཅིང་། །
ས་ཆར་དྲག་པོས་ནོན་སྣང་དེ་ཅི་དྲག །
རྒྱ་མཚོ་ཆེན་པོའི་འཇིག་ཀློང་དུ་ཚུད་ཅིང་། །
རྦ་འཚུབ་དྲག་པོས་འཁྱེར་སྣང་དེ་ཅི་དྲག །
མེ་དཔུང་ཆེན་པོའི་ཚིག་སྒྲ་དང་ཏོག་སྒྲས། །
སྙིང་དང་རྣ་བ་འགས་ཉམས་དེ་ཅི་དྲག །
བསྐལ་པའི་རླུང་ནག་འཚུབ་མ་ཡིས་འཐུམས་ཤིང་། །
འཁྱེར་བའི་སྣང་ཚུལ་འཇིགས་རུང་དེ་ཅི་དྲག །
ལས་ཀྱི་རླུང་དམར་དྲག་པོ་ཡིས་དེད་ཅིང་། །
འཇིགས་རུང་མུན་པས་བསུ་དུས་དེ་ཅི་དྲག །
གཤིན་རྗེའི་ཕོ་ཉས་ཞགས་ཐག་གིས་བཅིངས་ནས། །
སྐྱོ་ཆད་ལིང་ངེར་འཁྲིད་དུས་དེར་ཅི་དྲག །
ལས་མཁན་ཨ་བ་གླང་མགོ་དང་སྡིག་མགོས། །
མི་འདོད་སྣ་དགུ་གཏོང་དུས་དེ་དེར་ཅི་དྲག །
འཆི་བདག་གཤིན་རྗེའི་རྒྱལ་པོ་ཡི་དྲུང་དེར། །
དཀར་ནག་དགེ་སྡིག་བརྩི་དུས་དེར་ཅི་དྲག །
མི་ཚེ་ཆགས་སྡང་གཡོ་སྒྱུ་ལ་བསྐྱེལ་བའི། །
རྫུན་ཕུགས་གཤིན་རྗེས་བརྟོལ་དུས་དེ་ཅི་དྲག །
རང་བྱས་སྡིག་པའི་རྣམ་སྨིན་གྱི་ཆད་པ། །
གཤིན་རྗེའི་ཁྲིམས་རར་གཏོང་དུས་དེར་ཅི་དྲག །
དམྱལ་བའི་མེ་ནང་ལྕགས་སྲེག་གི་ས་གཞི། །
རང་ལུས་རྗེན་པར་འགྲེམས་དུས་དེ་ཅི་དྲག །
མཚོན་ཆའི་ཆར་གྱིས་དུམ་བུ་རུ་བཅད་ཀྱང། །
འཆི་རྒྱུ་མེད་པར་མྱོང་དགོས་དེ་ཅི་དྲག །
ཁྲོ་ཆུར་ཤ་འཐོར་རུས་འཐོར་དུ་བཙོས་ཀྱང་། །
ད་དུང་མི་འཆི་མྱོང་དགོས་དེ་ཅི་དྲག །
ལུས་དང་མེ་གཉིས་དབྱེར་མེད་དུ་འབར་ཀྱང་། །
ད་དུང་འཆི་རྒྱུ་མེད་པ་དེ་ཅི་དྲག །
འཁྱག་སྦུགས་བུ་ཡུག་དྲག་པོ་ཡིས་བཏབས་ནས། །
བརྒྱ་སྟོང་ཁ་རུ་གས་དུས་དེར་ཅི་དྲག །
བཀྲེས་སྐོམ་ཡི་དྭགས་གནས་ངན་དུ་ལྷུང་ནས། །
ལྟོག་གྲི་ལོ་མང་སྡོད་དགོས་དེ་ཅི་དྲག །
གླེན་ལྐུག་སྐལ་ངན་དུད་འགྲོ་རུ་འགྱུར་ནས། །
གསོན་པོར་གཅིག་གཅིག་ཟ་དུས་དེར་ཅི་དྲག །
ཤིན་ཏུ་བཟོད་དཀའ་ངན་སོང་གི་སྡུག་བསྔལ། །
རང་ཐོག་མངོན་སུམ་འབབ་དུས་དེར་ཅི་དྲག །
ད་ནི་མ་ཡེངས་ལ་འུར་དང་ལ་འུར། །
སྙིང་དབུས་རུས་པ་ད་ལྟ་རང་བསྐྱེད་རན། །
རན་པ་མ་ཟད་ཕྱིས་གྲབ་ཏུ་འདུག་པས། །
ད་ལྟ་ད་ལྟ་ལ་འུར་ཏུ་སྒྲིམས་ཤིག །
ཕ་གཅིག་དྲིན་ཅན་བླ་མ་ཡི་ཞལ་གདམས། །
བློ་བཟང་རྒྱལ་བའི་བཞེད་གཞུང་གི་སྙིང་པོ། །
མདོ་སྔགས་ཡོངས་རྫོགས་ལམ་བཟང་གི་ཉམས་ལེན། །
ཉམས་མྱོང་གཤའ་མ་རྒྱུད་ཐོག་ཏུ་འགེལ་རན། །
རང་གཞན་དོན་གཉིས་གཏན་འདུན་གྱི་སྙིང་པོ། །
ཉིན་རེར་གང་ལོན་ཅི་ལོན་གྱི་ལག་ལེན། །
འཆི་བདག་གཤིན་རྗེ་དང་སུ་མགྱོགས་ཀྱི་ཚུལ་དུ། །
བསྒྲུབ་ལ་སྒོ་གསུམ་ཆིག་སྒྲིལ་དུ་འབུངས་ཤིག །
ཅེས་རང་གཞན་ཡོངས་ལ་མི་རྟག་དྲན་བསྐུལ་སྙིང་གི་ཐུར་མ་ཞེས་བྱ་བ་འདི་ཡང་གཅིག་ཏུ་སྒྲུབ་ལ་གཞོལ་བ་བྱ་བཏང་ངག་དབང་སྙན་གྲགས་ཀྱིས་སྔ་མོ་ནས་བསྐུལ་ཞིང་། ༧མི་རྗེ་རྩེ་ཕྱག་སྤེལ་བཞི་སྐུ་ངོ་བསོད་ནམས་ཀུན་དགའ་མཆོག་ནས་ཀྱང་བསྐུལ་མ་ནན་ཏན་དུ་མཛད་ཁར། ཉེ་ལམ་ངག་སྙན་པས་སླར་ཡང་བསྐུལ་བ་ལ་བརྟེན་ཕ་བོང་ཁའི་སྤྲུལ་མིང་པས་ཀོང་ཡུལ་འབྲུ་ལ་བཀྲ་ཤིས་བདེ་ཆེན་དགོན་དུ་སྦྱར་བས་འགྲོ་དོན་འཕེལ་བར་གྱུར་གཅིག །
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn