བཀའ་པོད་ལྔའི་འཆད་ཉན་གཙོ་བོར་གྱུར་པའི་ཐོས་བསམ་ལ་འཇུག་པར་བསྐུལ་བའི་བསླབ་བྱ

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-25 15:47:04     རྩོམ་པ་པོ།   ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་    ཀློག་ཐེངས།  

 ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཐོས་བསམ་རྣམ་རྒྱལ་གླིང་གི་དགེ་འདུན་པ་རྣམས་ལ་བཀའ་པོད་ལྔའི་འཆད་ཉན་གཙོ་བོར་གྱུར་པའི་ཐོས་བསམ་ལ་འཇུག་པར་བསྐུལ་བའི་བསླབ་བྱའི་རིམ་པ་མཁས་གྲུབ་ངང་མོ་རྩེན་པའི་ངོ་མཚར་རླབས་ཕྲེང་ཞེས་བྱ་བ་བཞུགས་སོ།།

                                  སྐྱབས་རྗེ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན།

 

ཨོཾ་སྭ་སྟི། རྒྱལ་ཀུན་གསང་གསུམ་མཁྱེན་རབ་ལི་ཁྲིའི་རྡུལ།། ཉི་གཞོན་སྟོང་གི་འོད་ཟེར་བཟུང་བའི་བཅུད།། ཡོངས་རྫོགས་སྲིད་ཞིའི་དགེ་མཚན་གྲོལ་བའི་དཔྱིད།། བརྟན་པའི་འཁོར་ལོས་རྣམ་འབྱེད་ཤེས་རབ་སྩོལ།། རྨོངས་མུན་ཟས་སུ་བྱེད་པ་རལ་གྲིའི་འོད། །སྙིང་གི་པདྨོར་འཕོས་ཚེ་ལུང་རིགས་ཀྱི། །བཅུད་ལྡན་སྦྲང་རྩི་སྐལ་བཟང་བུམ་པ་རུ། །འཇོ་མཛད་འཕགས་ཡུལ་པཎ་གྲུབ་བསྟན་པའི་རྒྱན། །ཀླུ་སྒྲུབ་ཡབ་སྲས་དགོངས་དོན་ཀུན་དའི་ཚལ། །མོས་པའི་བློ་གྲོས་བཟང་པོའི་ཐུགས་བསྐྱེད་ཀྱིས། །གངས་ལྗོངས་ཐུབ་བསྟན་པདྨ་ཆེར་བཞད་པའི། །གྲགས་པའི་འོད་སྣང་འབར་བ་གང་དེས་སྐྱོངས། །གང་དེའི་རྣམ་དཀར་ཆོས་ཀྱི་འཕྲིན་ལས་རྔ། །བཤད་སྒྲུབ་འཆད་ཉན་སྟོང་གི་དབྱུག་གུ་ཡིས། །བརྡུངས་ཚེ་སྐལ་བཟང་བློ་ལྡན་འབུམ་ཕྲག་གི །རིགས་པ་རྒྱ་མཚོ་འཕྱུར་བའི་རྩེ་དགའ་འཛིན། །དེ་ཕྱིར་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་ཡིས། །དྲི་མེད་ཐོས་བསམ་ནོར་བུས་ཡོངས་གང་བ། །དལ་འབྱོར་རྟེན་བཟང་གྲུ་ཆེན་ལ་བརྟེན་ནས། །ལེན་ཚུལ་བསླབ་བྱའི་རིམ་པ་ཟུར་ཙམ་བཤད། །

དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་བུ་རམ་ཤིང་བ་དེ་ཉིད་ཀྱིས་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་སྟོན་པ་རང་ཉིད་ཀྱིས་བྱིན་གྱིས་བརླབས་ནས་འདུལ་བ་འཛིན་པ་འོད་སྲུངས་ཆེན་པོ་དང་གནས་བརྟན་ཆེན་པོ་བཅུ་དྲུག་སོགས་དང་། ཁྱད་པར་དུ་ཟབ་རྒྱས་ལམ་གྱི་བཀའ་བབ་བྱམས་འཇམ་དབྱངས་གཉིས་ལ་གཏད་པར་མཛད། དེ་ནས་རིམ་གྱིས་བསྟན་པ་རིན་པོ་ཆེ་ཁུར་དུ་བཞེས་པའི་གཏད་རབས་བདུན་དང་། རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཐེག་ཆེན་གྱི་བསྟན་པ་གསལ་བར་བྱས་པ་རྒྱན་དྲུག་མཆོག་གཉིས་དང་། དེའི་ལུགས་འཛིན་པཎ་གྲུབ་གསེར་རིའི་ཕྲེང་བ་ལྟར་བྱོན་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་ཤྲི་ནཱ་ལེནྡྲ་དང་ཀྲི་ཀ་མ་ལ་ཤཱི་ལའི་གནས་གཞི་བཙུགས་ཏེ་འཆད་ཉན་རྒྱ་ཆེར་སྤེལ་བར་མཛད་པ་ནི་རང་རེ་རྣམས་ལ་དང་པོར་བཀའ་དྲིན་ཆེ་བའི་རང་བཞིན་དུ་ཤེས་ནས་དེའི་རྣམ་ཐར་གྱི་རྗེས་སུ་ཞུགས་ཏེ་བྱས་པ་དྲིན་དུ་གཟོ་དགོས་པ་དང་པོ་དང་། སྲོལ་བཟང་པོ་དེ་ཉིད་བྱང་ནས་བྱང་དུ་དར་བའི་ལུང་བསྟན་གྱི་སྟེང་དུ་སླེབས་ཏེ། རིགས་གསུམ་མགོན་པོ་གཙོ་བོར་གྱུར་བའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཆོས་རྒྱལ་ལོ་པཎ་དུ་མའི་རྣམ་པར་རོལ་ཏེ་དཀའ་སྤྱད་དང་ཐབས་མཁས་སྣ་ཚོགས་ཀྱིས་བསྟན་པའི་སྲོལ་བཙུགས། ཉམས་པ་རྣམས་སླར་དག་ཐེར་མཛད། དགོན་སྡེ་མང་དུ་བཏབ།

ཁྱད་པར་ཇོ་བོ་བཀའ་གདམས་པའི་དུས་གསང་ཕུ་ནེའུ་ཐོག་ཏུ་རྔོག་བློ་ལྡན་ཤེས་རབ་ཀྱིས་སློབ་མ་ཆིག་ཁྲི་སུམ་སྟོང་བདུན་བརྒྱ་འདུས་པ་རྣམས་ལ་ཕར་ཕྱིན་ཚད་མ་སྤྱོད་འཇུག་སོགས་ཀྱི་འཆད་ཉན་རྒྱ་ཆེར་མཛད། དེའི་ཐུགས་ཀྱི་སྲས་གྲོ་ལུང་པ་ཆེན་པོའི་སློབ་མ་ཆ་པ་ཆོས་ཀྱི་སེང་གེ་རང་གི་སློབ་མ་དར་འབག་སྨྲ་བའི་སེང་གེ་སོགས་སེང་ཆེན་བརྒྱད་དང་། སེང་ཆུང་བརྒྱད་སོགས་ལ་རྐང་ལག་བརྡེབ་ཚུལ། ཐལ་སྐད་གཏོང་ལུགས། འཁོར་གསུམ་བསྐོར་ཚུལ། རྟགས་གསལ་འཕེན་པ་དང་། ལན་འདེབས་ལུགས་སོགས་ཞིབ་ཏུ་སློབ་པའི་སྲོལ་བཏོད་དེ་དར་རྒྱས་མཛད།

དེ་ནས་རེ་ཞིག་དུས་ཀྱི་དབང་གིས་ལྟ་སྒོམ་སྤྱོད་གསུམ་འཁྲུལ་བའི་དྲི་མ་ཅན་དུ་གྱུར་བའི་ཚེ། ཇི་སྐད་དུ། ཐུབ་བསྟན་པདྨོ་ཚལ་ལ་འཇིག་རྟེན་འདིར། །ཁྱོད་ནི་རྒྱལ་བའི་ཉི་མ་ཇི་བཞིན་ཞེས། །མི་ཕམ་མགོན་པོས་ཁྱོད་ལ་མངོན་སུམ་དུ། །དབུགས་དབྱུང་མཆོག་ཏུ་བསྔགས་ཞེས་པའི་བསྔགས་པ་དོན་དང་ལྡན་པ། གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟར་མཁྱེན་བརྩེ་ནུས་གསུམ་འཆད་རྩོད་རྩོམ་གསུམ་གང་གི་ཐད་ནས་འགྲན་ཟླ་དང་བྲལ་བ་རིགས་གསུམ་མགོན་པོ་དང་མཚུངས་པ་འཇམ་མགོན་རྒྱལ་བའི་དབང་བོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་རིགས་པའི་དཔའ་བོ་དེ་ཉིད་ཀྱིས་མ་རྟོགས་ལོག་རྟོག་གི་དྲི་མ་མཐའ་དག་བསལ་ཏེ། ཤིང་རྟ་ཆེན་མོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་དགོངས་དོན་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ཏེ་རིན་ཆེན་གསུམ་གྱི་སྒོ་ནས་གསལ་བར་མཛད་དེ། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། འདུལ་བའི་ཕྱག་བཞེས་ཕྲ་ཞིབ་རྣམ་པར་དག་པ་གཞིར་བྱས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཉི་ཟླ་བཞིན་དུ་གསལ་བར་མཛད་པའི་བཀའ་དྲིན་གྱིས་འཁྲུལ་བྲལ་བསྟན་པའི་སྙིང་བོ་དར་ཞིང་ཡུན་རིང་བོར་གནས་པ་འདི་བྱུང་།

དེའི་རྗེས་སུ་འཇུག་པར་འདོད་པས་བསྟན་པའི་གནས་ཀུན་རྫོགས་པར་ཤེས་པ་མཚན་ཉིད་གྲྭ་ཚང་ལ་རག་ལས་པར་དགོངས་ནས། འཇམ་དབྱངས་གཙང་བ་བདུན་བརྒྱུད། འཁོར་དག་པ་རྣམ་བརྒྱད་སོགས་བུ་སློབ་གསེར་གྱི་རི་བོ་ལྟ་བུ་རྣམས་ཀྱིས་སེ་འབྲས་དགེ་གསུམ་བཀྲ་ཤིས་ལྷུན་པོ་རྒྱུད་གྲྭ་སྟོད་སྨད་སོགས་མདོ་སྔགས་ཀྱི་བཤད་གྲྭ་དཔག་ཏུ་མེད་པ་བཏབ། བཀའ་པོད་ལྔའི་མཚོན་པའི་འཆད་ཉན་རྒྱ་ཆེ་དར་བར་མཛད་དེ། ད་ལྟ་སྐལ་ལྡན་གྱི་སྐྱེས་བུ་གྲངས་མེད་པས་མདོ་སྔགས་ཀྱི་བླང་དོར་ཕྲ་མོ་ལ་བལྟ་བའི་མིག་དང་སྣང་བ་ཐོབ་པ་ནི་བར་དུ་བཀའ་དྲིན་ཆེ་བའི་རང་བཞིན་དུ་ཤེས་པར་བྱས་ནས་དྲིན་དུ་གཟོ་བ་ལ་སྤྲོ་བ་དང་བརྩོན་འགྲུས་དྲག་པོས་སློབ་གཉེར་ལ་སྦྱངས་པ་ཕུལ་ཕྱིན་བགྱིས་ཏེ། མཁས་གྲུབ་སྨྲ་བའི་ཉི་མས། དྲི་མེད་རིགས་པའི་གད་རྒྱངས་གཅིག་གིས་ཀྱང་། །དྲེགས་ལྡན་ཕོས་རྒོལ་གླང་བོ་སྟོང་གི་སྙིང་།  །ལྐོག་མར་འབྱིན་པའི་འཇིགས་སྟེར་དགེ་ལེགས་དཔལ།  །བཟང་བོ་ལས་གཞན་སྨ་བའི་སེངྒེ་གང་།  །ཞེས་པ་ལྟ་བུ་མཛད་དགོས་སོ། 

དེ་ནས་ཇོ་བོ་ཆེན་པོ་དཔལ་ལྷ་གཅིག་དཱཾ་ཀཱ་ར་ལ་འབྲོམ་སྟོན་གྱི་ཐུགས་ཀ་ནས་ཁྱེའུ་དཀར་སེར་མང་པོ་སྤྲུལ་ནས་འབུལ་ཆེན་མཛད་པའི་དུས་ཇོ་བོས་འབྲོམ་སྟོན་ལ་ཁྱོད་ཀྱི་སྤྲུལ་བ་མང་པོས་མདོ་དབུས་གཙང་གསུམ་སོགས་སུ་བསྟན་འགྲོའི་དོན་རྒྱ་ཆེན་པོ་བྱེད་པར་འགྱུར་ཞེས་གསུངས་པའི་ནང་ནས་ཆོས་དཀར་པོ་དེ་ཉིད་ཀྱིས།  མདོ་སྨད་ཨ་མདོའི་ཕྱོགས་འདིར། ཐུབ་བསྟན་སྙིང་བོ་འཇམ་མགོན་རྒྱལ་བའི་རིང་ལུགས་བཤད་སྒྲུབ་འཆད་ཉན་ཟུངའབྲེལ་གྱི་སྒོ་ནས་སྤེལ་བའི་སླད་དུ།  ཁྱེའུ་ཆུང་དཀར་སིལ་ལག་བདེ་འཁྱུག །སྐྱ་བཙུན་སྐལ་ལྡན་རྒྱ་མཚོའི་གླིང་། །ཞེས་བཀའ་བདམས་གླེགས་བམ་ནས་མཚན་སྒྲ་དང་བཅས་གསལ་བར་ལུང་བསྟན་པ་ལྟར།  རྒྱལ་ཀུན་སྙིང་རྗེ་རང་གཟིགས་འཕགས་མཆོག་ཕྱག་ན་པདྨོ་དེ་ཉིད་ཀྱིས་གང་འདུལ་སྤྲུལ་བའི་རོལ་བ་བསམ་ལས་འདས་པ་བཀྱེ་བ་ལས་ཡོངས་སུ་གྲགས་པ་རྒྱ་གར་འཕགས་པའི་ཡུལ་དུ་ཟབ་མོ་དབུ་མའི་དོན་གསལ་མཛད་སློབ་དཔོན་སངས་རྒྱས་བསྐྱངས།  ཇོ་བོ་ཆེན་པོ་བོད་དུ་དཀའ་ཚེགས་ཆེན་པས་གདན་འདྲེན་མི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། བཀའ་གདམས་བསྟན་པའི་གསལ་བྱེད་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན།  དངོས་སློབ་རོང་སྟོན་བློ་བཟང་གྲགས་པ།  མཁས་པའི་བྱ་བ་རྣམ་གསུམ་གྲགས་པ་ཕྱོགས་ཁྱབ་པའི་བོ་དོང་པཎ་ཆེན་པྱོགས་ལས་རྣམ་རྒྱལ་སོགས་སྐུའི་སྤྲུལ་བ་མང་པོས་བཤད་སྒྲུབ་བསྟན་པའི་གདུགས་དཀར་བླ་ནས་བླར་སྒྲེང་བའི་བྱེད་པོ་རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོ་ཞེས་མཚན་སྙན་རྣ་བའི་བདུད་རྩིར་གྱུར་པ་གང་དེས་གསེར་ལྗོངས་རིག་པའི་འབྱུང་གནས་ཀྱི་ཡུལ་གྲུ་འདིར།  རྗེ་བླ་མའི་མདོ་སྔགས་ཀྱི་བསྟན་པ་སྤེལ་བའི་ཐུགས་བསྐྱེད་དུས་ལ་བབས་ཏེ་དགོན་ཆེན་འདི་གསར་དུ་འདེབས་པ་པོ་ཆོས་རྗེ་བསམ་གཏན་རིན་ཆེན།  འཇམ་པའི་དབྱངས་དཀར་པོས་དངོས་སུ་རྗེས་སུ་བཟུང་བ་བསམ་འགྲུབ་རིན་ཆེན།  མགར་རྩེ་ཤེས་རབ་ཉི་མ་སོགས་ཀྱི་སྐུའི་རྣམ་པར་བསྟན་ནས་བསྟན་པའི་གཞི་བཟུང་།  ཇི་སྐད་དུ།  ཚོགས་ཤིང་དུས་ལ་བབས་པ་ན།  འབྲས་བུ་སྨིན་པ་ཉིད་དུ་འགྱུར།  ཞེས་གསུངས་པ་ལྟར།   རྣམ་འདྲེན་བླ་མ་མཆོག་དེ་རིགས་ཕུན་སུམ་ཚོགས་པར་སྐུའི་སྐྱེས་བ་བཞེས་ཏེ་དབུས་གཙང་དུ་ཕེབས།  མཁས་གྲུབ་མང་པོའི་ཞབས་པད་བསྟེན་ནས་རིགས་ལམ་ལ་སྦྱངས་ཏེ་ལོ་བདུན་གྱི་རིང་ལ་དབུ་ཕར་འདུལ་མཛོད་རྣམ་འགྲེལ།  དེ་དག་གི་ཟུར་བཀོད་སོགས་རྒྱ་བོད་ཀྱི་གཞུང་ཆེན་མོ་ཐམས་ཅད་དང་།   ཁྱད་པར་ཕར་ཕྱིན་ཚར་གསུམ།  དབུ་མ་ཚར་བདུན་ཉིན་མཚན་ཀུན་ཏུ་རྒྱུན་རིང་ལ་ཤུགས་དྲགས་པས་བརྩོན་པ་བསྟེན་པའི་སྟོབས་ཀྱིས།  བདག་ཉིད་ཆེན་པོ་འདིའི་ལུང་རིགས་ཀྱི་མཁྱེན་དཔྱོད་ཕུལ་དུ་བྱུང་བའི་གྲགས་པའི་ཕྱོགས་ཀུན་ཁྱབ་པར་གྱུར་པ་ན།  རྗེས་ས་པཎ་གྱིས།  རྟག་ཏུ་དམ་པའི་ཡོན་ཏན་རྣམ།  སྐྱེ་བོ་དམ་པས་ལྷག་པར་སྒྲོགས།  །མ་ལ་ཡ་ཡི་ཙན་དན་དྲི།  །རླུང་གིས་ཕྱོགས་བཅུར་ཁྱབ་པར་གྱུར།  །ཅེས་གསུངས་པ་ལྟར་གྱུར་ནས་དགུང་ལོ་ཉེར་བཞིའི་དུས་སུ་གོང་མ་ཆོས་པ་རིན་པོ་ཆེ་ནས་རྗེས་འདི་ལ་སྤྱིར་སངས་རྒྱས་ཀྱིས་བསྟན་པ་དང་།  འགྲོ་བ་ལ་ཕྱོགས་རིས་མེད་པར་ཕན་པ་སྒྲུབས།  བྱེ་བྲག་ཏུ་བཤད་གྲྭ་བཙུགས་ནས་བསྟན་པའི་རྒྱུན་ལ་ཕན་པ་འོང་ཞེས་སོགས་ཀྱི་གསུངས་བཀོད་ལྟར་མཚན་ཉིད་ཀྱི་གྲྭ་ཚང་གསར་དུ་བཙུགས་ཏེ་ཆོས་སྲིད་གཉིས་ཀྱི་སྒོ་ནས་ཚད་མེད་པ་བསྐྱངས་པའི་ཕྱག་རྗེས་ལ་ལུང་རིགས་སྨྲ་བའི་དགེ་བཤེས་བརྒྱ་ཕྲག་མང་པོས་ཡོངས་སུ་གང་སྟེ།  བཤད་པའི་སྒོ་ནས་རྒྱལ་བསྟན་ཉི་མ་བཞིན་དུ་གསལ་བ་འདི་བྱུང་བ་བཀའ་དྲིན་ཆེ་བའི་རང་བཞིན་དུ་ཤེས་ནས་དེའི་རྗེས་སུ་འཇུག་པར་འདོད་པའི་བློས་ཆོས་སྡེ་འདིར་ཞུགས་ཏེ་དམ་པ་གོང་མ་དག་གི་བཀའ་བཞིན་བསྒྲུབས་ནས་དྲིན་དུ་བཟོ་བ་ལ་རང་བཞིན་གྱིས་དོན་འགྲུབ་ཅིང་།  དམ་པ་དགྱེས་པའི་ཐབས་བླ་ན་མེད་པ་གང་ཡིན་ན་བཀའ་པོད་ལྔ་ལ་སྦྱང་བ་ཕུ་ཐག་ཆོད་པ་ཞིག་བྱེད་དགོས་པ་འདི་ཡིན་ནོ། 

ད་ནི་ཐོས་བསམ་གླིང་འདིར་ཞུགས་པའི་དགོས་པའི་གཙོ་བོ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ལ་ཇི་ལྟར་བསླབ་པའི་ཚུལ་ཅུང་ཟད་བྲི་བ་ལ།  དེ་ཡང་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཡང་ཡང་རྙེད་དཀའ་བས།  ད་རེས་ཀྱི་ལུས་རྟེན་བཟང་བོ་འདི་ཚེ་འདིའི་ལྟོ་གོས་ཕྱིད་ཐབས་ལྷུར་ལེན་པ་ཙམ་མ་ཡིན་པར་རྒྱལ་བའི་བསྟན་པའི་སྒོར་ཞུགས།  གསུང་རབ་ཀྱི་དགོངས་དོན་ཚུལ་བཞིན་དུ་འདོམས་པའི་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་དང་མཇལ།  ཆོས་དང་མཐུན་པའི་གྲོགས་བཟང་པོ་ཚངས་པ་མཚུངས་པར་སྤྱོད་པའི་དགེ་འདུན་པ་རྣམས་དང་ལྷན་གཅིག་ཏུ་གནས་ཆོག་པ་སོགས་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་བྲལ་བའི་དུས་འདི་འདྲ་ཕྱིས་ནས་རྙེད་པའི་དཔའ་གདེང་རང་ལ་མེད་ཕྱིན་ཕྱི་བཤོལ་གྱི་དབང་དུ་མ་བཏང་བར་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་གོང་མའི་ཁྱད་པར་འཚོལ་བ་ལ་འབད་དགོས། 

དེ་ཡང་དང་པོ་མངོན་མཐོ་དང་ངེས་ལེགས་ཡོན་ཏན་ཀུན་ཀྱི་གཞི་མ་བསྟན་པའི་རྩ་བ་སོ་ཐར་གྱི་ཚུལ་ཁྲིམས་རིན་པོ་ཆེ་འདི་ནི་རྒྱལ་བ་སྲས་དང་བཅས་པ་དཔང་དུ་བཞག་སྟེ།  མཁན་སློབ་དགེ་འདུན་དང་བཅས་པའི་སྤྱན་སྔར་བསླབ་བྱའི་གནས་མཐའ་དག་བསྲུང་བར་དམ་བཅས་པ་འདི་ལས་འགལ་ན།  དེང་ཕྱིན་ཆད་མངོན་མཐོའི་སྒྲ་ཙམ་ཡང་ཐོས་པ་མི་འགྱུར་བས་ན་མི་ཤེས་པ་དང་བག་མེད་པའི་དབང་དུ་མ་བཏང་བར་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་རགས་ཐམས་ཅད་ལ་ཚུལ་བཞིན་དུ་སློབ་དགོས་ཤིང་།  ཐ་ན་རང་གཅིག་པུ་གནས་པའི་ལས་ཀྱི་སྤྱོད་ལམ་ལག་པའི་བརྐྱངས་བསྐུམས་ལྟ་བུ་ལ་ཡང་འདི་འདྲ་བ་ཆོས་འདུལ་བ་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་སོགས་ལས་མ་བཀག་གམ།  དེ་དག་ལས་གནང་ངམ།  རང་གཞན་ལ་ཕན་གནོད་གང་དུ་འགྱུར།  དེ་ལས་དགེ་མི་དགེ་གང་གི་ཕྱོགས་འཕེལ་སྙམ་དུ་ལེགས་པར་བརྟགས་ནས་འདུལ་བ་སོགས་ནས་གནང་བའི་འཇུག་པའི་ཕྱོགས་ཡིན་ན་དེ་ཉིད་མི་ཉམས་པར་འཕེལ་བའི་ཐབས་ལ་བརྩོན་ཞིང་། ཡང་ལྡོག་ཕྱོགས་ཡིན་ན། བྱ་བ་དེ་ལས་ལོག་ནས་དེ་ལྟ་བུ་མི་འབྱུང་བའི་ཐབས་ལ་བརྩོན་པར་བྱ་བ་ནི་ཉམས་ལེན་སྙིང་བོར་བྱེད་ཚུལ་ཡིན།

དེ་ལྟ་བུའི་ཚུལ་ཁྲིམས་དག་པར་མ་བསྲུངས་ན། ཚེ་འདི་ཉིད་ལ་སྟོན་པ་དང་། ལྷ་དང་གྲོགས་ཚངས་པར་སྤྱོད་པ་རྣམས་ཀྱིས་སྨོད་པར་འགྱུར་པ་དང་། ཡིད་མི་བདེ་བ་དང་། འགྱོད་པ་མང་བ། གཏམ་མི་སྙན་པ་འཕེལ་བ། ཕྱི་མར་རྣམ་སྨིན་མི་བཟད་པ་མྱངས་དགོས་པ་སོགས་ཉེས་དམིགས་མཐའ་ཡས་པའང་། ཚོམས་ལས། གལ་ཏེ་ཐོས་པ་མང་གྱུར་ཀྱང་། །ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་། །དེ་ཡི་ཐོས་པ་ཕུན་སུམ་མིན། །ཞེས་དང་། །ཚུལ་ཁྲིམས་ལེགས་པར་བསྲུངས་ན་གནས་སྐབས་དང་མཐར་ཐུག་གི་བར་ཡོན་ཏན་དཔག་མེད་འབྱུང་བ་ནི། སློབ་དཔོན་ཟླ་བ་གྲགས་པས། སོ་སོ་སྐྱེས་བོ་རྣམས་དང་གསུང་སྐྱེས་དང་། །རང་བྱང་ཆུབ་ལ་བདག་ཉིད་དངོས་རྣམས་དང་། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་དང་། སློབ་དཔོན་དབྱིག་གཉེན་གྱིས། །གང་ཞིག་དག་པའི་སེམས་ཀྱིས་ནི། ། ལོ་བརྒྱར་སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུངས་པ་དེ་ནི་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་ལགས་ལ། དེའི་ཕྱིར་དེང་དུས་བསྟན་པ་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་པའི་དུས་འདིར་རྒྱུ་རྫས་ནོམ་པ་ཅ་ལག་ཡོ་བྱད་སོགས་སྔོན་ལ་བསྒྲིགས་ནས་ཆོས་གོས་རྣམ་གསུམ་དང་གདིང་བ་ལྷུང་བཟེད་སོགས་སྒྲིག་རྒྱུའི་གླེང་མོལ་ཙམ་ཡང་མེད་པ་ལྟ་བུ་མ་ཡིན་པར། ཡབ་རྗེ་བླ་མ་བློ་བཟང་གྲགས་པའི་འདུལ་བའི་ཕྱག་ལེན་ཕྲ་ཞིབ་མཛད་པའི་སྲོལ་བཟང་པོ་ཆོས་སྡེ་འདིར་ཡུན་རིང་མི་ཉམས་ཤིང་འཕེལ་བའི་སླད་དུ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་དག་ཀྱང་ཅི་འབྱོར་བྱས་ཏེ་སྙིགས་དུས་ཀྱི་གྲོང་ཆས་དང་རྒྱ་ཆས་སྣ་ཚོགས་པ་རིང་དུ་དོར་ཏེ་ངུར་སྨྲིག་གི་རྒྱལ་མཚན་རྒྱུན་དུ་འཆང་བ་སོགས་ཐུགས་ཉམས་སུ་བསྟར་དགོས་པ་གནད་ཀྱི་དོན་པོ་ཡིན་ནོ། 

དེ་ལྟར་ཡོན་ཏན་ཀུན་ཀྱི་གཞི་རྩ་ཚུལ་ཁྲིམས་བརྟན་པར་བྱས་ནས་དོན་གཉིས་ཕུན་ཚོགས་བསྒྲུབ་པ་ལ། དེའི་རྒྱུ་ལ་བསླབ་དགོས། དེ་ལ་ཤེས་དགོས། དེ་ལ་ཐོས་པ་རྒྱ་ཆེར་བཙལ་དགོས། དེ་ལ་སྔོན་དུ་ཆོས་གྲྭར་ཞུགས་མ་ཐག་ཏུ། ཚོམས་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང་། །ཐད་ཀར་བབས་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བ། །དེ་ཕྱིར་བདག་པོས་གཙོ་གྱུར་བསྟེན་པར་བྱ། །ཞེས་གསུངས་པ་ལྟར།སློབ་མ་ལས་ཡོན་ཏན་ལྷག་པ། སློབ་མ་བཀྲི་བའི་ཐབས་ལ་མཁས་པ། ལུང་དང་རིགས་པས་ཕྱུག་པ། སློབ་མ་ལ་ཕན་སེམས་ཆེ་བ་ཞིག་དགེ་རྒན་ལ་བསྟེན་ནས་དེ་གཉིས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་མཉེས་པར་བྱེད་པ་ཤིན་ཏུ་གལ་ཆེ་ཚུལ་བླ་མ་ལྔ་བཅུ་བ་སོགས་མདོ་སྔགས་ཀྱི་གསུང་རབ་རྣམས་ལས་མང་དུ་གསུངས་པ་དེ་དག་ལ་བལྟས་ནས་ཞིབ་ཏུ་ཤེས་པར་བྱ་ལ། མདོར་བསྡུས་ན་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པས་སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ་དང་། རྒྱལ་བ་རྣམས་དགྱེས་པ། དགེ་བའི་བཤེས་གཉེན་གྱིས་མི་ཕོངས་པ། ངན་འགྲོར་མི་ལྷུང་བ། ཡོན་ཏན་གྱི་ཚོགས་ཀྱིས་ཇེ་མཐོར་འགྱུར་བ།  གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པར་འགྱུར་བ། བཤེས་གཉེན་ལ་བསྙེན་བཀུར་བས་སངས་རྒྱས་དཔག་ཏུ་མེད་པ་ལ་ཡོན་ཕུལ་བ་སོགས་ཀྱི་དགེ་རྩ་ཟིལ་གྱིས་གནོན་པ་ལ་སོགས་པའི་ཕན་ཡོན་མཐའ་ཡས་པར་གསུངས་ཤིང་། བསྟེན་ཚུལ་ལོག་ནས་བླ་མ་ལ་བརྙས་སྨོད་སོགས་བྱས་ན་ནི་མཚམས་མེད་ལས་ཀྱང་རྣམ་སྨིན་ཆེ་བས། ཚེ་ཕྱི་མར་མནར་མེད་དུ་སྐྱེ་བ་དང་། ཚེ་འདིར་ཡང་ནད་གདོན་དུ་མས་འཚེ་བ་སོགས་འདི་ཕྱི་ཐམས་ཅད་དུ་ཕུང་བར་འགྱུར་བའི་ཉེས་དམིགས་མཐའ་ཡས་པས་ན་བསྟེན་ཚུལ་མ་ལོག་པ་གནད་དམ་པ་ཡིན།

དགེ་རྒན་གྱི་དྲུང་ནས་ཆོས་ཉན་པ་སོགས་ཀྱི་ཚེ་ཐོག་མར།  སྐྱེས་རབས་ལས། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ནི་ཉོ་བར་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།  །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག  །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན།  །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག   །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན།  །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག  །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་སོགས་ཐོས་པའི་ཕན་ཡོན་རྣམས་བསམས་ཏེ་སྤྲོ་བ་བསྐྱེད་ན་ཐོས་པ་བྱེད་འདོད་འབྱུང་བས།    འདི་ཉིད་ཤིན་ཏུ་གལ་ཆེ།

གང་ལ་ཐོས་པ་བྱ་བའི་གཞུང་ལ་བགྲང་གིས་མི་ལང་བ་ཡོད་པའི་ནང་ནས། སྔོན་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་འཕགས་བོད་ཀྱི་མཁས་དབང་རྣམས་ཀྱིས་མཚན་ཉིད་ཀྱི་གཞུང་ལ་ཐུགས་གཉེར་མཛད་སྐབས། བཀའ་པོད་ཆེན་པོ་ལྔ་ལ་བསླབ་སྦྱངས་མཛད་པའི་རྒྱུ་མཚན་ཡང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་འཁོར་ལོ་དང་པོའི་དངོས་བསྟན་སྤྱོད་པའི་ཆ་གཙོ་བོར་འགྲེལ་བ་ལ།  སློབ་དཔོན་ཡོན་ཏན་འོད་ཀྱིས།  འདུལ་བ་ལུང་སྡེ་བཞིའི་གནད་དོན་མཐའ་དག་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ།   ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་ཏེ་གསུམ་དུ་བསྡུས་ནས་སྟོན་པ་འདུལ་བ་མདོ་རྩ་བ་གསུངས། འཁོར་ལོ་དང་པོའི་དངོས་བསྟན་ལྟ་བའི་ཆ་གཙོ་བོར་འགྲེལ་བ་ལ། སློབ་དཔོན་དབྱིག་གཉེན་གྱིས། ཤེས་བྱ་གཞི་ལྔའི་རང་སྤྱིའི་མཚན་ཉིད་དང་། བདེན་བཞི་གཙོ་བོར་སྟོན་པ་མངོན་པ་མཛོད་རྩ་འགྲེལ་གསུངས། འཁོར་ལོ་བར་བའི་དངོས་བསྟན་ལྟ་བའི་ཆ་གཙོ་བོར་འགྲེལ་བ་ལ་མགོན་པོ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་གང་ཟག་དང་ཆོས་ཀྱི་བདག་མེད་ཕྲ་མོ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྒྱས་པར་སྟོན་པ་དབུ་མ་རྩ་བ་ཤེས་རབ་དང་། དབུ་མ་འཇུག་པ་སོགས་མཛད། འཁོར་ལོ་བར་བའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་འགྲེལ་བ་ལ།   འཕགས་པ་ཐོགས་མེད་ཀྱི་བཀའ་དྲིན་ལ་བརྟེན་ནས་རྗེ་བཙུན་བྱམས་པ་མགོན་པོས། ཤེར་མདོའི་རྒྱ་ཆེ་བའི་ཆ་མཐའ་དག་དངོས་པོ་བརྒྱད་དོན་བདུན་བཅུར་བསྡུས་ཏེ་སྟོན་པ་མངོན་རྟོགས་རྒྱན་གསུངས།  འཁོར་ལོ་ཐ་མའི་དངོས་བསྟན་ལྟ་བའི་ཆ་རྣམ་རིག་པའི་ལུགས་ཀྱི་གཟུང་འཛིན་རྫས་གཞན་གྱིས་སྟོང་བའི་ཆོས་ཀྱི་བདག་མེད་རགས་པ་བསྟན་བྱའི་གཙོ་བོར་བྱས་ཏེ་འགྲེལ་བ་ལ།   དཔལ་ལྡན་ཆོས་ཀྱི་གྲགས་པས།  དེའི་སྟེང་དུ་རྒྱལ་བའི་བསྟན་པ་ཐར་འདོད་རྣམས་ཀྱི་འཇུག་ངོགས་སུ་སྒྲུབ་པ་སྙིང་བོའི་དོན་དུ་བྱས་ཏེ་སྟོན་པ་ཚད་མ་རྣམ་འགྲེལ་གྱི་བསྟན་བཅོས་གསུངས།

དེར་མ་ཟད་རྟོགས་པའི་བསྟན་པ་བསླབ་པ་གསུམ་དུ་འདུ་ཞིང་།  དེ་ཡང་འདུལ་བས་ཚུལ་ཁྲིམས་ཀྱི་བསླབ་པ།  མཛོད་དབུ་མ་རྣམ་འགྲེལ་གསུམ་གྱིས་ཤེས་རབ་ཀྱི་བསླབ་པ།  ཕར་ཕྱིན་གྱིས་ཏིང་ངེ་འཛིན་ཀྱི་བསླབ་པ་རྒྱས་པར་སྟོན།  ཡང་དབུ་ཚད་གཉིས་ཀྱིས་ལྟ་བ།  ཕར་ཕྱིན་དང་མཛོད་ཀྱིས་སྒོམ་པ།  འདུལ་བས་སྤྱོད་པ་རྒྱས་པར་གཏན་ལ་ཕབ་པས།   ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཀུན་ཀྱང་འདིར་བབས་པ་ཡིན།  བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བ་ལ།  སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱང་དགོས།  སྐྱེས་བུ་ཆུང་འབྲིང་གི་ལམ་རྫོགས་པར་ཤེས་པ་ལ་ལུང་གི་ཆོས་མངོན་པ་མཛོད་དང་།   རིགས་པའི་ཆོས་མངོན་པ་རྣམ་འགྲེལ་གཉིས་ལ་སྦྱང་དགོས།  ངེས་པར་འབྱུང་བའི་ཚུལ་ཁྲིམས་རྫོགས་པར་ཤེས་པ་ལ་འདུལ་བ་ལུང་སྡེ་བཞིའི་གནད་བསྡུས་པ་མདོ་རྩ་བ་ལ་སྦྱང་དགོས།  སྐྱེས་བུ་ཆེན་པོའི་ལམ་ལ་ཟབ་རྒྱས་གཉིས་སུ་ངེས་པ་ལས།  ཟབ་པའི་ཆ་རྫོགས་པར་ཤེས་པ་ལ་དབུ་མའི་གཞུང་།  རྒྱ་ཆེ་བའི་ཆ་རྫོགས་པར་ཤེས་པ་ལ་མངོན་རྟོགས་རྒྱན་ལ་སྦྱང་དགོས།  དེ་རྣམས་ལས་གཅིག་ལ་མ་སྦྱངས་ན་ཡང་།  གོང་སྨྲས་ཀྱི་དགོས་དོན་གཅིག་ཆད་པར་འགྱུར་བས་ན།  རང་རེ་རི་བོ་དགེ་ལྡན་པའི་མཁས་གྲུབ་གོང་མ་རྣམས་ཀྱིས། ཐུབ་དབང་ལུང་རྟོགས་ཀྱི་བསྟན་པ་བཀའ་པོད་ལྔའི་འཆད་ཉན་གྱི་སྒོ་ནས་གསལ་བར་བྱས་ཏེ་རང་རྒྱུད་ལ་བག་ཆགས་འཇོག་པའི་སྲོལ་བཟང་པོ་འཛུགས་པར་མཛད་པ་ཡིན་ནོ།།

དེའི་ཕྱིར་རང་ལ་རང་གིས་ཕན་རེ་འདོགས་ན་འདི་ལྟ་བུའི་འཆད་ཉན་གྱི་བྱ་བར་སུ་ཞིག་གིས་བརྩོན་པར་མི་བྱེད་སྙམ་དུ་ཐོས་བསམ་གང་ལ་འཇུག་པའི་ཐོག་མར་ཀུན་སློང་ངན་པས་མ་བསླད་པར་གསལ་འདེབས་ཚུལ་ལེགས་པ། བར་དུ་རང་གི་བློ་དང་འཚམ་པའི་ཚིག་དོན་ལ་དཔྱད་པ་བྱེད་པ། ཐ་མར་གང་ཤེས་དྲན་པས་བཟུང་སྟེ་མ་བརྗེད་པར་རང་རྒྱུད་གྱོང་བོ་འདུལ་བའི་ཉམས་ལེན་དུ་སྦྱོར་བ་རྣམས་གལ་ཆེ་བ་ཡང་།  རྡོ་རྗེ་འཆང་བློ་བཟང་འཕྲིན་ལས་དཔལ་བཟང་པོས།  ཐོས་བསམ་བྱེད་པའི་ཐོག་མར་ཀུན་སློང་གཅེས།  བར་དུ་རྒྱས་བསྡུས་འཚམ་པའི་དཔྱད་ཚུལ་གཅེས།  ཐ་མར་མ་བརྗེད་རྒྱུད་ལ་སྦྱོར་བ་གཅེས། ། གཅེས་ནོར་དེ་གསུམ་སྙིང་གི་དཀྱིལ་དུ་ཆོངས།   ཞེས་གསུངས་པ་ལྟར་ལགས་ལ།  དེ་ཡང་ཆོས་གྲྭ་འདིར་ཞུགས་ཏེ་ཆོས་དང་ཟང་ཟིང་གི་སྐལ་བ་ཐོབ་པ་ལ་སྡེ་འདིར་འཇུག་པའི་འགལ་རྐྱེན་བྲལ་ཞིང་མཐུན་རྐྱེན་ཆ་ཚང་བར་འཛོམས་དགོས་པ་ལྟར།  དམ་པའི་ཆོས་ཉན་པའི་སྐལ་བ་ཐོབ་པ་ལ།  བཞི་བརྒྱ་བ་ལས།  གཟུར་གནས་བློ་ལྡན་དོན་གཉེར་བ།།  ཉན་པོ་སྣོད་ཅེས་བྱ་བར་བཞེད། ། ཅེས་གསུངས་པ་ལྟར། སྣོད་ཀྱི་མཚན་ཉིད་གསུམ་ངེས་པར་ཚང་དགོས།  དང་པོ་བློ་གཟུ་བོར་གནས་པ་ནི་རང་གི་འདོད་པ་འབའ་ཞིག་བསྒྲུབས་ཤིང་སྒྲུབ་ཀྱང་སླ་ལ། བླ་མས་བློ་ཁ་ཆོས་ལ་བཀྲི་བྱེད་ཀྱི་ཐབས་གང་གསུངས་ཀྱང་བསྒྲུབ་མི་འདོད་ཅིང་། སྒྲུབ་ཀྱང་དཀའ་བ་ལྟར་སྣང་བ་ནི་བློ་རང་གི་ཕྱོགས་སུ་ལྷུང་བ་ཡིན་པས།  དེ་ལས་ལྡོག་སྟེ་རང་ཕྱོགས་སུ་མི་གཏོང་བར་བླ་མའི་ཕྱོགས་སུ་གཏོང་བ་ཞིག་ཡིན་དགོས།

གཉིས་པ་ལེགས་ཉེས་སོ་སོར་འབྱེད་པའི་བློ་གྲོས་མེད་ན་དགེ་རྒན་གྱིས་གང་བསླབ་པའི་དོན་ཕྱིན་ཅི་ལོག་ཏུ་གོ་འགྲོ་བས་ཤེས་རབ་བཟང་པོ་དགོས། གསུམ་པ་རང་རེ་རྣམས་ཁ་ནས་ཆོས་ལ་དོན་གཉེར་ཡོད་ཟེར་བ་ཙམ་གྱིས་མི་ཆོག དཔེར་ན་ངང་བ་མཚོ་འཁྱགས་པ་ན་ཕྱི་མིག་མི་བལྟ་བར་འགྲོ་བ་བཞིན་དུ། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་གྲོང་བའི་འདུ་འཛི་སོགས་ཀྱི་འཇིག་རྟེན་གྱི་བྱ་བ་ངན་པ་ཆུའི་གཉེར་མ་ལྟར་གཅིག་རྗེས་གཅིག་གནོན་གྱིས་བྲེལ་བའི་དབང་དུ་མ་སོང་ཞིང་འཁོར་བ་ལ་ཕྱི་མིག་མི་བལྟ་བར་རྒྱབ་ཀྱིས་ཕྱོགས་ཏེ་ཐར་བ་དོན་དུ་གཉེར་བའི་བློ་བསྐྱེད་པ་ཞིག་ངེས་ཅན་དུ་དགོས།  དེ་ལྟ་བུའི་མཚན་ཉིད་ཚང་བའི་གང་ཟག་དེ་ཐོས་བསམ་ལ་འཇུག་པ་དང་རྩོད་པའི་བརྡར་ཤ་གཅོད་པ་སོགས་ཀྱི་ཚེ་ཀུན་སློང་བཅའ་ཚུལ་ཡང་། དེང་དུས་ཆོས་ཀྱི་ཕྱོགས་ལ་ཅི་ཡང་མི་གོ་ཞེས་སྡུག་སྐད་འདོན་པ་མང་དུ་སྣང་ཡང་རང་རང་གི་ཆོས་མ་བསྒྲུབས་པར་བག་མེད་དུ་གནས་པ་རང་ཤུགས་ཀྱིས་ཆོས་དོན་རྟོགས་པ་ག་ལ་སྲིད།  དེས་ན་རང་ལ་ཆོས་ལ་དཔྱོད་པའི་བློ་གྲོས།  དོན་གཉེར་གྱི་འདུན་པ།  དཀའ་སྤྱད་ནུས་པའི་བཟོད་པ། སྤྲོ་བའི་བརྩོན་འགྲུས་སོགས་ཐམས་ཅད་རྟེན་འདི་ལ་ཚང་འདུག་ཕྱིན་ཆད་འདི་འདྲ་མི་རྙེད། ཆོས་བྱས་ནས་བློ་གྲོས་ཀྱི་རྩལ་ཆེ་ཆུང་ཡོད་ན་མ་གཏོགས། ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་མི་ཚུགས་པ་མི་སྲིད་པ་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་ལ་བལྟས་ན་ངེས་པས།  རྐྱེན་ཅི་ལ་ཐུག་ཀྱང་བཀའ་པོད་ལྔ་ལ་སྦྱང་བ་མཐར་ཕྱིན་པ་ཞིག་བྱས།  མཁས་པའི་གྲལ་དུ་ཚུད་པ་ཞིག་བྱའོ། །

ཚུད་ནས་ཀྱང་གང་ཤེས་བཤད་ཡམས་ཙམ་དང་།  ཁེ་གྲགས་ང་རྒྱལ་སོགས་ཆོས་བརྒྱད་སྣང་ཤེས་ཀྱི་དབང་དུ་མ་སོང་བར་རང་རྒྱུད་འདུལ་བའི་ཉམས་ལེན་དུ་འཁྱེར་ནས་བསྟན་པ་ལ་ལག་རྗེས་འཇོག་ནུས་པར་ཤོག་ཅིག་སྙམ་པ་སོགས་སྐབས་དང་བསྟུན་པའི་བསམ་བློ་གཏོང་ཚུལ་ལེགས་དགོས། དེ་ཡང་དམ་པ་གོང་མ་རྣམས་ཀྱི་གསུང་སྒྲོས་ལ་མཚན་ཉིད་པ་རྣམས་ཀྱིས་རྩོད་པ་བྱེད་ཚུལ་འདི་བཀའ་གདམས་པ་རྣམས་ཀྱིས་ཆོས་ཀྱི་ཇ་བསྐོལ་བའི་ཚུལ་ཡིན་པ་ཡང་།  བཀའ་གདམས་གླེགས་བམ་ལས།  སྤྲུལ་བའི་ཁྱེའུ་ཆུང་ལག་བདེ་ཡིན་ཞེས་པས། རྩོད་པ་བྱེད་མཁན་བསྟན། འབྲེལ་ཆགས་ལོ་རྒྱུས་གཏམ་གྱིས་འགྲོལ་ཞེས་པས་བརྒལ་རྟགས་གང་བྱེད་ཀྱང་ལུང་རིགས་དང་འབྲེལ་དགོས་པ་བསྟན། རྐང་གཡས་ས་ལ་རབ་བསྣུན་པས། །ངན་སོང་ཡོང་ཡེ་ཡོད་མ་གྱུར། །རྐང་གཡོན་ཅུང་ཟད་གྱེན་བཏེགས་པས། །ཐམས་ཅད་ང་དང་ལྷན་ཅིག་ཏུ། །ཐར་བའི་གནས་སུ་ཕྱིན་པར་ཤོག །ཅེས་པས་ཕྱི་རྒོལ་གྱི་རྐང་བ་གཡས་ཀྱིས་ངན་སོང་འགོག་པ་དང་། གཡོན་གྱིས་འགྲོ་ཀུན་ཐར་ལམ་དུ་འདྲེན་པ་བསྟན།  ཕྱག་རྒྱ་ནང་དུ་རབ་བཀུག་པས། །དཔལ་འབྱོར་གཡང་དུ་འདུ་བར་ཤོག །ཅེས་པས་འཇིག་རྟེན་དུ་བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་སྒོ་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་ཐམས་ཅད་དུ་རྒྱས་ཕྱིར་ལག་པ་གཉིས་ཀྱི་ཕྱག་རྒྱ་ཕྱོགས་སུ་བསྐྱོད་པ་དང་། ནང་དུ་བཀུག་པས་ཆོས་སྒྲུབ་པའི་མཐུན་རྐྱེན་བློ་གྲོས་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་། ཆོས་མཐུན་གྱི་འབྱོར་བ་ཕུན་སུམ་ཚོགས་པ། ཆོས་མཛད་ཀྱི་སྐལ་ལྡན་ཕུན་སུམ་ཚོགས་པ་རྣམས་འདུ་བར་འགྱུར་བ་ཇོ་འབྲོམ་ཡབ་སྲས་ཀྱིས་ལུང་བསྟན་པ་ལྟར་ལགས་པས་རྒྱས་པར་བཀའ་གདམས་གླེགས་བམ་ལ་གཟིགས་ན་གསལ།

རྩོད་པ་ཐོག་མར་གནང་བའི་ཚེ་ན། རྩོད་པ་བྱེད་པའི་ཐོག་མར་ཐལ་སྐད་ཅེས་པ་སྔོན་གྱི་གསུང་བཤད་མི་འདྲ་བ་མང་མོད། དེ་ཐམས་ཅད་གོ་ཚུལ་གཅིག་ཏུ་བཤད་ན། ཕྱི་རྒོལ་གྱིས་སྔ་རྒོལ་ལ་ཐལ་བ་འཕེན་པའི་མགོར། དྷཱིཿ ཞེས་མི་ཤེས་པ་དང་མ་རིག་པའི་གཉེན་པོ་བཞིན་ལེགས་ཀྱི་རྣམ་པར་ཤར་བ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཞུ་བའི་ཚུལ་དུ་ས་བོན་ངག་ཏུ་བརྗོད་དེ།  ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྲང་ལ་འཇལ་ཚུལ་འདི་ལྟར་རོ་ཞེས་སམ།  རྣམ་འབྱེད་ཀྱི་ཤེས་རབ་རྣོན་པོས་མ་རིག་པའི་ལོག་རྟོག་སེལ་བྱེད་ཀྱི་ཐབས་ཇི་ལྟར་འཆད་ན་ཞེས་སྔ་རྒོལ་ལ་ཉན་པར་བསྐུལ་ནས། དེའི་རྗེས་རྗེ་བཙུན་གྱི་ཕྱག་མཚན་གླེགས་རལ་མཚོན་ཆེད་ལག་པ་གཡས་གཡོན་གཉིས་ཕྲག་གོང་གཡས་གཡོན་དུ་བརྐྱངས་ཏེ་སླར་ཐལ་མོ་རྡེབ་པའི་ཚེ་གསུང་རབ་ཀྱི་དོན་ལ་སྒྲོ་འདོགས་ཆོད་པ་དང་། ཡང་གཡས་ཀྱིས་རྨོངས་པའི་འཁྲི་ཤིང་གཅོད་པའི་རལ་གྲི་ཕྲག་གོང་དུ་འཕྱར་བ། གཡོན་གྱིས་ཕས་རྒོལ་ཟིལ་གྱིས་གནོན་པ་དང་འགྲོ་བ་རྣམས་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྟེར་བ་མཚོན་པ་སོགས་རྩོད་པའི་དངོས་གཞི་ཕར་ཞོག   ལུས་ཀྱི་རྣམ་འགྱུར་གྱི་སྟེང་ནས་རྒྱུད་ལ་བག་ཆགས་འཇོག་ཚུལ་དང་།  བསྟན་པ་ལ་བྱ་བ་བྱེད་ཚུལ་མཐའ་ཡས་པ་ཡོད་དོ།།

གཞན་ཡང་རྩོད་པའི་ཡན་ལག་ཏུ་གཟན་སྐེད་པར་དཀྲི་བའི་དཔུང་མགོ་བཏུམས་པ།  སྨད་གཡོགས་ལྟར་དཀྲི་བ།  ཐོག་མ་རང་ནས་སྐ་རགས་ལྟར་བཅིངས་པ་སོགས་མི་མཛེས་པའི་སྐྱོན་དང་བྲལ་བའི་སྒོ་ནས་དཀྲི་ཚུལ་ལེགས་པ། རྟགས་གསལ་རྗེས་མ་ལ་བསམ་བློ་གཏོང་བཞིན་འཁོར་གསུམ་གང་ལེགས་བྱེད་པ།  ཐལ་རྡེབ་ཀྱི་འཇུག་ཏུ།  ལག་པ་གཡས་གཡོན་གང་འགྲིག་གིས་འགྱིང་སྟབས་བྱེད་པ།  ཁ་ཤོམ་ཤགས་འགྱེད་དང་སྦྲགས་པའི་གཏམ་རྟགས་གསལ་རྒྱན་བྱེད་དུ་འགྲོ་བ་རེ་མ་གཏོགས་དངོས་ལན་མ་ཡིན་པའི་སྐད་ཆ་མང་པོ་མ་བཤད་པར་རྟགས་གསལ་ཁྱབ་གསུམ་གྱི་ལན་འདེབས་པ།  རིགས་པའི་གཞུང་ལ་བབས་པ་ན་བགྲོ་གླེང་བ་དང་།  དམ་བཅའ་བས་རིག་པ་ཇེ་གྲིམ་དུ་བཏང་སྟེ། སྐད་ཀྱི་གཟེངས་ཇེ་མཐོ།  རྟགས་གསལ་དང་ལན་ཇེ་མྱུར།  ལུང་རིགས་ཀྱི་སྒྲུབ་བྱེད་ཇེ་མང་དུ་གཏོང་བ་སོགས་རྩོད་པ་འཕེལ་བའི་ཐབས་དང་།  གཞན་ཡང་།  སྔ་རྒོལ་ཕྱི་རྒོལ་དཔང་པོ་གསུམ་གྱི་མཚན་ཉིད།  རྩོད་པའི་གང་ཟག  གང་རྩོད་པའི་དུས།  གང་ལ་རྩོད་པའི་གནས། ཇི་ལྟར་རྩོད་པའི་ཚུལ།  རྩོད་པ་བྱས་པའི་འབྲས་བུ།  དྲི་བ་བྱེད་ཚུལ།  ལན་འདེབས་ཚུལ།  རྩོད་པ་ལ་མཁས་པའི་རྒྱུ་དང་མཛེས་པའི་རྒྱན།  ཕ་རོལ་པོ་དམའ་བར་འདོད་པའི་ཞེ་སྡང་།  རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་སོགས་རྩོད་པའི་བསམ་པ་མ་དག་པ་སྤངས་པ། རང་གིས་གཞུང་དོན་རྟོགས་པར་འདོད་པའི་གུས་པ་དང་འདུན་པ། གཞན་གྱི་ལོག་རྟོག་སེལ་བར་འདོད་པའི་སྙིང་རྗེ་དང་།  ཆོས་ཀྱི་སྦྱིན་པ་སོགས་ཀྱི་བསམ་པ་བཟང་པོ་བསྐྱེད་ཚུལ།རྩོད་པ་བཟང་ངན་གྱི་དཔེ་དང་འབྲས་བུ་སོགས་རྒྱས་པར་སྨྲ་བའི་ཉི་མ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་བསྡུས་གྲྭ་ལ་གཟིགས་ན་གསལ་བར་འགྱུར་བས་འབྲི་བའི་ངལ་བ་མ་བྱས་སོ།།

དཔེ་ལྟོས་དང་རིགས་ལུང་ཙམ་ལ་མགོ་འཁོར་ནས་དགེ་སྦྱོར་གང་ཡང་མི་འོང་ཞེས་མཚན་ཉིད་པ་ལ་བརྙས་པ་དང་། བླ་མ་དང་ལྷག་པའི་ལྷ་ལ་ཡིད་ཆེས་རྩེ་གཅིག་པའི་སྒོ་ནས་སྒོམ་སྒྲུབ་བྱེད་མཁན་ལ་རིག་པའི་གནས་གང་ཡང་མི་ཤེས་པའི་བླུན་པོ་འདྲ་བས་ནེ་ཙོས་མ་ཎི་བཏོན་པ་ལྟ་བུས་གར་ཡང་མི་ཕྱིན།  ཞེས་ཕན་ཚུན་ཁྱད་དུ་གསོད་པ་མི་འཚམ་པའི་ལས་སུ་འགྱུར་བས་ཕར་ལ་སྐྱོན་རྟོག་པ་ལས་རང་རྒྱུད་ཆོས་དང་མཐུན་མི་མཐུན་ལ་དཔྱད་པ་བྱས་ན་ལེགས་པར་མངོན། སྤྱིར་སྔོན་བྱོན་དམ་པ་རྣམས་ཀྱིས་མདོ་སྔགས་ཀྱི་སློབ་གཉེར་གང་གི་སྐབས་སུ།  ཡིག་ཆའི་གཞུང་མང་པོ་འཛིན་སྐྱོར།  ཆོས་གྲྭར་བརྒལ་རྟགས།  ཚིག་དོན་ཞིབ་མོར་འཆད་པའི་མཛུབ་ཁྲིད།  དེ་དག་མི་བརྗེད་པར་བརྗོད་བྱའི་གནད་ལ་དཔྱད་པ།  ལྟོ་སྐྱ་ལ་གོས་ཧྲུལ་བའི་དཀའ་སྤྱད།  གཞན་གྱི་བརྒལ་རྟགས་ལ་ཉན་ནས་ཐུགས་སྦྱོང་མཛད་པ་སོགས་སྔོན་བྱོན་དམ་པའི་རྣམ་ཐར་ལག་ལེན་དུ་འདེབས་དགོས་མང་།  དེ་ཡང་རྗེ་བཙུན་འཇམས་པའི་དབྱངས་ཀྱིས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ལ།  བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་ནས་གསོལ་བ་འདེབས་ཤིང་བསྙེན་སྒྲུབ་ལ་བརྩོན་པ། བསགས་སྦྱངས་གཉིས་ལ་ལེགས་པར་འབད་པ་དང་། གཞུང་ལུགས་དོན་ལ་རིགས་པས་རྣམ་པར་དཔྱོད་ཅིང་ཞིབ་ཏུ་སེམས་པ་རྣམས་སུམ་སྒྲིལ་དུ་ཉམས་སུ་ལོངས་ལ་ཚིམ་མ་སླ་བར་རྒྱུན་བསྲིངས་ལ་ལེགས་པར་དཔྱོད་ཅིག་དང་། སྐབས་སུ་བབས་པ་ན་ངེད་ཀྱིས་ས་བོན་བཏབ་པའི་ལེགས་བཤད་ཀྱིས་རྐྱེན་བྱས་ནས་ལེགས་པར་གོ་བ་ཞིག་མྱུར་དུ་འོང་ཞེས་གསུངས་པ། རང་ཅག་རྗེས་འཇུག་རྣམས་ལ་འཇམ་པའི་དབྱངས་ཀྱིས་ཞལ་གདམས་སུ་མཛད་པ་ཐུགས་ཀྱི་དཔལ་བེའུར་བཅིངས་ནས་དོན་མེད་ཀྱི་ལོང་གཏམ་ཟིན་མེད་ཀྱི་བྱ་གཞག་མང་པོས་མི་ཚེ་སྟོང་ཟད་དུ་བྱེད་པ་ལས་ཆོས་གྲྭ་དང་འགྲིག་ལམ་ལ་མི་གནོད་པའི་སྐབས་སུ་དམིགས་བརྩེ་མ་དང་།  འཇམ་དབྱངས་དཀར་སེར་གྱི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་ལ་འབད་ན་ལེགས་ཚོགས་ཤིན་ཏུ་ཆེ།

བསགས་སྦྱང་བྱེད་ཚུལ་ཡང་བསྡུས་གྲྭ་ལྟ་བུ་ལ་མཚོན་ན།  དགག་གཞི་དྲུག་སྒྲ་སོགས་ཀྱི་སྐབས་སུའང་རྣམ་མཁྱེན་རྩོད་གཞིར་བཟུང་བ་ལན་མང་དུ་བསྐྱར་བ་སོགས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་བོ་རྣམ་མཁྱེན་གྱི་སྒྲ་བརྗོད་པ་ཙམ་གྱིས་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་མཚན་བརྗོད་པ་ལས་ལྷག་པའི་ཕན་ཡོན་ཡོད་པར་གསུངས་པས་ན་གཞོན་རིང་ནས་རྗེ་ཡབ་སྲས་ཀྱི་གསུང་རབ་གཙོ་བོར་གྱུར་པའི་གཞུང་ལུགས་ཆེན་མོ་རྣམས་ཀྱི་དཔེ་གཟིགས་ལ་འགྲུས་པར་མཛད་དགོས་པས་དེ་ཡང་གནད་དོན་གཏན་ལ་འབེབས་རྒྱུ་ཅུང་ཟད་ཀྱང་མེད་པར་ཕ་རོལ་པོ་ལ་ཁྱབ་འགྲིགས་རེ་གཉིས་འཚོལ་བ་ལྷུར་ལེན་མ་ཡིན་པར་། གཞུང་དེ་དག་གི་ས་བཅད།  གྲངས་འདྲེན།  གཞན་ལུགས་དགག་པ།  རང་ལུགས་བཞག་པ།  དེ་དག་བརྒལ་ལན་གྱིས་གཏན་ལ་འབེབས་ཚུལ། གཞུང་གི་གོ་དོན་འཚོལ་ཚུལ་སོགས་གང་ཐད་ནས་ཧོར་ཁུངས་སུ་མ་ལུས་པར་ཐོས་བསམ་རྡོ་རུས་ཐུབ་པ་ཞིག་མཛད་པ་དང་།  དེ་ལ་ཡང་དང་པོར་ཡབ་རྗེ་བླ་མའི་ཞལ་གདམས་སུ།  ལུང་རིགས་པའི་སྒོ་འབྱེད་བསྡུས་སྦྱོར་ལ།། དུས་ཡུན་རིང་སྦྱངས་པའི་སྲོལ་ཡང་བཙུགས། ། དེའི་དབང་གིས་རྗེས་འཇུག་བུ་སློབ་རྣམས།། གཞུང་དཀའ་གནས་རིགས་པའི་ལམ་ནས་འདྲེན།།  ཁོང་མཁས་པའི་ཚོགས་ཀྱིས་ཕྱོགས་འདིར་ཁྱབ།།  ཅེས་གསུངས་པ་ལྟར། བསྡུས་གྲྭ་ནས་རྟགས་གསལ་རྐང་ཚུགས་ན། ཁང་བ་གསར་དུ་ཕུབ་པའི་ཚེ་རྨང་གཞི་བརྟན་པ་དང་འདྲ་ཡང་།  ཕྱིས་སུ་ཆོས་སྡེ་འདིར་བསྡུས་གྲྭའི་འཛིན་གྲྭ་ཕལ་ཆེ་བ་བྱིས་པ་ཤ་སྟག་ཏུ་སོང་བ། རྩོད་པ་ཉམས་རྐྱེན་དུ་འགྲོ་བས། དེས་ན་གྲུབ་དབང་སྐལ་ལྡན་རྒྱ་མཚོའི་བཀའ་བཞིན་སྒྲུབ་པའི་མཆོད་པར་དམིགས་ནས། རྣམ་འགྲེལ་ཞོལ་མའི་སྐབས་ནས་བཟུང་བསྡུས་གྲྭའི་རྩོད་པ་དེ་སླར་ཡང་བཙུགས་ནས་དགེ་རྒན་རྣམས་ནས་ཀྱང་བསྡུས་གྲྭའི་གཞུང་ཐམས་ཅད་ལ་ཞིབ་དཔྱོད་ཀྱི་སྒོ་ནས་དགེ་ཕྲུག་རྣམས་ལ་བསྡུས་གྲྭའི་རྟགས་གསལ་དཔྱིས་ཕྱིན་པ་ཞིག་འཁྲིད།  ཟླ་བ་གསུམ་པའི་ནང་གི་ཕྱི་དྲོའི་ཆོས་གྲྭ་ལྟར་རྩོད་གྲྭ་རྒྱུན་རིང་བོ་ལོ་བདུན་གྱི་བར་དུ་བྱེད་རྒྱུ་ཞིག་བྱུང་ན་གྲྭ་ཚང་རིན་པོ་ཆེའི་འཆད་ཉན་འདི་རྨང་ནས་གསོས་ཏེ་ལུང་རིགས་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་མཁས་པས་གླིང་འདི་གང་བ་ཞིག་འོང་ཡང་།   བདག་ལྟ་བུ་ལ་དེ་འདྲ་འཛུགས་ཐུབ་པའི་ནུས་པ་ཞན་ཡང་ཁ་ཆེམས་རླུང་བསྐུར་གྱི་ཚུལ་དུ་ཞུས་པ་ལགས།

མདོར་ན། ཐོས་པ་གང་བྱས་ཚེ་ཆོས་ཀྱི་མདེའུ་སྣེ་ནང་དུ་བསྐོར་ཏེ་སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་ཐད་ཀར་སྦྱོར་ཤེས་པ་ཞིག་དགོས་ཏེ།  རྗེ་བླ་མས།  གང་ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། །  ཞེས་གསུངས་པ་ལྟར། ཅི་ཙམ་དུ་ཐོས་པ་རྒྱ་ཆེར་བཙལ་བ་བཞིན་དུ་གཞུང་ལུགས་ཐམས་ཅད་གཏན་གྱི་འདུན་མ་འགྲུབ་པ་ལ་ཉེ་བར་མཁོ་བའི་ཉམས་ལེན་གྱི་གནད་སྟོན་པའི་གདམས་ངག་ཏུ་ཤར་བ་དགོས། སློབ་གཉེར་གནད་དུ་མི་འགྲོ་ཞིང་བར་དུ་གཅོད་པའི་རྐྱེན་སྡུག་ཤོས་ནི།  རང་རེ་རྣམས་སྟོན་པའི་རྗེས་འཇུག་ཏུ་རབ་ཏུ་བྱུང་། བསྙེན་པར་རྫོགས་ནས་འདོད་ཆུང་ཆོག་ཤེས་གཉོམ་ཆུང་ཚུལ་མཐུན་དུ་མི་སྡོད་པར།  བློ་ཇེ་རྒོད་དུ་སོང་སྟེ་ཚེ་འདིར་རང་རྒྱལ་ཞིང་།  ཚེ་ཕྱི་མར་རང་ཕམ་པའི་ལས་ངན་པ་ཁྱིམ་པའི་བྱ་བ་ཁེ་ཚོང་བུན་ལོག་ནོར་རྫས་ཡོ་བྱད་གསོག་རུམ་སོགས་ཀྱི་ཆེད་དུ་རྫུན་དང་གཡོ་སྒྱུས་གཞན་མགོ་བསྐོར་ཏེ་ཕམ་པ་འབྱུང་བ་ལ་ཡང་མཉམ་མི་འཇོག་པར་ངན་སོང་དུ་སྐྱེ་བའི་རྒྱུ་འབའ་ཞིག་བསྒྲུབ་པ་མངོན་སུམ་དུ་སྣང་བཞིན་པ་འདིས་འཆད་ཉན་ལ་ཤིན་ཏུ་གནོད། དེའི་ཕྱིར་ངོ་ཚ་ཁྲེལ་ཡོད་ཀྱི་སྒོ་ནས་ཆོག་ཤེས་བསྟེན། ཚུལ་ཁྲིམས་བསྲུང་ཐུབ་ན་སྟོན་པའི་རྗེས་འཇུག་འཚོ་བའི་ཡོ་བྱད་ཀྱིས་ཕོངས་པར་མི་འགྱུར་བ་ཡང་། མདོ་ལས། ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀྱིས། །སེན་མོའི་སྟེང་དུ་ཞིང་རྨོད་ཀྱང་། །ང་ཡི་རབ་ཏུ་བྱུང་བ་རྣམས། །འཚོ་བས་ཕོངས་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། དཀོན་མཆོག་ལ་བློ་གཏད་ཐུབ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྡོ་རྗེའི་ཚིག་གིས་ནམ་ཡང་བསླུ་བ་ག་ལ་སྲིད།

དེར་མ་ཟད་རྙེད་བཀུར་འདུ་འཛི། དོན་མི་སེམས་པར་ཚིག་སྨྲ་བ། གཉིད་དང་བྱ་བ་མང་བ། འཐབ་རྩོད་ཀྱི་སྤྲོས་པ་ལ་དགའ་བ་སོགས་བར་ཆད་དུ་འགྱུར་བའི་རིགས་དེ་དག་སྤོང་ཅི་ཐུབ་དང་སྡིག་པའི་ཕྱོགས་ལས་སེམས་བསྲུངས་ནས། དགེ་བའི་ཕྱོགས་ཀྱི་གཙོ་བོ་སློབ་གཉེར་ལ་ཆིག་དྲིལ་བྱེད་དགོས་ཚུལ་བཅའ་ཁྲིམས་ཆེན་མོར་གསུངས་པ་དག་སྙན་རྒྱབ་ཏུ་མ་འཕངས་ཕྱིན་དེ་ལས་ལྷག་པའི་བསླབ་བྱ་མི་སྲིད་པས་མང་པོ་བྲི་ག་ལ་དགོས། དེའི་ཕྱིར་ཀུན་གཟུགས་ལྔ་བ་ཆེན་པོའི་རྣམ་ཐར་ལས། མཚན་ཉིད་པའི་དུས་འདིར་བླ་ཆེན་གྱི་བཟང་རྫུ། མི་ཆེན་གྱི་སྒྲིག་ལམ། སྒོམ་ཆེན་གྱི་སྦུབས་ལྡིར། སྔགས་པའི་རྟུལ་ཞུགས། བློ་ཆུང་གི་མི་ཆོས་སོགས་རེ་དོགས་གང་ཡང་མི་དགོས། དགེ་འདུན་གྱི་སྤྱི་ཁྲིམས་དང་མི་འགལ་ཞིང་དཔེ་ཆ་རིགས་ལུང་ནུས་ཕྱིན་གཡེང་བ་སྣ་ཚོགས་བྱེད་དགོས་པའི་ཁྲེས་པོ་ནི་མེད། སྣང་བ་གདོང་གཏད་ཀྱི་ཉམས་འཆར། འཕྲལ་དུ་བློ་བདེ། ཕུགས་སུ་ཞེ་གཙང་། ཆོས་སྤྱོད་ཀྱི་གདངས་དང་ཐལ་སྐད་ཀྱི་སྒྲ་ཐོས་ཚེ་སྙིང་ཁོང་བདེ་སིང་སིང་ཡོང་། ཞེས་གསུངས་པའི་རྣམ་ཐར་མཛད་སྤྱོད་ལ་མིག་ཡར་བལྟས་ཏེ་ཁུར་དུ་མ་སོང་རྒྱན་དུ་འཛིན་པའི་སྒོ་ནས་དལ་འབྱོར་ལ་སྙིང་བོ་ལོན་པ་རེ་ཅི་ནས་ཀྱང་ཐུགས་ལ་འཛིན་པར་ཞུ་ལགས།

སྨྲས་པ། ཀུན་གཟིགས་རྒྱལ་བའི་ཉི་མ་ཡབ་སྲས་ཀྱི། །འཕྲིན་ལས་གདུགས་དཀར་འཛིན་པའི་གྲིབ་བསིལ་ལ། །ཡངས་པོར་སྤྱོད་པའི་ངག་གི་དཔལ་གྲུབ་པ། །སྐལ་ལྡན་རྒྱ་མཚོའི་བཀའ་དྲིན་སླར་ཡང་དྲན་། །འཕགས་བོད་གསུང་རབ་མྱ་ངན་མེད་པའི་ཚལ། །དྲན་དབང་རིགས་འཕྲུལ་སྒེག་མོའི་རྐང་སེན་གྱིས། །འཛུམ་བརྒྱ་གྲོལ་བའི་རང་བཞིན་འདིའོ་ཞེས། །བསྐུལ་བའི་བསླབ་ཚིག་སྙན་དབང་བདུད་རྩིར་འོས། །དད་བརྩོན་བློ་གྲོས་གསལ་བའི་གོས་བཟང་གིས། །མཛེས་པའི་སྐྱོན་བྲལ་ཤེལ་དཀར་བུམ་བཟང་མཆོག  །བསླབ་གསུམ་ཡོན་ཏན་ལེགས་བཤད་བདུད་རྩི་ཡིས། །འགེངས་པར་བྱེད་ལ་ཤེས་ལྡན་སུ་མི་གུས། །དེ་ཕྱིར་ཐུབ་གསུང་གངས་ཀྱི་རི་བོ་ཡང་། །གསལ་བྱེད་ཟླ་འོད་སྒྲིབ་པའི་སྤྲིན་གྱི་དཔུང་། །འཆད་ཉན་དྲི་བཞོན་ཤུགས་ཀྱིས་མཐར་བྱས་ཏེ། །མཁས་གྲུབ་ཟླ་གཞོན་འོད་ཀྱིས་མཛེས་གྱུར་ཅིག །དྲི་མེད་རིགས་ལ་ཚུལ་སྟོང་གི་མཚོར་སྨིན་པའི། །འདིར་འབད་དགེ་བ་འཛམ་བུ་པྲྀཀྵའི་འབྲས། །བློ་གྲོས་སྟོང་གིས་བསྐྱངས་པའི་ས་ལེ་སྦྲམ། །ཐོས་བསམ་གླིང་གི་བསྟན་པའི་རྒྱན་གྱུར་ཅིག།  །།

ཅེས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་རོང་བོ་གྲྭ་ཚང་ཐོས་བསམ་རྣམ་རྒྱལ་གླིང་གི་དགེ་འདུན་རྣམས་བཀའ་པོད་ལྔའི་འཆད་ཉན་གཙོ་བོར་གྱུར་པའི་ཐོས་བསམ་ལ་འཇུག་པར་བསྐུལ་ཞིང་ཚུལ་ཇི་ལྟར་བསླབ་པར་བྱ་བའི་རིམ་པ་གསལ་བར་བརྗོད་པ་མཁས་གྲུབ་ངང་མོ་རྩེན་པའི་ངོ་མཚར་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་འདི་ནི། ཐོས་བསམ་གླིང་གི་ཆོས་ཁྲིམས་པ་བློ་བཟང་རྒྱ་མཚོ་དང་གཞུང་བརྒྱ་སྨྲ་བ་ཡོན་ཏན་རྒྱ་མཚོ་སོགས་དགེ་བཤེས་དུ་མས་ཀྱང་འཆད་ཉན་གོང་འཕེལ་དུ་འགྲོ་བ་ལ་བླང་དོར་གྱི་ལེགས་ཉེས་སྟོན་པའི་བསླབ་བྱ་ཞིག་འབྲི་དགོས་ཀྱི་བསྐུལ་མ་མཛད་པར་བརྟེན། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་ཉག་ཕྲ་བས། ཚེ་འདི་ཕྱི་གཉིས་ཀྱི་ནང་ནས་ཚེ་འདི་དང་། ཆོས་འཇིག་རྟེན་གཉིས་ཀྱི་ནང་ནས་འཇིག་རྟེན། བླང་དོར་གཉིས་ལས་དོར་བྱ། བདེན་རྫུན་གཉིས་ལས་རྫུན་པ། ཆོས་པ་དང་ཕྱུག་པོ་གཉིས་ལས་ཕྱུག་པོ་འདེམས་པའི་དུས་འདིར། སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་དང་བསླབ་བྱ་བརྒྱ་ཕྲག་མང་པོ་ཡོད་ཀྱང་རྗེས་སུ་འཇུག་མཁན་དཀོན་པ་ལ་ལྟོས་ན། བདག་ལྟ་བུའི་བསླབ་བྱ་སྲིན་བུ་མེ་སྒྲོན་གྱི་རྗེས་སུ་འགྲོ་བ་ལས་འོས་མེད་ཀྱང་། ཨ་ཕའི་ཁ་ཕོར་ལ་ཞེན་པ་ཆེ་བས་འདི་ལ་བརྟེན་ནས་ཀྱང་འཆད་ཉན་ལ་འདུན་ཅན་རེ་གཉིས་འབྱུང་སྲིད་སྙམ་ནས་ཨ་རོལ་ལུང་རྟོགས་མིང་ཅན་ནས་བྲིས་པའི་ལྷག་བསམ་བཟང་པོའི་འོད་ཀྱིས་བློ་ལྡན་གྱི་པདྨ་རྒྱས་པར་བྱས་ཏེ་བཤད་སྒྲུབ་ཀྱི་བསྟན་པའི་རྒྱན་དུ་འཛིན་པར་གྱུར་ཅིག་ཅེས་གསོལ་བ་འདེབས་པ་ལགས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།