བཀའ་གདམས་པའི་གསུང་བཏུས་ལེགས་བཤད་གསེར་གྱི་ཐང་མ། (སྤེལ་ཐེངས་རེར་གསུང་གསར་བ་ཁ་སྣོན་བྱེད་ཀྱིན་ཡོད)

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-03 15:17:50     རྩོམ་པ་པོ།   ཤེས་རབ་རལ་གྲིས་སྒྲིག།    ཀློག་ཐེངས།  

བཀའ་གདམས་པའི་གསུང་བཏུས་ལེགས་བཤད་གསེར་གྱི་ཐང་མ།་ཞེས་པ་འདིར་དཔལ་མཉམ་མེད་བཀའ་གདམས་པའི་སྐྱེས་ཆེན་དམ་པ་གསེར་གྱི་རི་བོ་ལྟ་བུ་དག་གི་གསུང་ཐོར་བུ་འགོད་རྒྱུ་ཡིན་ཞིང་།མ་མཐའ་ཡང་གཟའ་འཁོར་རེར་གསུང་གསར་བ་སྐོར་ཞིག་འགོད་ངེས་པས་ལེ་ཚན་འདི་ཀློག་པ་པོ་རྣམས་ཀྱིས་ཡིད་ཀྱི་གསོས་དང་མིག་གི་དཔྱིད་དུ་འགྱུར་ངེས་པ་མ་ཟད།བློ་གསལ་གཟུ་བོར་གནས་པ་དག་ལ་ཡང་དག་པའི་ལམ་ཞིག་དང་བསམ་བློའི་བཅུད་རྨད་དུ་བྱུང་བ་ཞིག་གནང་བར་གདོན་མི་ཟ།

དེ་དང་མཉམ་དུ་ཀློག་པ་བོ་རྣམས་ཀྱིས་ཀྱང་ངེད་ཅག་ལ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྐྱེས་ཆེན་དག་གསུང་རྩ་ཆེན་ཐོར་བུ་དག་གནང་ན་དུས་ལྟར་ལེ་ཚན་འདིར་འགོད་ངེས་པ་ཐུགས་འཇུགས་ཞུ།


ཇོ་བོ་ཆེན་པོ འི་ཞལ་ནས།

ངེད་རྒྱ་གར་བ་ལ་དོ་གལ་ཆེན་པོའམ་བྱ་བ་གློ་བུར་བ་བྱུང་ན་སྡེ་སྣོད་འཛིན་པ་རྣམས་འཚོགས་ནས། སྡེ་སྣོད་གསུམ་ནས་བཀག་གམ་སྡེ་སྣོད་གསུམ་དང་མི་འགལ་ལམ་ཞེས་གཏན་ལ་ཕབ་ནས་དེའི་སྟེང་དུ་འཇོག་པ་ཡིན། ངེད་བྲི་ཀ་མ་ལ་ཤཱི་ལ་པ་ལ་དེའི་སྟེང་དུ་བྱང་སེམས་ཀྱི་སྤྱོད་པ་ནས་བཀག་གམ་མ་བཀག་དེ་དང་མི་འགལ་ལམ་བྱ་བ་ཞིག་ཡོད་ལ། འདུན་མའི་ཞབས་འདུལ་བ་འཛིན་པས་འཇུག་པ་ཡིན།

བྱམས་པ་དང་སྙིང་རྗེ་སྦྱོང་མི་ཤེས་པའི་བྱང་ཆུབ་སེམས་དཔའ་བོད་ཀྱིས་ཤེས།

ཡོ་བྱད་ལ་སོགས་པའི་འཚོ་སྐྱོང་གི་བྱ་བ་ལ་ཁྱིམ་པ་དང་ཁྱད་མེད་བྱས་ན་ང་དགེ་སློང་ཡིན་ཞེས་མ་སྨྲ་ཞིག

གནོད་པར་བྱེད་པ་ལ་ཁོང་མ་ཁྲོ།གནོད་པ་ལ་ཁོང་ཁྲོ་ན་བཟོད་པ་ཅི་ཙམ་ན་བསྒོམ།ཉོན་མོངས་པ་ནམ་བྱུང་ཙ་ན་གཉེན་པོ་དྲན་དགོས་པ་ཡིན།ཉོན་མོངས་པས་ཁ་རྒྱལ་དུ་བཏང་བའི་ཆོས་ཀྱིས་དགོས་པ་ཅི་ཞིག་ཡོད།

རྒྱ་ལ་རང་གི་རྒྱུད་ལ་ཡོན་ཏན་སྐྱེས་ན་མ་རློམ་ཞིགབདུད་ཀྱི་དབང་དུ་འགྲོ་བའོ།།

ཡི་དམ་གྱི་ལྷ་ཞལ་མཐོང་བ་བས།ལས་རྒྱུ་འབྲས་ཡིད་ཆེས་ན་དེ་ཉིད་མཆོག་ཏུ་གྱུར་པ་ཡིན།

ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།།

ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།།

ངང་བས་ཆུ་ལས་འོ་མ་ལེན་པ་བཞིན།།

རང་གི་འདོད་པ་གང་ཡིན་དང་དུ་ལོངས།།

དགེ་བཤེས་འབྲོམ་སྟོན་པའི་ཞལ་ནས།

རྔོག་དར་མ་ཤེས་རབ་ཟེར་བའི་བཀའ་གདམས་པའི་བཙུན་ཆུང་ཞིག་ཡོད་པ་ཚོགས་ནས་བོས་ཏེ། རྔོག་ཆུང་བ་ཁྱོད་འོ་ཅག་རྣམས་ཀྱི་ནང་ནས་གཞོན་ཤོས་ཡིན། ད་ནས་ཡུན་རིང་པོའི་བར་དུ་སྡོད་ལ། ནམ་ཞིག་གི་ཚེ་སྒོམ་ཆེན་ཉོན་མོངས་པ་ཆུང་དུ་མ་སོང་པ། སངས་རྒྱས་དཀར་པོ་དམར་པོ་སེར་པོའི་ཞལ་མཐོང་ཟེར་བ་ཡོང་གིས། དེ་རྣམས་ལ་འབྲོམ་དགེ་བསྙེན་རྒད་པོས་ཁྱེད་ཚོ་འདྲེས་བཟུང་པ་རེད་ཟེར་ནས། ངའི་འཕྲིན་འདི་བཟློས་ཤིག་གསུངས།

ཐ་མ་ཞིག་གྲོགས་བཟང་བོ་དང་འགྲོགས་ཀྱང་འབྲིང་ལས་མི་ཐེངས། རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མར་འགྲོ་བ་ལ་ཚེགས་མེད།

རང་ཅག་ཇོ་བོ་བཀའ་བརྒྱུད་པ་རྣམས་ཀྱི་དབང་དུ་བྱས་ན། ཇོ་བོའི་ཆོས་མིན་པ་གཞན་མི་ཉན། མི་བསམ། མི་སྒོམ། སུ་ཡིན་ཡིན་གྱི་ལག་ནས་བྱུང་བའི་ཆོས་དཔེ་ལ་མི་བལྟ།

ཆོས་སློབ་པ་ལའང་ཕྱི་ཐག་དགོས། གྲོགས་སྒྲིག་པ་ལའང་ཕྱི་ཐག་དགོས། ཕྱི་ཐག་མེད་ན་གར་ཡང་མི་ཕྱིན། ལྷག་པར་བཀའ་གདམས་པས་ཉོན་མོངས་པ་ཆུང་དུ་མ་སོང་བར། ལྷ་མཐོང་འདྲེ་མཐོང་བྱེད་པ་ནི་འདྲེས་བཟུང་བར་བཤད། དེ་ཕྱིར་ཆོས་གང་ཡིན་ལ་མི་ཉན་གསུང་།

ཇོ་བོ་པ་སྙིང་ཁམས་ཆེར་མི་རུང་རྟེན་འབྲེལ་འདི་ཕྲ།

ཚན་ཞིག་གིས་འདུལ་བ་ལ་བརྟེན་ནས་སྔགས་ཅ་འབྱིད། སྔགས་ལ་བརྟེན་ནས་འདུལ་བ་ཅ་འབྱིད་དེ། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་པའི་གྲོགས་སུ་སོང་བ་ངའི་བླ་མ་བཀའ་བརྒྱུད་མིན་པ་མེད།

དགེ་བཤེས་པོ་ཏོ་བའི་ཞལ་ནས།

མན་ངག་ཐམས་ཅད་བསྡུས་པའི་འགོ་ནི།།བཤེས་གཉེན་དམ་པ་མི་བཏང་བ་ཡིན།།

རྣམ་གྲོལ་སྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་དེ། ཚེ་འདིའི་བྱ་བ་བལྟས་ནས་བྱས་པས་ཆོག་པ་ལའང་སློབ་མཁན་མེད་པར་མི་འོང་ན་ངན་སོང་ནས་འོངས་མ་ཐག་པ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པར་ག་ནས་འོང་།

ཡང་ཡང་བསམས་ན་ཡིད་ཇེ་ཆེས་དང་རྒྱུད་ཇེ་དག་ཏུ་སོང་ནས་བྱིན་རླབས་འབྱུང་། དེ་ལ་ངེས་ཤེས་རྙེད་པས་སྙིང་ཐག་པའི་སྒོ་ནས་སྐྱབས་སུ་སོང་ནས་དེའི་བསླབ་བྱ་ལ་སློབ་ཙམ་ན་ཅི་བྱས་ཐམས་ཅད་སངས་རྒྱས་ཀྱི་ཆོས་བྱ་བ་ཞིག་ཏུ་འགྱུར་བ་ཡིན་ཏེ། འོ་སྐོལ་སངས་རྒྱས་ཀྱི་མཁྱེན་པ་ལ་མོ་མ་རྣོ་ཤོས་ཙམ་དུ་ཡང་མི་བརྩི།

དུང་ཕོར་དྲི་མ་ཅན་ཞིག་ཏུ་སྤང་སྤོས་རེ་བཏབ་ནས། ཙནྡན་ག་པུར་སྤོས་ཀྱི་ཆུ།།ཞེས་དམུས་ལོང་གིས་མིག་ལྡན་ལ་མགོ་སྐོར་བྱེད།

འོ་སྐོལ་ཕལ་དུ་སློག་ཧྲུལ་དུ་འགྲོ་ཉེན་ཆེ་སྟེ། སློག་ཧྲུལ་དྲུད་པས་སྦུར་མ་འབྱར་འོང་གསེར་སྦྲམ་མི་འབྱར་བ་བཞིན་དུ་དགེ་བཤེས་དེའི་ཡོན་ཏན་མི་འགོ་བར་སྐྱོན་བག་རེ་ཙམ་ཡོད་པ་འགོས་ནས་འོང་བས་ཐམས་ཅད་དུ་ཡུད་ཡུད་བྱས་པས་མི་འོང་།

ངེད་ཀྱི་སྣང་སེལ་ལ་མི་རྟག་པ་སྒོམ་པ་འདི་རང་ཡིན་ཏེ་ཉེ་འབྲེལ་དང་ཡོ་བྱད་ལ་སོགས་པ་ཚེ་འདིའི་སྣང་བ་ཀུན་བསལ་ནས་རང་གཅིག་པུ་གཉིས་སུ་མེད་པར་ཚེ་ཕ་རོལ་རུ་ཕྱད་ཀྱིས་འགྲོ་བར་ཤེས་ནས་ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་ནས་ཚེ་འདི་ལ་མ་ཆགས་པ་ཞིག་གདོད་འོང་། འདི་བློ་ལ་མ་སྐྱེས་ཀྱི་བར་དུ་ཆོས་ཐམས་ཅད་ཀྱི་ལམ་འགགས་ནས་འདུག་པ་ཡིན།

རིགས་དྲུག་གང་དུ་སྐྱེས་ཕན་ཆད་ན་ཚ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བ་ནི་ན་རྒྱུ་ཞིག་ན་བ་ཡིན། འཆི་རྒྱུ་ཞིག་འཆི་བ་ཡིན་གྱི། དེ་ལ་མི་འོས་པ་ཞིག་གློ་བུར་དུ་བྱུང་བ་མིན་འཁོར་བའི་མཚད་ཉིད་དམ་རང་བཞིན་ཡིན། འཁོར་བར་གནས་རིང་ལ་དེ་ལས་མ་འདས། རང་ཅག་དེ་ལ་ཡིད་འབྱུང་ན་སྐྱེ་བ་སྤོང་དགོས། དེ་ལ་རྒྱུ་སྤོང་དགོས།

སྔར་དེ་ཙམ་ཞིག་འཁྱམས་པ་ལ་རང་ལོག་མ་བྱུང་ཙ་ན། ད་ཡང་རང་ལོག་མི་འོང་བས་བཟློག་དགོས། བཟློག་པའི་དུས་ཀྱང་དེ་རེས་དལ་འབྱོར་ཐོབ་པའི་དུས་འདིར་ཡིན།

སེ་མོ་གྲུ་བའི་ར་མདའ་ལྟ་བུས་མི་འོང་། བྱང་པའི་ར་མདའ་དང་བོ་སོས་གདལ་ནས་ཇག་པ་མ་སླེབས་བར་དུ་འདེད། དེ་བཞིན་དུ་སོས་གདལ་ཡུན་བསྲིངས་ནས་བྱེད་དགོས། དཔེར་ན། ཤིག་གིས་སོས་གདལ་ནས་མ་བསྡད་པར་ཕྱིན་པས་མྱུར་ཏུ་བྱིན། ལྗི་བས་ཐེབས་རེ་མཆོངས་ཤིང་བསྡད་པས་མ་ཕྱིན་པ་ལྟ་བུའོ།།

ལ་ལས་དད་རྫས་མེ་ལ་བསྲེགས།ལ་ལས་དད་རྫས་མཁར་དུ་བརྩིགས།ངས་ནི་དགེ་འདུན་སོ་ཅན་ཁོ་ན་ལ་འབུལ།

བླ་མ་བཟང་བོ་དང་མཇལ་བ་ལ་ཚོགས་དཔག་ཏུ་མེད་པ་གསག་དགོས་པར་འདུག་པ།ད་ལྟ་བླ་མ་མི་ཚོར་བར་རྫུས་ནས་བསྡད་པས་ག་ནས་ཡོང་།

----པོ་ཏོ་བའི་ཆིག་ལབ་རིང་མོ་ལས།

དགེ་བཤེས་ཁ་རག་སྒོམ་ཆུང་གི་ཞལ་ནས།

དགོས་པ་གསུམ།དང་པོ་འཆི་བས་འཇིགས་པ་ཞིག་དགོས། བར་དུ་ཤི་ཡང་མི་འགྱོད་པ་ཞིག་དགོས། ཐ་མ་ཤི་བས་མི་འཇིགས་པ་ཞིག་དགོས་སོ།

དད་པ་མེད་པའི་མི་ལ་ཡོན་ཏན་གྱི་རྣམ་པ་གང་ཡང་མི་འབྱུང་བས་དགེ་བའི་བཤེས་གཉེན་བསྟེན་ཅིང་མདོ་སྡེ་བལྟ། བརྩོན་འགྲུས་མེད་པའི་མི་ལ་ཡོན་ཏན་གྱི་རྣམ་པ་གང་ཡང་མི་འབྱུང་བས་འཆི་བ་མི་རྟག་པ་བསྒོམ་ཞིང་ལེ་ལོ་སྤོངས། ང་རྒྱལ་ཅན་གྱི་གང་ཟག་ལ་ཡོན་ཏན་གྱི་རྣམ་པ་གང་ཡང་མི་འབྱུང་བས་རང་མགོ་སྨོད་ལ་དམན་ཆ་བཟུང་། ཆོས་དེ་གསུམ་དང་ལྡན་ན་ཉན་ཐོས་ཀྱི་རྟེན་དུའང་རུང་། བྱང་ཆུབ་སེམས་དཔའི་རྟེན་དུའང་རུང་། གསང་སྔགས་ཀྱི་རྟེན་དུའང་རུང་། མདོར་ན་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་རུང་བ་ཡིན་གསུངས།

རྩ་བ་བཞི།ཆང་བུད་མེད་ལ་དགའ་ན་ཉེས་པའི་རྩ་བ། ལས་དང་བྱ་བ་ལ་དགའ་ན་གཡེང་བའི་རྩ་བ། ནོར་རྫས་ལ་འཛིན་པ་ཆེ་ན་འཆིང་བའི་རྩ་བ། ཁ་དྲག་ལ་འབྱོར་ལྕོགས་ཆེ་ན་སྡིག་པའི་རྩ་བའོ།

ལོག་པ་ལྔ།གང་སུ་ལས་ཀྱང་ལྷག་པར་བྱ་བའི་ཕྱིར་ཐོས་པ་བྱེད་པ་ལོག རྙེད་པ་དང་གྲགས་པའི་ཕྱིར་གཞན་ལ་ཆོས་འཆད་པ་ལོག སྒོམ་གྱི་གདམས་པ་མེད་པར་བསམ་གཏན་ལ་སྙོམས་པར་འཇུག་པ་ལོག རྙེད་བཀུར་འོང་ལ་རེ་ནས་ཚུལ་ཁྲིམས་བསྲུང་བ་ལོག ཐམས་ཅད་དབང་དུ་བསྡུ་བའི་ཕྱིར་སྦྱིན་པ་གཏོང་བ་ལོག་གོ།

གླེན་པ་དྲུགསྡུག་བསྔལ་གྱི་རྩ་བར་གྱུར་པའི་འཁོར་འདམ་ལ་དགའ་ཞིང་བརྩེ་གདུང་བྱེད་པ་འདི་ཡང་གླེན། ཕུང་པོ་མི་རྟག་བརྙན་པོ་ལྟ་བུ་ལ་ལྷག་པར་བཀུར་སྟི་བྱེད་པ་འདི་ཡང་གླེན། སྡུག་བསྔལ་ཆེན་པོ་ནམ་ཡོང་ཆ་མེད་པར་ཚེ་འདི་འབའ་ཞིག་གི་ཞལ་ཏ་བྱེད་པ་འདི་ཡང་གླེན། ད་ལྟའི་སྡུག་བསྔལ་ཕྲན་ཚེགས་མི་བཟོད་པར་ཤི་ནས་ངན་སོང་དུ་སྡུག་བསྔལ་བཟོད་དུ་རེ་བ་འདི་ཡང་གླེན། ཟབ་ལ་རྒྱ་ཆེ་བའི་ཆོས་ལ་མི་སྤྱོད་པར་རང་གིས་རང་སྡུག་ཤོམ་པ་འདི་ཡང་གླེན།

ཕན་མེད་བདུན།སྐྱབས་འགྲོ་ནས་སྔགས་ཀྱི་བར་དུ་སྡོམ་པ་ཐམས་བླངས་ཀྱང་། འཇིག་རྟེན་པའི་ཆོས་ལས་བློ་མ་ལོག་ན་ཕན་མེད། དུས་རྒྱུན་དུ་གཞན་ལ་ཆོས་འཆད་ཀྱང་། རང་གི་ང་རྒྱལ་མ་ཞི་ན་ཕན་མེད། ཡར་སྐྱེད་སྟོན་ཀྱང་། སྐྱབས་འགྲོའི་ཆོས་གཞུག་ཤོར་ན་ཕན་མེད། ཉིན་མཚན་མེད་པར་དགེ་སྦྱོར་ལ་འབད་ཀྱང་། བྱང་ཆུབ་སེམས་ཀྱིས་མ་ཟིན་ན་ཕན་མེད། ཀུན་བཏགས་གཞན་དབང་ལ་སོགས་པ་གཏན་ལ་ཕེབས་ཀྱང་། སྒྱུ་མ་ལྟ་བུར་མ་ཤེས་ཕན་མེད། སྡེ་སྣོད་གསུམ་ཤེས་ཀྱང་། བླ་མ་ལ་མོས་གུས་མེད་ན་ཕན་མེད། སྟོང་པ་ཉིད་བསྒོམས་ཀྱང་། ཉོན་མོངས་པའི་གཉེན་པོར་མ་སོང་ན་ཕན་མེད།

དགེ་བཤེས་ཁམ་ལུང་པའི་ཞལ་ནས།

སྣེའུ་ཟུར་བ། གྲབ་པ་གསུམ་ལ་སྙན་དུ་ཇི་ཙམ་གསོལ་ཡང་ས་རྡོ་ལ་སྨྲ་བ་དང་ཁྱད་མེད་པས་བདེ་བ་བྱུང་། ཕྱི་མ་ཀུན་སྙན་ཁུང་སྲབ་པས་མ་བདེ་བར་བྱུང་།

དགེ་བཤེས་ཤ་ར་བའི་ཞལ་ནས།

རང་གིས་རྩོལ་བ་མ་བྱས་ན་ཉོན་མོངས་པས་ཀྱང་སྙིང་རྗེ་མི་ལྟ།--

ཆོས་བོར་བའི་བདེ་བ་ལ་སྔར་གྱི་བདེ་བ་ལས་ལྷག་པ་མེད་ལ།འདིར་ཆོས་བོར་ན་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་མུ་མེད་པ་ཉམས་སུ་བླང་དགོས།

སྤྱིར་ལེགས་ཉེས་ཅི་བྱུང་ཆོས་ལ་བརྟེན་པ། དེའི་ནང་ནས་ཀྱང་འདུལ་བ་ལ་བརྟེན་ན་ལྡབ་ཀྱང་མི་དགོས་པ་ཞེ་གཙང་བ། རྟག་ཐུབ་པ། ཉམས་དགའ་བ།མཐའ་བཟང་བ་ཡིན་གསུངས།

ཤ་ར་བ་ཉིད་ཀྱི་ཞལ་ནས།

རྟེན་དང་བསྲུང་བ་མི་དགོས་པའི་གང་ཟག་གསུམ་ཡིན།དགེ་སློང་ཆོས་གོས་རྣམ་གསུམ་ལས་ཡོངས་སུ་བཟུང་བ་ཐམས་ཅད་སྤངས་ཏེ་ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པ་ཞིག་བྱུང་ན་རྟེན་དེ་ཉིད་མཆོད་གནས་ཡིན་པས་མི་དགོས། བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་རྣལ་མར་ཡོད་པ་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་གནས་ཡིན་པས་མི་དགོས། སྔགས་པ་མཚན་ཉིད་དང་ལྡན་པ་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པ་ལ་མི་དགོས་གསུངས།

པོ་ཏོ་བའི་བཀའ་བརྒྱུད་འདི་བསྟན་པ་རིན་པོ་ཆེ་ཁས་བླངས་ཀྱི་ཆོས་ཁོ་ན་ལས་སྤན་སྤུན་ཡེ་མི་མཛད་དེ་འཚེ་བ་ཉུང་མི་བྱམས་སྐུ་ཚེ་རིང་བར་བྱུང་སྟེ། ཁོ་བོས་ནི་མན་ངག་དེ་མངོན་སུམ་དུ་གོ་བར་བྱུང་གསུངས།

ཆོས་ཀྱིས་ཕན་ན་ཕན་པར་བརྩི། གཞན་གྱིས་ཕན་པ་ཏ་ཕ་མས་ཀྱང་འདི་ལྟར་བྱེད་དེ་དེས་ཐར་པ་ལ་ཅང་མ་ཕན། གྲྭ་པ་ཆོས་ལ་མ་མགུ་ནས་སོང་ན་དེ་རང་གི་ཉེས་པར་བརྩི། གཞན་ལ་མ་མགུ་ནས་སོང་བ་རང་གི་ཉེས་པར་མི་བརྩི་གསུངས།

ཤ་ར་བ་ཉིད་ཀྱི་ཞལ་ནས།

ཚོང་དང་བུན་བསྐྱེད་ཀྱིས་ནོར་བསྒྲུབས་ནས་དཀོན་མཆོག་མཆོད་པ་དང་དབུལ་ཕོངས་ལ་སྦྱིན་གཏོང་བྱེད་པ་བྱུང་ན་ང་ནི་ཁྱེད་ལ་གཏོང་བའི་ཕན་ཡོན་མི་བརྗོད་ཀྱིས་འཛིན་པའི་ཉེས་དམིགས་བརྗོད་པ་ཡིན་གསུངས་ནས་མི་དགྱེས།

རབ་ཏུ་བྱུང་བ་ཞིང་ལས་བྱེད་པ་གཟིགས་ན་ཤིན་ཏུ་མི་དགྱེས་ཏེ། ཤ་ར་བ་ཉིད་ཀྱི་ཞལ་ནས་རབ་ཏུ་བྱུང་བ་བྱ་བ་སོ་ནམ་རྣམ་བཞི་སྤངས་པ་ཞིག་ལ་ཟེར་བ་ཡིན།དགེ་སློང་བྱ་བ་འདོད་པ་སྤངས་པ་ཞིག་ལ་ཟེར་བ་ཡིན། བྱང་ཆུབ་སེམས་དཔའ་བྱ་བ་རང་དོན་སྤངས་པ་ཞིག་ལ་ཟེར་བ་ཡིན། སྒོམ་ཆེན་བྱ་བ་འདུ་འཛི་སྤངས་པ་ཞིག་ལ་ཟེར་བ་ཡིན་གསུངས།

དགེ་བཤེས་ལ་ནི་ཡི་དམ་ལྷ་དང་ཁྱད་པར་མེད་པར་ཤེས། སེམས་ནི་བཀོལ་དུ་བཏུབ་དགེ་སྦྱོར་ལས་བྱ་བ་གཞན་ནི་ཅི་ཡང་མེད་དེ་ལྟ་བུ་ལ་སྨོན་གསུངས།

འཚང་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད་སངས་རྒྱས་ཙ་ན་ཚར་བ་ཡིན།

ཆོས་བོར་བའི་བདེ་བ་ལ་སྔར་གྱི་བདེ་བ་ལས་ལྷག་པ་ཡང་མེད་ལ། འདིར་ཆོས་བོར་ན་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་མུ་མཐའ་མེད་པ་ཉམས་སུ་བླང་དགོས་པ་ཡང་བསམ། རང་གིས་རྩོལ་བ་མ་བྱས་ན་ཉོན་མོངས་པས་ཀྱང་སྙིང་རྗེ་མི་བལྟ། གཉེན་པོ་ཡང་ཁྱོད་ཀྱིས་སྒོམ་མི་ནུས་པས་ངེད་རང་རྫོགས་པར་བྱེད་ཟེར་ནས་མི་འོང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་སྐྱོབ་པར་མི་ནུས།

སྒྲུབ་པས་མཉེས་ཀྱི་ཟང་ཟིང་ཅུང་ཟད་ཙམ་ལའང་མི་བལྟ་བ་ཞིག་ལ་བླ་མ་ཟེར་བ་ཡིན་དེ་ལས་ལྡོག་པས་རྣམ་གྲོལ་སྒྲུབ་པའི་བླ་མ་མི་འོང་།

ཁྱིམ་པ་ལས་ཀས་བྲེལ་བའི་དུས་སུ་གོས་བཟང་བཟང་གྱོན་ལ་དེ་ན་ཕར་སོང་དང་རབ་ཏུ་བྱུང་བ་ཨ་ར་སྐྱིད་སྙམ་ནས། མ་འོངས་པ་ན་རབ་བྱུང་གི་བག་ཆགས་འཇོག

སྤྱིར་ལེགས་ཉེས་ཅི་བྱུང་ཡང་ཆོས་ལ་བརྟེན་པ་དེའི་ནང་ནས་ཀྱང་འདུལ་བ་ནས་ཇི་ལྟར་འབྱུང་བ་ལ་བརྟེན་ན་བལྡབ་ཀྱང་མི་དགོས་པ་ཞེ་གཙང་བ་བརྟག་ཐུབ་པ་ཉམས་དགའ་བ་མཐའ་བཟང་བ་ཡིན།

ངས་ནི་ཁྱོད་ལ་གཏོང་བའི་ཕན་ཡོན་མི་བརྗོད་ཀྱི་འཛིན་པའི་ཉེས་དམིགས་རྗོད་པ་ཡིན།

དགེ་བཤེས་མཆད་ཀ་བའི་ཞལ་ནས།

བླ་མ་བསྟེན་བདོ་ཙ་ན་སྤངས་དོགས་ཡོད།

ལོ་དྲུག་ཅུ་ལ་ལྟོ་རྒྱབ་དང་གཉིད་དང་ན་ཚས་བཅད་པའི་ཤོལ་ན་ཆོས་སུ་འགྲོ་བ་ལོ་ལྔ་ལས་མེད།

དཀའ་ཐུབ་ཀྱི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་པ་ཞིག་བྱུང་ན། ད་གཟོད་པས་བུ་གསོས་བྱ་བ་ཡིན།

སྨྱུག་རུམ་པའི་ཞལ་ནས།

དགེ་བའི་བཤེས་གཉེན་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་འདུ་ཤེས་བསྐྱེད་པར་བྱའོ།།

གྲོགས་བཟང་པོ་ལ་མཁར་རྫོང་བཙན་པོའི་འདུ་ཤེས་བསྐྱེད་པར་བྱའོ།། 

དགེ་བཤེས་ཀ་མ་པའི་ཞལ་ནས།

ད་ལྟ་འཆི་བས་འཇིགས་པ་ཞིག་དགོས། འཆི་ཁར་མི་འཚེར་བ་ཞིག་དགོས་པ་ལ་འོ་སྐོལ་དེ་ལས་ལྡོག་ནས་ད་ལྟ་མི་འཇིགས། འཆི་ཁར་བྲང་ལ་སེན་མོ་འདེབས།

དགེ་བཤེས་ཀ་མ་པའི་ཞལ་ནས།

བསམས་པས་མ་བྱུང་ཟེར་ཏེ་ཁྱོད་ཀྱིས་ནམ་བསམས་ཉིན་མོ་ནི་ཡེང་ཡེང་བྱེད། མཚན་མོ་གཉིད་ལོག་གིན་འདུག་ན་བརྫུན་མ་ཟེར།


དགེ་བཤེས་ཀ་མ་པའི་ཞལ་ནས།

རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བས་དྲག དུས་གཅིག་ལ་འོང་ན་བསྲན་ཐབས་མེད།

ཆོས་བྱེད་ན་ཤེས་ཅི་དགོས་བྱས་ན་རང་ཉིད་ཉམས་ནས་འགྲོ་བ་འདི་ངེད་ཐོས་ཆུང་ལ་འབྱུང་ཉེ། ནན་ཏུར་བྱས་ན་ཤེས་ཅི་དགོས་ཟེར་ཉེན་ཆེ། ཆོས་ནན་ཏུར་བྱེད་ན་ཤེས་དགོས་ཏེ་ཚེ་ཐུང་འདི་ལ་མི་རྫོགས་པས་དལ་འབྱོར་གྱི་ཨང་ཀ་མ་འཁྲུགས་པར་བྱས་ལ་ཐོས་པ་རྒྱུན་མི་འཆད་དུ་བྱ་སྙམ་དུ་བསམ། སྒོམ་པ་པོ་ལ་མི་དགོས་བཤད་པ་པོ་ལ་དགོས་སྙམ་སྟེ། འཆད་པ་པོ་ལ་སྡིག་ཏུ་འགྲོ་བས་ཉེན་ཆེ། སྒོམ་པ་པོ་ཁོ་ན་ལ་དགོས།

ཆུ་ཁར་བྱོན་ཞིང་མི་རྟག་པ་བསྒོམ་པ་ལ་ཆུ་ཕྲི་ལི་ལི་འགྲོ་བ་འདིར་བལྟས་ན་བདེ། མར་མེ་སྲོད་ལ་མི་འཛད་པ་འོང་པ་འདྲ། ཐོ་རེངས་དུས་སུ་ཟད་ནས་འགྲོ། ཟད་རྗེས་མི་མངོན། ད་འདིར་ལྟོས་ལ་སྒོམས། གསུངས།


དགེ་བཤེས་གངས་པའི་ཞལ་ནས།

གཉེན་པོར་མ་སོང་བའི་ཚིག་ཤེས་པ་མང་ཡང་། དེས་ཕལ་ཆེར་མར་འགྲོའི་གྲོགས་བྱེད། ཆོས་ཐོས་ཤིང་ཞི་ཞིང་དུལ་བ་ཉོན་མོངས་པའི་གཉེན་པོར་འགྲོ། གསུངས།


དགེ་བཤེས་ཀ་མ་པའི་ཞལ་ནས།

མར་མེའི་ལྕེ་ལ་ལག་མཐིལ་གཏད་ནས་ཞག་གཅིག་སྡོད་ན་སྟོང་གསུམ་གྱི་འབྱོར་བ་སྦྱིན་ཟེར་ཡང་དེ་སུས་ཚུགས། གསུངས།བརྗོད་བྱ་འདི་དོན་གཞན་ན་མ་མཆིས་པས། །རྗོད་བྱེད་འདི་ཡང་དེ་འདྲར་མཁྱེན་པར་མཛོད། །ཚིག་མགོ་འབྲོམ་སྟོན་རྒྱལ་བའི་བཀའ། །ཚིག་རྔ་འགྲོ་མགོན་འཕགས་པའི་གསུང་། །འདི་ལ་ཡི་དམ་བྱས་གྱུར་ན། །བཀའ་གདམས་བྱིན་རླབས་སྙིང་ལ་འཇུག །

དགེ་བཤེས་དོལ་པའི་ཞལ་ནས།

ཞར་ལ་ཚོགས་གསོག་སྒྲིབ་པ་སྦྱོང་། ལྷ་དང་བླ་མ་ལ་གསོལ་བ་འདེབས་ཤིང་རུས་ཤིང་དང་བཅས་ནས་ནན་ཏན་གྱིས་བསམས་ན། ལོ་བརྒྱར་ཡང་མི་སྐྱེ་སྙམ་པ་ཞིག་ཀྱང་འདུས་བྱས་སོ་ན་མི་སྡོད་པས་ཅི་ཞིག་ལྟར་ལ་སྐྱེ་བ་ཡིན།

དགེ་བཤེས་ཕུ་ཆུང་བའི་ཞལ་ནས།

ང་ནི་རྒས་ཁར་མཛངས་བླུན་ལ་ཁ་ལྷན་སོང་།

ང་ནི་ཉོན་མོངས་ཀྱིས་ལྗར་གྱིས་མནན་ཡང་མ་མཐོང་འོག་ནས་སོ་ཚིགས་བྱེད།

དགེ་བཤེས་སྤྱན་སྔ་པའི་ཞལ་ནས།

འཆི་བའི་སྡུག་བསྔལ་ཐུ་སྟེ་ཡུན་ཐུང་། རྒས་པ་འདི་ཀ་ཐུ།

ཇོ་བོ་སྟོན་པ་ཐོག་མ་མེད་པ་ནས་ཅི་འདྲའི་ལུས་ཤིག་བླངས་ལ། ད་རེས་བཞིན་དུ་ཐེག་ཆེན་གྱི་ཆོས་བྱེད་མ་མྱོང་བས་འབུང་དགོས།

བྱང་ཆུབ་ཀྱི་སེམས་མེད་ན། ཧེ་བཛྲ་སྒོམ་པ་ཡང་དམྱལ་བར་འགྲོ། ཡི་དྭགས་སུ་ཡང་འགྲོ། དུད་འགྲོར་ཡང་འགྲོ། གསུངས། ཀ་མ་པས། ཕན་བྱེད་ཅིང་གནོད་པ་སྤོང་བ་ཤེས་རབ་ཡིན། གསུངས།

དགེ་བཤེས་གསང་ཕུ་བའི་ཞལ་ནས།

འཁོར་བ་འདིར་གན་བུབ་མང་བོ་ཞིག་བྱེད་དགོས་པ་འདི་ཉམས་ལ་རེ་མ་བབས།

དགེ་བཤེས་དགོན་པ་བའི་ཞལ་ནས།

ཉོན་མོངས་སྤོང་བ་ལ་ཉོན་མོངས་པའི་ཉེས་དམིགས་དང་མཚན་ཉིད་དང་གཉེན་པོ་སྐྱེ་བའི་རྒྱུ་རྣམས་ཤེས་དགོས། ཉེས་དམིགས་ཤེས་པར་བྱས་ནས་སྐྱོན་དུ་བལྟ། དགྲར་བཟུང་། ཉེས་དམིགས་མ་ཤེས་ན་དགྲར་མི་གོ་བས། མདོ་སྡེའི་རྒྱན་དང་། སྤྱོད་འཇུག་ནས་གསུངས་པ་ལྟར་སེམས་པ་ཡིན།

ཉིན་མཚན་དུ་རང་གི་སེམས་ལ་བྱ་ར་བྱ་བ་ལས་གཞན་ཅི་ཡོད།

དགོན་པ་པས།

ཡེ་འབར་སང་གནངས་ཙ་ན་ཁྱེད་ཀྱི་དགེ་བཤེས་པ་དེ་ཀུན་མན་ངག་གི་མཐིལ་གང་ལ་བྱེད་ཟེར་ནས་འདྲི་ན། མངོན་པར་ཤེས་པའམ་ཡི་དམ་གྱི་ལྷ་ཞལ་མཐོང་བ་ལ་བྱེད་བྱས་པར་འོང་ངོ་།།ལས་རྒྱུ་འབྲས་ལ་ཇེ་ངེས་ཇེ་ངེས་སོང་ནས་ཇི་ལྟར་ཁས་བླངས་པའི་སྡོམ་པ་དག་པར་སྲུང་བ་ཞིག་ལ་བྱེད་ཟེར་བ་ཡིན།

དགེ་བཤེས་ཁམ་ལུང་བའི་ཞལ་ནས།

མུ་གེ་བྱུང་ཙ་ན་ཐམས་ཅད་ནས་ཀྱི་སྟེང་དུ་འོང་། དེ་བཞིན་དུ་ཐམས་ཅད་ཚུལ་ཁྲིམས་ཀྱི་སྟེང་དུ་ཀོར་ཀོར་འོང་བས་འདི་ལ་འབུངས་ཤིག ཚུལ་ཁྲིམས་དག་པའང་ལས་འབྲས་མ་བསམས་པ་ལ་མི་འོང་དེས་ན་འདི་སེམས་པ་མན་ངག་ཡིན།

དགེ་བཤེས་སྣེའུ་ཟུར་བའི་ཞལ་ནས།

ད་ལྟ་ནང་ན་ཉོན་མོངས་པ་དང་འཐབ་པ་འདི་ཁོ་ན་གལ་ཆེ་སྟེ། ཉོན་མོངས་པ་དང་མ་འཐབས་ན་ཚུལ་ཁྲིམས་དག་པ་མི་འོང་། དེ་ཙ་ན་ཉོན་མོངས་མགོ་གནོན་པ་དང་རྩད་ནས་སྤོང་བའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་མི་འོང་བས་འཁོར་བར་གཏན་དུ་འཁྱམ་དགོས།

དགེ་བཤེས་བསྙུག་རུམ་པ྇འི་ཞལ་ནས།

ཉོན་མོངས་པ་ཉུག་གིས་བྱུང་ཙ་ན་ལེ་ལོ་མི་བྱ་བར་མོད་ལ་གཉེན་པོས་བཟློག བཟློག་མ་ནུས་ན་ལངས་ལ་མཎྡལ་དང་མཆོད་པ་བཤམ། བླ་མ་དང་ཡི་དམ་པ་ཕུལ་ལ་གསོལ་བ་གདབ། དེ་ལ་དམིགས་ནས་ཁྲོ་བོའི་བཟླས་པ་བྱས་ན་ཉལ་གྱིས་འགྲོ།

དགེ་བཤེས་གླང་རི་ཐང་པའི་ཞལ་ནས།

བདག་ནི་སེམས་ཅན་ཐམས་ཅད་ལ། ཡིད་བཞིན་ནོར་བུ་ལས་ལྷག་པའི། དོན་མཆོག་སྒྲུབ་པའི་བསམ་པ་ཡིས། རྟག་ཏུ་གཅེས་པར་འཛིན་པར་ཤོག །

དགེ་བཤེས་གླང་རི་ཐང་པའི་ཞལ་ནས།

གང་དུ་སུ་དང་འགྲོགས་པའི་ཚེ། བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། གཞན་ལ་བསམ་པ་ཐག་པ་ཡིས། མཆོག་ཏུ་གཅེས་པར་འཛིན་པར་ཤོག །

དགེ་བཤེས་གླང་རི་ཐང་པའི་ཞལ་ནས།

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། བཙན་ཐབས་གདོང་ནས་བཟློག་པར་ཤོག །

དགེ་བཤེས་གླང་རི་ཐང་པའི་ཞལ་ནས།

རང་བཞིན་ངན་པའི་སེམས་ཅན་ནི། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། རིན་ཆེན་གཏེར་དང་འཕྲད་པ་བཞིན། རྙེད་པར་དཀའ་བས་གཅེས་འཛིན་ཤོག །

དགེ་བཤེས་གླང་རི་ཐང་པའི་ཞལ་ནས།

བདག་ལ་གཞན་གྱིས་ཕྲག་དོག་གིས། གཤེ་སྐུར་ལ་སོགས་མི་རིགས་པའི། གྱོང་ཁ་རང་གིས་ལེན་པ་དང༌། རྒྱལ་ཁ་གཞན་ལ་འབུལ་བར་ཤོག །

དགེ་བཤེས་གླང་རི་ཐང་པའི་ཞལ་ནས།

གང་ལ་བདག་གིས་ཕན་བཏགས་པའི། རེ་བ་ཆེ་བ་གང་ཞིག་གིས། ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། བཤེས་གཉེན་དམ་པར་བལྟ་བར་ཤོག །

དགེ་བཤེས་གླང་རི་ཐང་པའི་ཞལ་ནས།

ཤྭ་བོ་བ་དང་ངེད་གཉིས་ལ་མི་ཐབས་བཅོ་བརྒྱད་རྟ་ཐབས་གཅིག་དང་བཅུ་དགུ་ཡོད། མི་ཐབས་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཅི་བྱེད་སེམས་ཅན་གྱི་དོན་དུ་སློབ་པ་དེ་ཡིན། རྟ་ཐབས་ནི་བྱང་སེམས་མ་སྐྱེས་པ་མི་སྐྱེ་སྐྱེས་པ་མི་གནས་ཤིང་འཕེལ་དུ་མི་སྟེར་བ་བདག་གཅེས་འཛིན་ཡིན་པས་འདི་ལ་ཟུར་བསྟན་ནས་ཅི་གནོད་དུ་སྦྱོང་། སེམས་ཅན་ལ་མཐིལ་བསྟན་ནས་ཅི་ཕན་དུ་སྦྱོང་བ་ཡིན།

དགེ་བཤེས་ཤ་བོ་བའི་ཞལ་ནས།

ངས་མ་ལན་ཟེར་ཙ་ན་དོན་དུ་ན་ཆོས་ཀྱི་བག་ཞད་ཀྱང་མེད་བྱ་བར་བསྟན།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།