རྗེ་བློ་གསལ་རྒྱ་མཚོའི་བསླབ་བྱ་འགའ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-12 07:44:40     རྩོམ་པ་པོ།   བློ་གསལ་རྒྱ་མཚོ།    ཀློག་ཐེངས།  

 微信图片_20170612074005.jpg

༧ན་མོ་གུ་རུ།བསླུ་མེད་བླ་མ་མཆོག་གསུམ་ཐུགས་རྗེ་ཅན།།བདག་ལ་སྐྱིད་སྡུག་ཅི་འགྱུར་ཁྱེད་རང་མཁྱེན།།ནམ་ཡང་ལུས་སྲོག་འདོར་བ་ཐེངས་གཅིག་ལ།།ཡུལ་དུས་ཅི་འདྲར་འཆི་ཡང་འགྱོད་པ་མེད།།དེ་ཚེ་གདུང་ཡང་འཁོར་བར་གནས་རིང་ལ།།དེ་ལས་མ་འདས་ཚུལ་སོམས་གཏན་བདེར་སྙོགས།།ཞག་ཤས་འཕྲོ་ནས་གསོད་ངེས་ཕག་པ་ཞིག།དོགས་པ་མེད་པར་ཅི་དགར་སྤྱོད་མཐོང་ནས།།བདག་ཀྱང་འདི་འདྲར་སོང་འདུག་ཀྱེ་མ་བླུན།།སྙམ་ནས་འཁོར་བའི་ཆོས་ལ་ཡིད་མུག་སྐྱེས།།འཁོར་བ་སྤྱི་དང་ཁྱད་པར་ངན་སོང་དང་།།ཡང་དགོས་དམྱལ་བར་སྐྱེ་བར་མ་གྱུར་ན།།ཡུན་ཐུང་ཚེ་འདིར་ཇི་ལྟར་གྱུར་ཀྱང་སླ།།དོན་གྱི་གཙོ་བོར་མ་ནོར་བློ་གསལ་བ།།བཟོད་མེད་ངན་འགྲོའི་གཏན་གྱི་ཕ་ཡུལ་ནས།།བདེ་འགྲོའི་མགྲོན་གནས་ལན་རེ་ཙམ་ཕྱིན་ཀྱང་།།དམ་ཆོས་མ་བསྒྲུབ་སླར་ཡང་ངན་འགྲོར་བཅུག།ཀྱི་ཧུད་བསམས་ཀྱིན་ཆོས་ལ་འབུངས་རེ་རན།།ལེགས་ཉེས་གདམ་ཀ་རང་ལ་ཡོད་དུས་འདིར།།དགེ་བའི་གཉེན་མཆོག་བསྟེན་ཅིང་མི་དགེ་བའི།།མ་རུང་དགྲ་བོ་སྤང་བ་ཤིན་ཏུ་གཅེས།།དེ་གཉིས་བདེ་སྡུག་བྱེད་པོར་རྒྱལ་བས་གསུངས།།རང་དབང་འཇུག་དུས་དཀའ་སྤྱད་དང་ལེན་དགོས།།གཏན་བདེའི་ཕྱིར་དུ་དམ་ཆོས་མ་བསྒྲུབ་ན།།གཞན་དབང་གྱུར་ནས་ཚ་གྲང་བཀྲེས་སྐོམ་དང་།།བཅིངས་རྡེག་གསོད་པས་མནར་ཚེ་ཅི་བྱར་ཡོད།།རིང་མིན་དྲན་པའི་ཡུལ་ཙམ་འགྱུར་བ་དང་།།བསྐལ་བར་བཟོད་དཀའི་སྡུག་བསྔལ་འདྲེན་ཚུལ་ལ།།བསམ་ཀྱིན་འདོད་ཡོན་འདི་ལ་ཡིད་ཆད་ནས།།དཀའ་སྤྱད་ལས་ཀྱིས་གཏན་བདེ་བསྒྲུབ་རེ་སྙམ།།ནམ་འཆི་ངེས་མེད་བསམ་ནས་ཉིན་རེ་བཞིན།།དོ་ནུབ་འཆི་འདྲའི་སྤྱོད་པས་མ་གནས་ན།།བསམ་པ་བརྒྱ་ཕྲག་མ་བསམ་གཅིག་འོག་ཏུ།།ཚུད་ཉེན་གདའ་འོ་ཅིས་ཀྱང་བློ་སྣ་བསྟུང་།།སྲིད་པའི་ཕུན་ཚོགས་རྨི་ལམ་དགའ་སྟོན་དང་།།འདི་སྣང་བྱ་བྱེད་སྨྱོན་པའི་ཟློས་གར་ལ།།གསོད་སར་ཁྲིད་པ་རྒྱན་བཏགས་ཇི་བཞིན་དུ།།ཞེན་ལོག་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་བྱ།།རྙེད་བདེ་བསྟོད་སྙན་བཞི་ཡི་སླུ་བྲིད་ཀྱིས།།བསྐལ་བར་བཟོད་དཀའི་སྡུག་བསྔལ་འདྲེན་ཚུལ་ལ།།བསམས་ཀྱིན་རྙེད་སོགས་བཞི་ཡི་མིང་ཙམ་ལའང་།།འཇིགས་སྐྱོ་སྐྱེས་ནས་དམ་པའི་ཆོས་ལ་འབུངས།།ཚེ་ཐུང་འདི་ཡི་སྡུག་བསྔལ་མི་ཡོང་ཆེད།།ཚེ་རབས་བརྒྱ་ཕྲག་སྡུག་བསྔལ་ལེན་པ་འཁྲུལ།།ཡུད་ཙམ་བདེ་ཆེད་ཚེ་རབས་གཏན་སྐྱིད་ཀྱི།།བདེ་བ་སྤོང་བ་ཤིན་ཏུ་བླུན་པ་ལགས།།ཚུལ་མིན་ཡིད་བྱེད་ལྟར་སྣང་བདེ་དོན་དུ།།ཚེ་རབས་གཏན་རློག་བྱེད་པ་ཤིན་ཏུ་འཁྲུལ།།དེ་ཕྱིར་ཅི་ལ་བབས་ཀྱང་རང་རྒྱུད་ཀྱི།།བསླབ་ཁྲིམས་མིག་བཞིན་བསྲུངས་བ་གནད་དོན་ལགས།།ད་རེས་དལ་འབྱོར་ཐོབ་དུས་འདིར།།ལམ་མཆོག་འདི་ལ་མ་འབད་ན།།ཤི་ནས་གར་འགྲོ་མི་ཤེས་སོ།།སྙམ་ནས་དམ་པའི་ཆོས་ལ་འབུངས།།དལ་འབྱོར་དགྲ་ཟིན་བར་གྱི་མཁར།།མི་དགེ་དགྲ་ཡིས་མ་ཟིན་པར།།དགེ་བའི་གཉེན་གྱིས་ཟིན་པ་གཅེས།།རང་ལ་ཕན་གནོད་ཆེ་བས་སོ།།ཡུད་ཙམ་ཞིག་བདེ་བའི་གནས་སྐབས་འདིར།།དགོས་མེད་ཀྱི་རེ་དོགས་ཀུན་དོར་ནས།།གཏན་བདེ་བའི་ཐབས་ལ་མ་འབད་ན།།གློ་བུར་དུ་འཆི་ན་ཅི་རང་བྱེད།།ལར་ཟད་མེད་ཀྱི་གཏན་བདེ་མ་ཐོབ་ན།།སྲིད་བདེ་འབྱོར་རི་ལུང་ཀུན་གང་ཡང་།།དུས་ནམ་ཞིག་བསགས་མཐའ་མངོན་གྱུར་ནས།།འཇིགས་མི་བཟད་སྐྱེད་དོ་ཡིད་རབ་སྐྱོ།།ལར་ཁ་སང་ལྟ་བུར་སྲོག་ཆད་ནས།།དུས་དེ་རིང་ངན་སོང་གནས་པ་ལ།།ཨེ་མ་ཧོ་དེ་འདྲ་མ་གྱུར་བར།།དགེ་སྦྱོར་ལ་བརྩོན་པ་སྐལ་བ་བཟང་།།འཇིགས་རུང་ངན་སོང་བཙོན་རྭ་ལས།།ཡུད་ཙམ་ཐར་བའི་གནས་སྐབས་འདི།།ད་དུང་འཆི་བས་མ་བཅོམ་པར།།གཏན་བདེ་སྒྲུབ་པ་སྐལ་བ་བཟང་།།གནས་ངན་སོང་སྡུག་བསྔལ་ལ་ལྟོས་ན།།མིའི་སྡུག་བསྔལ་ལྷ་ཡུལ་བདེ་དང་འདྲ།།དོན་དེ་ཕྱིར་ཆོས་ཀྱི་དཀའ་སྤྱད་ལ།།སེམས་སྤྲོ་བ་སྐྱེད་ཅིག་བློ་གསལ་བ།།ཞེས་པ་འདི་ནི་ངེས་དོན་གྱི་བཤེས་གཉེན་ཆེན་པོ་༧རྗེ་བཙུན་བློ་གསལ་རྒྱ་མཚོ་མཆོག་གིས་མཛད་པའོ།།

 

  བསླབ་བྱ་ན་ཀོང་སྦལ་བའི་བསམ་དཀར་བཞུགས།།

 

༧ ན་མོ་གུ་རུ།གང་ཞིག་ཐོས་པས་སྙིང་མུན་སེལ།།དོན་མཆོག་བསྒྲུབས་པས་བདེ་བ་སྟེར།།ཐོག་མཐའ་བར་དུ་དགེ་བའི་ཆོས།།སྡེ་སྣོད་གསུམ་ལ་ཕྱག་འཚལ་ལོ།།སྔོན་བསགས་སྡིག་ལས་མཐུ་ཅན་གྱིས།།སྙིགས་མའི་རྒུད་པའི་རྒྱར་བཅུག་པ།།ཆོས་མེད་ཆོས་པའི་གཟུགས་བརྙན་གྱིས།།སྙིང་གི་བུ་ལ་གྲོས་ཤིག་འདེབས།།ཀྱེ་ཀྱེ་གསོན་ཞིག་སྙིང་གི་བུ།།འདི་ན་ལས་འབྲས་རབ་རྨོངས་པའི།།དམུས་ལོང་གཡང་ལ་མཆོངས་པ་ལ།།དེ་ཙམ་དུ་ནི་མཚར་ཅི་ཡོད།།བདག་ཅག་ཆོས་དང་ཆོས་མིན་ཚུལ།།ལེགས་པར་ཤེས་པའི་མིག་ལྡན་རྣམས།།བསམ་བཞིན་གཡང་ལ་མཆོངས་པ་འདི།།སྙིང་མེད་གྱུར་ཏམ་འོན་ཏེ་ཅི།།ཚེ་འདིའི་སྡུག་བསྔལ་ལ་འཇིགས་ནས།།ཡིད་ཙམ་བདེ་བའི་ཕྱིར་དུ་ནི།།མི་བཟད་སྡིག་པའི་ལས་དག་ལ།།ཚམ་ཚོམ་མེད་པར་འཇུག་པ་འདི།།ཉི་མའི་འོད་ཀྱིས་གདུངས་པ་ཡིས།།ཚ་བའི་སྡུག་བསྔལ་མི་བཟོད་ཅེས།།རབ་ཏུ་འབར་བའི་མེ་ནང་དུ།།རང་ཉིད་ཞུགས་དང་ཅིས་མི་མཚུངས།།ལེགས་པར་གསོན་དང་སྙིང་གི་བུ།།སྙིང་གཏམ་ཡིན་ནོ་སྙིང་དཀྱིལ་ཆོངས།།སྙན་སྙན་བརྗོད་པའི་ཁ་ན་མེད།།བསམ་བློ་ཡང་ཡང་ཐོངས་དང་ཕན།།ཨེ་མ་མདོ་སྔགས་གཞུང་ལུགས་ལ།།ཐོས་དང་བསམས་པས་འདྲིས་བྱས་ན།།ཚོགས་གསོག་སྒྲིབ་སྦྱོང་དེ་ལས་ལྷག །མེད་ཅེས་མཁས་རྣམས་མཐུན་པར་གསུངས།།ངན་འགྲོའི་སྒོ་ཡང་གཅོད་བྱེད་ཡིན།།མཐོ་རིས་བགྲོད་པའི་ཐེམ་སྐས་ཡིན།།རྫོགས་པའི་སངས་རྒྱས་མྱུར་ལམ་ཡིན།།རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན།།དེ་ཕྱིར་ཉིན་བཞིན་ནངས་པ་རུ།།དམ་བཅས་དོན་ལ་ཉལ་བའི་ཁད།།བྱུང་མིན་བརྟགས་ཏེ་བྱུང་ན་དགའ།།མ་བྱུང་བཤགས་སྡོམ་མཁས་པའི་ལུགས།།གཞན་དུ་བར་ཆད་ཕྲན་ཚེགས་ལ།།བརྟེན་ནས་ཞུམ་སྟེ་ཆོས་དོར་ན།།དེ་ལས་རྨོངས་ཚབས་ཆེ་བ་ཅི།།དེ་ལས་རང་ལ་བསླུ་ཚབས་ཅི།།དེ་ཕྱིར་ཅི་ལ་ཐུག་གྱུར་ཀྱང་།།ལག་ལེན་ཆོས་བཞིན་སྐྱོང་བ་གལ།།དེ་ལྟར་ཆོས་བཞིན་གནས་པ་ལ།།ཡུད་ཙམ་སྡུག་རུང་གཏན་དུ་བདེ།།རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན།།བར་ཆད་དགེ་སྦྱོར་སྐུལ་མ་ཡིན།།སྡུག་བསྔལ་སྡིག་པའི་ཕྱགས་མ་ཡིན།།གསུངས་པའི་དོན་ཡང་ལག་ལེན་སྐྱོངས།།དཀའ་ཡང་ད་ལྟ་བསྒྲུབ་དགོས་ཏེ།།ལོང་བའི་རིན་པོ་ཆེ་དོར་ན།།ཕྱིས་སུ་རྙེད་པར་མི་འགྱུར་བས།།སྙིང་རུས་སྐྱེད་ཅིག་སྙིང་གི་བུ།།དེ་ཡང་རྒྱབ་རྟེན་མཆོག་གསུམ་ལ།།སྙིང་ནས་ཡང་ཡང་གསོལ་འདེབས་ན།།ནམ་ཡང་སླུ་བ་མི་སྲིད་པས།།བློ་ཕུག་དཀོན་མཆོག་གསུམ་ལ་གཏོད།།སྔོན་ཆད་ཕལ་ཆེར་དམྱལ་མེས་བསྲེགས།།ལན་རེར་མཐོ་རིས་རྟེན་རྙེད་ཀྱང་།།སྡིག་སྤྱོད་སླར་ཡང་དམྱལ་བར་བཅུག །ཀྱི་ཧུད་ཚུལ་འདིར་ཨེ་གོ་བུ།།ད་ནི་རང་ལ་ཤ་ཚ་ན།།མི་གཟུགས་ཕྱུགས་བློ་ཅན་དག་གི།བྱ་སྤྱོད་གཏིང་ནས་ཞེན་ལོག་སྟེ།།ཐར་བའི་གྲོང་དུ་སྙོགས་ཤིག་བུ།།གཞན་ཡང་གསོན་དང་སྙིང་གི་བུ།།དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད།།ཉམས་སུ་ལེན་པ་ལྟ་ཅི་སྨོས།།ཐ་སྙད་ཙམ་ཡང་ནུབ་པར་སྣང་།།ལོག་པའི་ཐ་སྙད་ཀུན་བྱང་ཆུབ།།ཡང་དག་ཆོས་ཀྱི་ཐ་སྙད་ཀུན།།ཉིན་རེ་ཞིང་ཡང་མར་ངོ་ཡི།།ཟླ་བཞིན་འགྲིབ་འདིས་སྣང་བ་སྐྱོ།།སྐྱོ་བའི་མེ་ལྕེ་འབར་བ་ཡིས།།ཡིད་ཀྱི་བུད་ཤིང་སྲེག་གྱུར་ཀྱང་།།ཆོས་བཞིན་སྤྱོད་པའི་བསིལ་བའི་ཆར།།ཕབ་པའི་གྲོགས་ཤིག་ཡོད་རེ་སྐན།།ཀྱི་ཧུད་སྙིགས་མའི་དུས་ཀྱི་མཐར།།སྐྱེས་པ་ངེས་པར་ཚོགས་མ་བསགས།།ལས་ངན་ཞགས་པས་དམ་བཅིངས་པས།།འཆི་བར་བསམས་ཀྱང་འཆི་དབང་མེད།།འོན་ཀྱང་སྔར་ཉེས་འགྱོད་པ་དང་།།ཕྱིན་ཆད་ལེགས་པར་སྡོམ་པའི་སྒོས།།རྒྱལ་བསྟན་ཁུར་དུ་ཁྱེར་བ་འདི།།སྲས་བཅས་རྒྱལ་བས་བསྔགས་པའི་ཡུལ།།ཨེ་མ་འདི་ནི་ཡ་མཚན་ཆེ།།ངེས་པར་སྐྱེས་བུ་དམ་པའི་རྟགས།།འདི་འདྲའི་སྐྱེས་བུ་དམ་པ་དང་།།ནམ་ཡང་འབྲལ་བ་མེད་པར་སྨོན།།ལྷག་བསམ་རྣམ་པར་དག་པ་ཡིས།།སྦྱར་བ་འདི་ཡང་འགྲོ་བ་ཀུན།།བློ་ཁ་ཆོས་ལ་ཕྱོགས་པའི་རྒྱུར།།བླ་མ་ལྷ་ཡིས་བྱིན་གྱིས་རློབས།།ཆོས་མཐུན་སྙིང་གི་བུ་མཆོག་ལ།།ཆོས་མེད་བློ་གསལ་མིང་ཅན་གྱིས།།ཆོས་གཏམ་སྙིང་པོ་ཕུལ་བ་འདིས།།ཆོས་ཀྱི་བུ་ལ་དགེ་གྱུར་ཅིག། །།འདི་ནི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་༧ རྗེ་བཙུན་བློ་གསལ་རྒྱ་མཚོ་མཆོག་གིས་མཛད་པའོ།།

 

 ༧ མ་ཧཱ་པཎྚི་ཏ་རྗེ་བཙུན་བློ་གསལ་རྒྱ་མཚོ་དཔལ་བཟང་བོས་མཛད་པའི་རང་སེམས་ཆོས་ལ་སྐུལ་བའི་བསླབ་མགུར་སྲས་བཅས་རྒྱལ་བ་དགྱེས་པའི་ཀུན་བཟང་མཆོད་སྤྲིན་བཞུགས།།

 

༄༅།  །རྒྱལ་ཀུན་ལས་ལྷག་པའི།  །བཀའ་དྲིན་ནི་ཆེ་བའི།  །བླ་མ་ལ་སྙིང་ནས།  །གུས་པས་ནི་འདུད་དོ།  །དངོས་གྲུབ་ཀུན་སྩོལ་ཡ།  །ཉམས་དགའ་ཙམ་མིན་པར།  །རང་ཉིད་ལ་ཕན་པའི།  །དགེ་སྒྲུབ་ནི་བྱེད་ན།  །ཚད་ལྡན་གྱི་གཞུང་ལ།  །ཐོས་བསམ་ནི་གྱིས་ཡ།  །ཆོས་ཚུལ་གྱི་མིང་ཙམ།  །ཤེས་པ་ཡི་མི་ཆོག  །ཚུལ་བཞིན་དུ་སྒྲུབ་དགོས།  །སྒྲུབ་ཚུལ་ཡང་བྱང་ཆུབ།  །ལམ་རིམ་དང་བསྟུན་ཡ།  །དྲིན་ཅན་གྱི་བླ་མ།  །རྒྱལ་ཀུན་གྱི་ངོ་བོར།  །མོས་གུས་ཀྱིས་བསྟེན་དང་།  །ལེགས་ཚོགས་ཀྱི་རྩ་བ།  །ངེས་པར་ནི་ཚུགས་ཡ།  །དལ་འབྱོར་གྱི་མི་ལུས།  །རྙེད་དཀའ་དང་འཇིག་སླའི།  །ངང་ཚུལ་ལ་སོམས་དང་།  །སྙིང་བོ་ནི་ལེན་འདོད།  །དབང་མེད་དུ་སྐྱེ་ཡ།  །འཆི་བ་ནི་མི་རྟག  །ནམ་འཆི་ཡང་ཆ་མེད།  །འཆི་བའི་ཚེ་ཆོས་མིན།  །ཕན་མཁན་ནི་མེད་པས།  །དགོས་མེད་ཀུན་འདོར་ཡ།  །དམྱལ་བ་དང་དུད་འགྲོ།  །ཡི་དྭགས་ཀྱི་སྡུག་བསྔལ།  །ཨེ་བཟོད་དང་མི་བཟོད།  །རང་སྟེང་དུ་སོམས་དང་།  །ཅི་འདྲ་རང་གོ་ཡ།  །འཇིགས་སྐྲག་ལས་སྐྱོབ་པའི།  །བསླུ་མེད་ཀྱི་སྐྱབས་ནས།  །མཆོག་གསུམ་ལ་སྙིང་ནས།  །སྐྱབས་འགྲོ་ནི་གྱིས་དང་།  །ཅི་བསམ་ཀུན་འགྲུབ་ཡ།  །དགེ་སྡིག་གི་ལས་ལས།  །བདེ་སྡུག་གི་འབྲས་བུ།  །སྔོན་བྱུང་གི་གཏམ་ལ།  །དྲིས་ན་ནི་གསལ་བས།  །ཚུལ་བཞིན་དུ་གྱིས་ཡ།  །ཁམས་གསུམ་གྱི་འཁོར་བའི།  །མཐོ་དམན་གྱི་སེམས་ཅན།  །ཁྱད་མེད་དུ་མི་རྟག  །སྡུག་བསྔལ་གྱིས་མནར་བ།  །ཉིན་རེ་བཞིན་སོམས་ཡ།  །ལས་ཉོན་གྱིས་སྐྱེས་པ།  །བླང་བ་ཡི་ཕྱིན་ཆད།  །ན་བ་དང་འཆི་བ།  །འབྱུང་བ་ནི་ཆོས་ཉིད།  །རང་བཞིན་ནི་ཡིན་ཡ།  །འཁོར་བ་ཡི་བདེ་སྡུག  །སྡུག་བསྔལ་དུ་མཉམ་ན།  །ཉོན་མོངས་ཀྱི་བློ་ངན།  །མ་གཏོགས་ནི་བླང་དོར།  །སུ་ཞིག་གིས་བྱེད་ཡ།  །ཁམས་གསུམ་གྱི་འཁོར་བར།  །མཐོ་དམན་དང་དགྲ་གཉེན།  །ངེས་པ་ནི་མི་འདུག།  །ཆགས་ཞེན་དང་ཆགས་སྡང་།  །ངེས་པར་ནི་འདོར་ཡ།  །སྡུག་ཀུན་གྱི་ཉེས་དམིགས།  །ཞི་བ་དེ་ཡི་ཕན་ཡོན།  །ཉིན་མཚན་ཀུན་སེམས་དང་།  །ཐར་བ་ལ་དོན་གཉེར།  །དབང་མེད་དུ་སྐྱེ་ཡ།  །ཚུལ་ཁྲིམས་ནི་དག་ཕྱིར།  །ཉོན་མོངས་ཀྱི་དགྲ་བོ།  །འདི་ལ་ནི་འཐབ་དང་།  །མཁས་པ་དང་གྲུབ་པ།  །རང་ཉིད་ནི་ཡིན་ཡ།  །ཕྱི་མ་ཡི་དོན་དུ།  །རྣམ་དག་གི་དམ་ཆོས།  །སྒྲུབ་འདོད་ནི་ཡོད་ན།  །ཆོས་བརྒྱད་ཀྱི་རེ་དོགས།  །ངེས་པར་ནི་འདོར་ཡ།  །རང་ཅག་ནི་བྱ་བཏང་།  །བྱ་བ་གཞན་མེད་པས།  །ཉིན་མཚན་ཀུན་རང་སེམས།  །གཅིག་དྲིལ་དུ་ལྟོས་དང་།  །དོན་ཆེན་རང་ཡིན་ཡ།  །ཁམས་གསུམ་གྱི་སེམས་ཅན།  །དྲིན་ཅན་གྱི་ཕ་མར།  །མ་གྱུར་ནི་མེད་པས།  །བྱམས་པ་དང་སྙིང་རྗེ།  །ངེས་པར་དུ་སྒོམས་ཡ།  །སྡུག་བསྔལ་དང་སྡིག་ལས།  །སྦྱོར་བྱེད་ཀྱི་ཕུང་རྒན།  །གཅེས་འཛིན་འདི་ཡིན་པས།  །ལེ་ལན་ཀུན་གཅིག་དྲིལ།  །གཅེས་འཛིན་ལ་གདའ་ཡ།  །བདེ་དགེ་དང་ལེགས་ཚོགས།  །སེམས་ཅན་གྱི་བཀའ་དྲིན།  །ཁོ་ན་ལས་བྱུང་བས།  །གཏོང་ལེན་གྱི་སྒོ་ནས།  །ཕན་སེམས་ནི་སྦྱོར་ཡ།  །འཁོར་འདས་ཀྱི་ཆོས་ཀུན།  །མིང་བཏགས་ནི་མ་གཏོགས།  །རང་ངོས་ནས་མེད་པས།  །བདེན་གྲུབ་ཏུ་འཛིན་པའི།  །ཕུང་རྒན་ནི་སོད་ཡ།  །རྒྱུད་སྡེ་ཡི་ཡང་རྩེ།  །བླ་མེད་ཀྱི་རིམ་གཉིས།  །ཟུང་འཇུག་གི་མྱུར་ལམ།  །ཟབ་མོ་རང་ཡིན་པས།  །སྨོན་པ་ཚུན་བྱོས་ཡ།  །དགེ་ལེགས་འཕེལ།  


                             རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn    

བརྒྱུད་འགོད།