ས་ག་ཟླ་བའི་ཆེད་བསྒྲིགས་ལེ་ཚན། ས་ག་ཟླ་བའི་དུས་ཆེན་ལ་ཕུལ་བའི་ལེགས་བཤད་གཅེས་བཏུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-05-09 18:45:25         ཀློག་ཐེངས།  

                                                            ལྷག་བསམ་བསྐུལ་བའི་མདོ་ལས། 
                            བུ་རམ་ཤིང་ཤུན་སྙིང་བོ་ཅི་ཡང་མེད།། དགའ་བར་བྱ་བའི་རོ་ནི་ནང་ན་འདུག ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ།། ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ།།ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ།། རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན།། དེ་ལྟ་བས་ན་སྨྲ་ལ་དགའ་སྤོང་སྟེ།། རྟག་ཏུ་བག་ཡོད་བྱས་ལ་དོན་སོམས་ཤིག

                                                                                          རྒྱལ་སྲས་པོ་ཏོ་བས། 
                  བློ་ཡི་སྐྱེས་ཚད་རྟགས་ཀྱིས་མཚོན་གྱུར་ཏེ།། ཆོས་ཀུན་རྟགས་མེད་སྐྱེ་བ་མི་སྲིད་གསུངས།། དལ་འབྱོར་རྙེད་པར་དཀའ་བ་གོ་གྱུར་ན།། ཡོ་བྱད་ཕུགས་དགོས་བསོག་པ་ག་ལ་སྲིད།། ཚེ་ལ་ལོང་མེད་སྙམ་དུ་གོ་གྱུར་ན།། ཤེས་བྱ་ཐམས་ཅད་སྦྱོང་བ་ག་ལ་སྲིད།། ངེས་པར་ཆོས་བདེན་སྙམ་དུ་གོ་གྱུར་ན།། རྐྱེན་གྱི་སྟོབས་ཀྱིས་འགྱུར་བ་ག་ལ་སྲིད།། སྡིག་པ་རང་ལ་གནོད་པ་གོ་གྱུར་ན། ། སྲོག་ལ་བབས་ཀྱང་ནུས་པར་ག་ལ་སྲིད།། དགེ་བ་རང་ལ་གཅེས་པར་གོ་གྱུར་ན།། གཞན་ལ་ཡུས་སུ་སྒོམ་པ་ག་ལ་སྲིད།། བདེ་སྡུག་ལས་ལས་བྱུང་བར་ཤེས་གྱུར་ན།། ལེ་ལན་གཞན་ལ་འདེད་པ་ག་ལ་སྲིད།། འདོད་ལ་ཉེས་དམིགས་ལྟ་བའི་བློ་སྐྱེས་ན།། འཇིག་རྟེན་འདོད་པས་གདུངས་པ་ག་ལ་སྲིད།། འཁོར་བ་དུ:ཁ་ཡིན་པར་གོ་གྱུར་ན།། ཕུན་སུམ་ཚོགས་ལ་སྨོན་པ་ག་ལ་སྲིད།། ངེས་པར་ཐར་བ་འདོད་པའི་བློ་སྐྱེས་ན།། འཇིག་རྟེན་ཆོས་བརྒྱད་འདོད་པ་ག་ལ་སྲིད།། སེམས་ཅན་ཀུན་ལ་ཕ་མའི་བློ་སྐྱེས་ན།། ཞེ་སྡང་ཕྲག་དོག་གསོག་པ་ག་ལ་སྲིད།། གཞན་ཕན་བཅོས་མ་མ་ཡིན་སྐྱེས་གྱུར་ན།། ཕྱིས་ནས་རྟོག་པ་འགྱུར་བ་ག་ལ་སྲིད།། བདག་དང་ཆོས་སུ་འཛིན་པ་འཁྲུལ་ཤེས་ན།། རློམ་སེམས་ང་རྒྱལ་གསོག་པ་ག་ལ་སྲིད།། ཆོས་རྣམས་རང་བཞིན་སྐྱེ་མེད་ཡིན་ཤེས་ན།། དངོས་དང་མཚན་མར་འཛིན་པ་ག་ལ་སྲིད།། རང་གི་ཉོན་མོངས་པ་ལ་དགྲར་ཤེས་ན།། འཐབ་ཅིང་མི་མཐུན་པ་དག་ག་ལ་སྲིད།། ཆོས་ལ་རྟག་ཏུ་སྙིང་ནས་བསམས་གྱུར་ན།། རྐྱེན་དང་ཐུག་ན་གཏོང་བ་ག་ལ་སྲིད།། ཆོས་དེ་རྣམས་ལས་གཤའ་མ་གཅིག་སྐྱེས་ན།། ཕྱིན་ཅི་ལོག་དེ་ཀུན་གྱི་གཉེན་པོར་འགྲོ།།


འབྲོམ་སྟོན་པས། 
               ང་བཙུན་པོ་རྨོངས་པར་མ་ཤོར་པ།། ཆོས་རྒྱལ་བའི་འབྱུང་གནས་བསྐྱངས་པའི་དྲིན།། ང་མཁས་པས་བཙུན་ཚུགས་མ་བཅོམ་པ།། ལས་རྒྱུ་འབྲས་ཟབ་མོ་བསྒོམས་པའི་དྲིན།། ང་བསྒོམས་པས་ཁ་ཏོན་མི་འཇོམས་པ།། བཀའ་མདོ་སྡེ་ཟབ་མོ་བལྟས་པའི་དྲིན།། ང་ཀློག་པས་བསམ་གཏན་མི་འཇོམས་པ།། རྗེ་བླ་མའི་མན་ངག་འཆུན་པའི་དྲིན།། ཆོས་ཐམས་ཅད་གཅིག་ཏུ་རབ་བསྡུས་ནས།། གནས་སྟན་ཐོག་གཅིག་ཏུ་སྒོམ་ཤེས་པ།། སྐྱ་དཀའ་སྤྱད་ཆོས་ལ་སྤྱད་པའི་དྲིན།།


 

                                                                                                               རྗེ་རོལ་བའི་རྡོ་རྗེས།
       ཐོས་བསམ་ཕྱོགས་སུ་མ་སོང་ཞིང་།། གཞུང་ལུགས་གདམས་པར་ཤར་བ་ཡིས།། མཉན་འོས་རིགས་པའི་ལམ་སྨྲ་བ།། དེ་ཉིད་ལ་ནི་མཁས་པ་ཟེར།། ཉོན་མོངས་དཔལ་ནི་ཆོག་པ་དང་།། རང་དང་གཞན་རྒྱུད་འདུལ་བར་ནུས།། ལྟ་སྒོམ་འཁྲུལ་བྲལ་གདེངས་ལྡན་པ།། དེ་ཉིད་ལ་ནི་གྲུབ་པ་ཟེར། མཁས་པས་གྲུབ་པ་མ་བཅོམ་ཞིང་།། གྲུབ་པས་བཙུན་པ་མ་བཅོམ་པར་།། བསྟན་ལ་ཕན་པ་སྒྲུབ་པ་ལ།། སྐྱེས་བུ་དམ་པ་ཞེས་ཀྱང་ཟེར།།

                                                                                                           དབུ་མ་འཇུག་པ་ལས། 
                                        སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་།། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད།། འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས།། སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན།། ཕལ་ཆེན་ལས།། ཕྱོགས་རྣམས་ཀུན་ན་ཞིང་རྣམས་རྒྱ་མཚོ་སྣང་།། ལ་ལ་ཟླུམ་པོ་ལ་ལ་གྲུ་གསུམ་སྟེ།། དེ་དག་ལ་ལ་ཕྱོགས་ན་གྲུ་བཞིར་གནས།། ཀུན་ཀྱང་ལས་རྣམ་རྒྱ་མཚོས་རྣམ་པར་བྲིས།།
 

                རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།