ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་གསུང་།
༄༅།། བློ་བཟང་རྒྱལ་བ་གཉིས་པའི་དགོངས་དོན་དྲི་མ་མེད་པ་རྨད་བྱུང་སྒྲུབ་པའི་རྒྱལ་མཚན་གྱི་རྩེ་མོར་བཀོད་ཅིང་ངེས་དོན་གྲུབ་པའི་རྒྱལ་ས་ཟིན་མཁན། ཡབ་རྗེ་བདེ་ཆེན་སྙིང་པོའི་ཐུགས་སྲས་དམ་པ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་བསླབ་བྱ་འགའ་བཞུགས།
ཚེ་ཐུང་དགུན་ཉི་མ་ལྟ་བུ་སྐྱིད་ཀྱང་སྐྱིད་ལོང་མེད། སྡུག་ཀྱང་སྡུག་ལོང་མེད་པ་ཡུད་ཙམ་འདིའི་རིང་ཚེ་འདིའི་ལྟོ་གོས་གཏམ་གསུམ་ལ་མ་ཞེན་པར་ཉམས་ལེན་གྱི་གཙོ་བོ་སྙིང་རྗེ་ཆེན་པོ་ལ་བྱེད། གཞན་རྣམས་དེའི་ཡན་ལག་ཏུ་བྱེད་ནས་སྐྱོང་དགོས་པ་ཡིན། ཁྱེད་ཚོར་འདིར་ཡོང་ནས་ཐོག་མར་སྟོན་པའི་གནང་བའི་འཕགས་པའི་རིགས་བཞི་དང་། ཇོ་བོ་བཀའ་གདམས་པའི་ཕུགས་ནོར་བཅུ་མངོན་དུ་བྱེད་པའི་དམ་བཅའ་འཇོག དེ་ནས། འཕྲལ་ལ་ཟས་འཚོལ་བྱ་དང་འདྲ།། ཀག་ཀེ་ལང་བས་གཞིས་རྫོགས་པ།། ཞེས་བཀའ་གདམས་གླེགས་བམ་ལས་གསུངས་པ་ལྟར་ལག་ལེན་དུ་འཁྱེར་བར་བྱས་པའི་ཐོག་སྔར་ཐོས་བསམ་བྱེད་པ་རྣམས་རྗེའི་ལམ་རིམ་ཆེ་ཆུང་གང་རུང་ཞིག་གི་ཐོག་ཏུ་བསྒྲིལ་ནས་ཉམས་སུ་ལེན་དགོས་པ་ཡིན། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་མ་ཉམས་པ་དང་། དམན་ས་བཟུང་དགོས། གྲོང་ཆོག་རྒྱུགས་པ་དང་མོ་བརྒྱབ་པ་སོགས་བྱ་བྱེད་མང་པོ་བྱེད་མི་ཆོག མདོར་ན་ཚེ་ཐུང་དགུན་ཉི་ལྟ་བུ་ཡུད་ཙམ་པ་འདིའི་རིང་ཆོས་རྣམས་དག་ཅིག་བསྒྲུབ་དགོས་པ་ཡིན།།
ཡང་གསུང་ལས། སྐབས་རེར་ཐོག་མར་སྐྱེ་བ་སྔ་ཕྱི་དང་། ཐར་པ། ཀུན་མཁྱེན་ཡོད་པ་བཅས་རིགས་པའི་སྒྲུབ་ནུས་པ་ཞིག་དགོས། གལ་ཏེ་མི་ནུས་ན་ལུང་གིས་སྒྲུབ་ནུས་ཞིག་མེད་མི་རུང་དུ་འདུག ཉམས་ལེན་གྱི་གཙོ་བོ་སེམས་ཅན་གྱི་དྲིན་དྲན་པ། སེམས་ཅན་ལ་བརྟེན་ནས་རང་གི་དོན་ཐམས་ཅད་འགྲུབ་ལུགས། དེ་དག་སྡུག་བསྔལ་གྱི་མནར་ལུགས་རྒྱུན་དུ་བསམ་དགོས་པ་ཡིན། དེས་ན་སྙིང་རྗེ་ལ་རྩོལ་མེད་ཀྱི་མྱོང་བ་སྐྱེ་སླ་ཞིང་། སྐྱེས་ཟིན་གོང་འཕེལ་དུ་འགྲོ། རྒྱལ་སྲས་རྣམས་ཀྱིས་སྙིང་རྗེ་ཐུགས་དམ་གྱི་མཐིལ་དུ་མཛད་པ་རེད། སྙིང་རྗེ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་གསུངས་པ་གོ་དགོས་པ་ཡིན།
ཡང་གསུང་ལས། ང་ལྟ་བུ་ལ་མཚོན་ན། ང་འགྲོ་ང་འདུག་སྙམ་པ་ན། དེ་ཙམ་གྱི་མ་མཚིམས་པར་ང་དེ་བཙལ་ན་མི་རྙེད་པ་དང་། མ་བཙལ་ན་འགྲོ་འདུག་གི་བྱ་བ་བྱེད་ནུས་ཀྱི་ང་ཡོད་པ་ལ་ཡིད་ཆེས་པར་དགོས། དེ་བྱུང་ན་བདེན་གཉིས་འཇོག་ཤེས་པ་ཡིན། དེ་ཙམ་ནི་བློ་དམན་ཡང་སྐལ་བ་དང་ལྡན་པ་ལ་བརྡ་ལེགས་པར་འཕྲོད་ན་གོ་བ་ཆགས་ནུས། ཤེས་རབ་ཆེ་བ་རྣམས་ཀྱང་མཐར་དེ་འདྲ་ཞིག་ལ་གཏུགས་དགོས། དེ་མིན་ན་མཐར་ལྟུང་ཉེན་ཆེ། བཙལ་ནས་མི་རྙེད་ན་དེའི་རྗེས་སུ་ང་གཏན་ནས་མི་འདུག་སྙམ་ན་ཆད་ལྟ་དང་། ཡོད་ན་བཙལ་དགོས་སྙམ་ན་རྟག་ལྟ་ཡིན། བཙལ་ནས་མི་རྙེད་པ་རང་ངོས་ནས་མེད་ཚུལ་ཡིན་གྱི་གཏན་ནས་མེད་ཚུལ་མིན། མ་བཙལ་ན་ངའམ་བདག་བྱ་བ་བྱེད་ནུས་སུ་ཡོད་པ་ཐ་སྙད་དུ་ཡོད་ཚུལ་ཡིན། དེ་ཙམ་གྱི་ཡོད་གོ་ཆོད། མཁས་གྲུབ་ཆོས་རྗེས། རིགས་པ་མི་ཤེས་པ་ལ་ལྟ་བ་འཁྲིད་ཚུལ་ཤེས་དགོས་གསུངས་ཡོད། ལྟ་བའི་གནད་མཐར་གཏུགས་ན། ཐ་སྙད་ཚད་མའི་རྙེད་ཚོད་ཙམ་དུ་གྲུབ་པ་དེ་ལ་འཁོར་འདས་ཀྱི་ཆོས་ཀུན་འཇོག་ནུས་པ་དང་། ཕུང་སོགས་རིགས་ཤེས་ཚད་མས་བཙལ་ནས་རྙེད་རྒྱུ་རྡུལ་ཙམ་མེད་པ་ལ་ངེས་པ་གཏིང་ནས་རྙེད་ན་ལྟ་བ་རྙེད་པའི་ཚད་ཡིན། གོང་གི་རྟོག་པའི་བཏགས་ཚུལ་གཉིས་པོ་དེ་གང་དགོངས་པར་སོང་ཐག་བཅད་མི་སྔ་བར་ཞིབ་ཏུ་དཔྱད་པར་མཛོད།
ཡང་གསུང་ལས། འདི་ལྟར་གདན་ས་སོ་སོའི་གྲལ་དབུར་བཞུགས་པའི་མཁན་པོ་ཚོས་འདུལ་བ་དང་མཐུན་པའི་བཀའ་བཀོད་གནང་བར་དགེ་འདུན་དམངས་ཚོས་ཕྱག་བཞེས་སུ་བསྟར་བ་ཡིན་ན་བསྟན་པའི་ཞབས་འདེགས་སུ་འགྱུར་བ་ཡོང་ངེས། དེ་མིན་དམ་པའི་ཆོས་འདུལ་བའི་གནད་གང་ཡང་མི་ཤེས་པའི་འཇིག་རྟེན་རྒན་པོ་ཕ་རྒན་ཁ་ཤས་གྲལ་གོང་དུ་བསྡད་ནས་ཁྱིམ་པ་དང་སྒོ་བསྟུན། འདུལ་བ་འཛིན་པ་རྣམས་ས་མཐར་སྐྱུར། དམ་ཆོས་འདུལ་བ་རྩྭ་ལྟར་དོར་བའི་དབང་གིས་འདི་འདྲ་བྱུང་བ་རེད། དེ་བས་ན་སླད་ཕྱིན་ཆད་འདུལ་བ་འཛིན་པ་ཞིག་གིས་འགན་དབང་བཟུང་ནས་སློབ་གཉེར་དང་། སྒྲིག་ལམ་ལ་དམ་ར་མཛད་ནས་བསྟན་པའི་མིག་རྒྱན་དུ་འགྱུར་བར་བྱེད་དགོས། དེ་བཞིན་རྒྱུད་སྨད་ལ་མཚོན་ན་འགྲོ་ན་གསང་བ་འདུས་པ། བསྡད་ན་གསང་བ་འདུས་པ། ཉལ་ན་གསང་བ་འདུས་པ་ཡིན་ན་དེང་སྐབས་དེས་མི་འགྲིགས་པར་གསར་བཅོས་ཤིག་ལ་ཨ་གསར་བྱེད་དོན་གང་ཡང་མེད། རྗེ་ཤེས་རབ་སེང་གེའི་ཕྱག་སྲོལ་དེས་མ་འགྲིག་པ་ག་ནས་ཡོང།།
ཡང་། བཤེས་གཉེན་བསྟེན་དང་དལ་འབྱོར་སྙིང་པོར་བླངས།།ཕྱི་མར་དོན་གཉེར་ཕྱི་མར་བདེ་བའི་ཐབས།།ཐར་པ་དོན་གཉེར་ཐར་པར་བགྲོད་པའི་ལམ།། གཞན་དོན་དོན་གཉེར་བྱང་ཆུབ་དོན་གཉེར་བློ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn