རྗེ་སྤྱན་སྔ་པའི་སྙན་རྩོམ་གསུང་བཏུས།
བཀའ་དྲིན་མཉམ་མེད་ཤཱཀྱའི་རྒྱལ་པོ་ཡིས།།
སྙིགས་དུས་མ་རུང་གདུལ་བྱ་འདུལ་བའི་ཕྱིར།།
ཐ་མལ་སྐུ་སྤྲུལ་ཕན་བདེའི་ལམ་སྟོན་པའི།།
དྲིན་ཅན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ།།
ད་ལྟ་རང་ལ་བླ་མ་མང་ཡོད་ཀྱང་།།
ཉེ་རིང་མེད་པའི་མོས་གུས་མི་བྱེད་པར།།
བླ་མ་གཅིག་ལ་གཙོ་བོར་ཞེན་པ་དེ།།
ཕོ་རུས་ཞེས་བྱ་ཉོན་མོངས་འདོད་ཆགས་ཡིན།།
དེ་ལ་མོས་གུས་མི་ཟེར་ཤཱཀྱའི་སྲས།།
ཚིགས་བཅད་གཅིག་ཙམ་ཞིག་ལས་མ་ཉན་ནའང་།།
དེ་ཡི་བཀའ་དྲིན་དེ་ལ་འཁོར་ཐབས་མེད།།
དེ་ལས་མང་པོ་ཉན་ན་ལྟ་ཅི་སྨོས།།
བཀའ་དྲིན་མེད་ཅེས་མ་སྨྲ་ཤཱཀྱའི་སྲས།།
སངས་རྒྱས་བླ་མར་རག་ལས་ལྟ་ཅི་སྨོས།།
ད་ལྟ་ཉིན་རེའི་གྲོགས་ལའང་དྲིན་ཆེ་ཟེར།།
བླ་མའི་དྲིན་ལས་ཕན་བདེ་ཀུན་འབྱུང་ན།།
སྐུ་དྲིན་འཁོར་ཐབས་འདུག་གམ་ཤཱཀྱའི་སྲས།།
རང་རེ་ལས་ངན་སྒྲིབ་པ་ཆེ་ཚོད་ལ།།
བླ་མ་མི་རུ་མཐོང་བའང་དགའ་ཚད་ཡིན།།
ཁྱི་དང་བོང་བུར་མ་མཐོང་བསོད་ནམས་ཆེ།།
མོས་གུས་སྙིང་ནས་བསྐྱེད་ཅིག་ཤཱཀྱའི་སྲས།།
མཁྲིས་ནད་ཅན་གྱི་དུང་དཀར་སེར་པོ་མཐོང་།།
ལོག་ལྟ་ཅན་གྱིས་སངས་རྒྱས་ཟོག་པོར་མཐོང་།།
དད་ལྡན་མི་ཡིས་ཐམས་ཅད་སངས་རྒྱས་མཐོང་།།
དེ་ལ་གདམས་ངག་གྱིས་ཤིག་ཤཱཀྱའི་སྲས།།
བླ་མ་མཆོད་ཚེ་སངས་རྒྱས་ཀུན་བྱོན་ནས།།
མཆོད་པ་བཞེས་ནས་སློབ་མར་བྱིན་གྱིས་རློབས།།
སངས་རྒྱས་མཆོད་ཀྱང་དེ་ལྟར་ཡོང་ངེས་མེད།།
མཆོད་ཡུལ་བླ་མ་བཟང་ངོ་ཤཱཀྱའི་སྲས།།
ཆོས་ལ་སྙད་བཏགས་ཆོས་མིན་འབའ་ཞིག་བྱེད།།
གཞན་དོན་སྙད་བཏགས་རང་དོན་མཁར་ཁང་སྒྲུབ།།
རང་གི་འདོད་པ་ཁོ་ནར་དོན་གཉེར་ཞིང་།།
སློབ་མ་རྣམས་ཀྱང་བླ་མའི་རྣམ་ཐར་སྐྱོང་།།
མནར་མེད་དམྱལ་བ་མདུན་ན་འདུག་བཞིན་དུ།།
བ་སྤུ་གཡོ་འགུལ་སྐད་ཅིག་མི་འབྱུང་བར།།
ཚེ་འདིར་བདེ་བ་སྒྲུབ་ལ་རིང་བ་འདི།།
རང་ཉིད་མཁས་པར་འདུག་གམ་ཤཱཀྱའི་སྲས།།
དབེན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ།།
ཡུལ་ངན་མེད་པས་ཉེས་སྐྱོན་རང་ཤུགས་འགགས།།
རྣམ་གཡེང་མེད་པའི་དགེ་སྦྱོར་ངང་གིས་འཕེལ།།
རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ།།
སོ་སོའི་སྐྱེ་བོས་དབེན་པ་མ་བསྟེན་ན།།
གང་ཟག་རབ་ཀྱིས་དབེན་པ་བསྟེན་མི་དགོས།།
རྒྱལ་བ་རྣམས་ཀྱིས་དབེན་པར་བསྔགས་པ་དེ།།
སུ་ལ་དགོངས་སམ་སོམས་ཤིག་ཤཱཀྱའི་སྲས།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
❈ ཅེས་པ་འདི་ནི་སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས་སྦྱར་བའོ།།