མཐིང་མིག་གི་དབུ་མ་རྩ་ཤེའི་འགྲེལ་བ་འགྱུར་མའི་གླེང་སློང་བའི་གཏམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-04-14 20:13:24     རྩོམ་པ་པོ།   དཔའ་རིས་བློ་བཟང་རྒྱ་མཚོ།    ཀློག་ཐེངས།  
        ལོ་འགའི་སྔ་རོལ་ཏུ་དགེ་བའི་བཤེས་གཉེན་ཨ་ཁུ་བསམ་གཏན་ལགས་ཀྱིས་ངེད་ལ་པཎྜི་ཏ་མཐིང་མིག་གིས་མཛད་པའི་དབུ་མ་རྩ་བའི་ཤེས་རབ་ཀྱི་འགྲེལ་བ་འདི་ཅིས་ཀྱང་བོད་ག་ཏུ་བསྒྱུར་དགོས་པའི་རེ་བ་གནང་བ་དང་། དེ་ནས་ཅང་མ་འགོར་བར་དབུ་མ་རྩ་ཤེའི་འགྱུར་མའི་དཔེ་དེབ་འགའ་བསྐུར་ཡོང་བ་རེད། ཕྱིས་སུ་ཆོས་གྲོགས་འགས་ཀྱང་དེབ་འདི་ང་བ་ན་ཡང་བོད་ཡིག་ཏུ་བསྒྱུར་ན་ལེགས་པའི་དགོངས་པ་བཏོན་པ་དང་། བདག་གིས་་སློབ་དཔོན་མཐིང་མིག་ཚང་གི་འགྲེལ་བ་འདི་བོད་འགྱུར་ལ་མེད་པས་གཞུང་ཆེན་མོ་་ལྟ་བུ་བསྒྱུར་ན་རང་གི་སྐལ་བཟང་ཡིན་སྙམ་ཞིང་རང་གི་ཡིད་ལ་གོམས་པའི་ཕྱིར་དང་ག སྐལ་མཉམ་རྣམས་ལའང་ཕན་གདགས་པར་འདོད་པའི་བསམ་པས་ཀུན་ནས་བསླངས་ཆེད་དུ་དང་གཉིས། རང་གཞན་ལ་ཕན་འདོགས་པའི་ཐབས་སུ་སྔ་འགྲེལ་འདི་བསྒྱུར་ན་པ་མི་འབྱུང་བ་དང་གསུམ། དེ་དག་རྒྱུ་རྐྱེན་དུ་མའི་སྒོ་ནས་བསམ་མོད། འོན་ཀྱང་ཡིག་གྱི་བྱ་བ་གཞན་ལ་རྩོམ་བཞིན་པའི་སྒང་ཡིན་པས་དབུ་མ་རྩ་ཤེས་ཀྱི་འགྲེལ་བ་འདི་བསྒྱུར་ལས་ཀ་ཅུང་འགྱངས་སོང༌། ཕྱིས་སུ་ཉིས་སྟོང་ཉེར་གཉིས་ལོའི་བོད་ཟླ་བཞི་བ་སྟེ་ཟླ་བ་་རིང་ལ་བསྒྱུར་ཏེ་མཇུག་རྫོགས་པས་ཀུན་གྱི་སྤྱན་ལམ་དུ་ཕུལ་པ་འདི་ལགས།
   མཐིང་མིག་གསུང་གི་འགྲེལ་བ་འདི་དབུ་མ་རྩ་ཤེའི་འགྲེལ་བ་རྣམས་ལས་ཆེས་སྔ་ལེན། ཁོང་དང་ཕལ་ཆེར་དུས་རབས་གཅིག་ལས་འཕྱིས་པའི་ལི་ཡུལ་དུ་འཁྲུངས་པའི་ལོ་ཆེན་མོ་ཀུ་མཱ་ར་ཤྲི་མཆོག་གིས་རྒྱ་ཡིག་ཏུ་བསྒྱུར་ཅིང་རྒྱའི་བསྟན་འགྱུར་ཁྲོད་དུ་བཞུགས་། །ད་ལོ་སྟེ་ཉིས་སྟོང་ཉེར་གཉིས་ལོར་ཕྲན་གྱིས་རྒྱ་ཡིག་གི་ཡིག་རྙིང་(古文)རྒྱ་འགྱུར་མ འབའ་ཞིག་ལ་བརྟེན་ནས་ཐད་ཀར་བསྒྱུར་པ་ཡིན།
   རྒྱ་ཡིག་གི་སྒྱུར་རྩོམ་འདི་ལོ་སྟོང་དང་དྲུག་བརྒྱའི་སྔ་རོལ་ཏུ་སྟེ། སྤྱི་ལོ༤༠༩ལོར་(公元409)བསྒྱུར་ཟིན་པ་ཡིན་པས་དེང་དུས་ཀྱི་ཕལ་སྐད་ཀྱི་རྩོམ(白话文)དང་ཁྱད་པར་ཤིན་ཏུ་ཆེ་ཞིང་། སྤྱི་སྐད་ཀྱི་རྩོམ་གྱིས་འགྲེལ་བ་བྲིས་ཡོད་པ་མ་མཐོང་བས་རང་གིས་དཀའ་བ་ཁྱད་དུ་བསད་ནས་ནུས་ཤུགས་ཡོད་དགུ་རྩ་སྤྲུགས་ཀྱིས་བསྒྱུར་པ་ལགས་ལ། ལྷག་པར་དུ་བསྟན་བཅོས་འདི་ནང་བའི་གཞུང་དུ་ཟབ་པ་བས་ཀྱང་ཆེས་ཟབ་པའི་གཞུང་ཡིན་པ་དང་ནང་ཆོས་ཀྱི་གཞུང་གི་ཐ་སྙད་ནི་དེང་དུས་སྤྱི་ཚོགས་སུ་བེད་སྤྱོད་བྱེད་པའི་ཚིག་གི་ཐ་སྙད་དང་ཅུང་ཟད་མི་འདྲ་ཞིང་། རྒྱ་ཡིག་གི་གཞུང་འདིར་བེད་སྤྱོད་བྱས་པའི་ཚིག་དང་ཐ་སྙད་སོགས་ནི་གནའ་སྐད་དང་ཡིག་རྙིང་(文言文和繁体字)ཁོ་ན་ཡིན་ནོ། །
     གཞན་ཡང་། ལོ་ཙཱ་བ་ཆེན་མོ་ཀུ་མཱ་ར་ཤྲིས་(鸠摩罗什)ནང་བའི་གཞུང་གི་བསྟན་བཅོས་བསྒྱུར་ཚུལ་ཡང་ཐུན་མོང་མ་ཡིན་པ་སྟེ། དུས་ཕྱིས་ཀྱི་སྡེ་སྣོད་གསུམ་འཛིན་གྱི་སློབ་དཔོན་བཤན་ཙང་(=唐三藏译师玄奘)དང་སློབ་དཔོན་ཐང་དབྱི་ཅེན(唐义诤法师)སོགས་ཀྱིས་ཆོས་གཞུང་བསྒྱུར་ལུགས་དང་མི་མཐུན་པ་དུ་མ་མཆིས་ཏེ། དཔེ་འགའ་རེ་འདིར་འགོད་ན། སྤྱིར་བཏང་མཚན་ཉིད་ལ་(性相或定义)ཞེས་པ་བསྒྱུར་པ་མང་མོད། གཞུང་འདིར་相ཞེས་བསྒྱུར་པ་དང༌། མཚན་གཞི་ལ་གཞུང་གཞན་དུ་事相和名相ཞེས་བསྒྱུར་པ་དང༌། གཞུང་འདིར་可相ཞེས་བསྒྱུར་ཡོད། འདོད་ཆགས་དང་ཆགས་པ་ལ染、染者(贪欲与贪)དང་། མེ་དང་བུད་ཤིང་ལ燃、可燃(火和燃料)དང་། སྐད་ཅིག་སྐད་ཅིག་གིས་འཇིག་པ་ལ་念念灭(刹那刹那坏灭)དང༌། ཆོས་དང་ཆོས་མ་ཡིན་པ་ལ་罪福(法与非法)དང་།བརྟེན་པ་ལ因(能依)ཞེས་དང་། རྡོ་རྗེ་གཅོད་པ་ལས་(《金刚经》)། འདུ་ཤེས་ལ་相(想)ཞེས་བསྒྱུར་པས་དེང་སང་རྒྱའི་བཙུན་པ་རྣམས་ཀྱིས་ཕལ་ཆེར་相འདི་ལ་མཚན་མ་ཞེས་ཁྲིད་དང་འཁྲིད་ཀྱིན་ཡོད། ཐང་རྒྱལ་རབ་ཀྱི་ལོ་ཙཱ་བ་དབྱི་ཅེན་(义净)གྱིས་想ཞེས་བསྒྱུར་ཡོད་པས་གོ་སླ་ཞིང་། གཞན་དུ་ན་相ཞེས་བསྒྱུར་ན་སྒྲས་ཟིན་ཚོད་ཀྱི་དབང་གིས་མཚན་མར་གོ་བར་འགྱུར་ཉེན་ཆེ།
      དེའི་སྟབས་ཀྱིས་རྒྱའི་འགྲེལ་བྱེད་མཁན་པོ་རྣམས་ཀྱིས་འདུ་ཤེས་ཞེས་པ་ བཀྲལ་བར་མཚན་མ་ཞེས་བཀྲལ་བ་མང༌། ཀུ་མཱ་ར་ཤྲི་མཆོག་གིས་བསྒྱུར་པའི་相འདི་ལ་སྐབས་བབ་ཀྱི་ཚིག་དང་བསྟུན་ནས་གོ་བ་ལོན་པ་མ་གཏོགས།སྐབས་བབ་ཀྱི་ཚིག་མ་སྦྱར་ན་ནོར་འཁྲུལ་འབྱུང་སྲིད། ཁོང་གིས་མཚན་ཉིད་དང་མཚན་མ།སྒྲ་ཇི་བཞིན་བཟུང་ནས་ངོ་བོ་ཉིད་སོགས་ཚང་མར་相བསྒྱུར་ཡོད་པས་ལོ་ཙཱ་བ་རྣམས་དང་འགྲེལ་བྱེད་དག་གིས་ངེས་པར་དུ་ཤེས་དགོས་པ་གནད་ཀྱི་དོན་པོ་ཡིན། ད་དཔེར་འདི་ཙམ་གྱིས་ཆོག
    འགྲེལ་བ་འདི་མཛད་མཁན་པཎྜི་ཏ་མཐིང་མིག་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་ཡང་། གང་ལྟར་ཁོང་ནི་དུས་རབས་བཞི་བའི་ནང་དུ་བྱུང་བའི་མཁས་པ་ཆེན་པོ་ཞིག་ཡིན་ལ་སློབ་དཔོན་ཨཱརྱ་དེ་ཝའི་ཡང་སློབ་ཀྱང་ཡིན། བོད་ཀྱི་མཁས་པའི་གཞུང་དུའང་པཎྜི་ཏ་མཐིང་མིག་ཅེས་མཚན་ཙམ་གསུངས་པ་ལས་ཁོང་ལ་རྒྱུས་ལོན་དང་བྲལ། ཁོང་གི་དབུ་མ་རྩ་ཤེའི་འགྲེལ་བ་འདི་སྐབས་དེར་རྒྱ་གར་དུ་དར་ཁྱབ་ཤིན་ཏུ་ཆེ་ཞིང༌། ཕྱིས་སུ་མཁས་མཆོག་ཀུ་མཱ་ར་ཤྲིས་མ་ཧཱ་ཙི་ནའི་ཡི་གེར་བསྒྱུར་པའི་རྗེས་སུ་རྒྱ་ནག་ཏུ་འཕྲིན་ལས་ཤིན་ཏུ་རྒྱས་ཤིང་རྒྱའི་བསྟན་འགྱུར་ཁྲོད་དུ་བཞུགས་སོ། །
      རྒྱ་ཡིག་སྒྱུར་བ་བོ་ཀུན་མཱ་ར་ཤྲིའམ་ཀུ་མཱ་ར་ཛི་བ་ནི་སྤྱི་ལོ༣༤༤ལོར་སྐུ་འཁྲུངས་ཤིང་༑་ཡང་ཀེ་མག་པར་གྱུར།ལོ་ཆེན་སྐུ་ན་ཕྲ་མོའི་དུས་ནས་རབ་ཏུ་བྱུང་ཞིང་མཚན་ལ་གཞོན་ནུ་ཚེ་རིང་ཞེས་གསོལ། ཁ་ཆེའི་ཡུལ་དུ་ལེགས་སྦྱར་སྐད་དང་ཐེག་དམན་གྱི་ཆོས་ལ་ཐུགས་གཉེར་གནང༌། ཕྱིས་སུ་ཐེག་པ་ཆེན་པོར་ཞུགས་ཏེ་དབུ་མའི་ལྟ་བ་ལ་མཁས་པ་ཆེན་པོར་གྱུར། ལུང་ཀྲུག(凉州)སྡེ་བཞིར་ཡུན་རིང་བཞུགས་ཏེ་རྒྱ་ཡིག་ལའང་ནང་བྱན་ཆུད་པར་མཛད། དགུང་ལོ་ང་བདུན་བཞེས་པར་ཡོ་ཆེན་རྒྱལ་བོ་ཧོན་ཧྲིའི་ཁྲི་ལོ་གསུམ་པར་(姚秦弘始三年)རྒྱལ་ས་ཁྲང་ཨན(長安)དུ་གདན་དྲངས།
   དེར་ལོ་བཅུ་གསུམ་གྱི་རིང་ལ་རྡོ་རྗེ་གཅོད་པ་སོགས་ཤེར་མདོ་ཆེ་ཆུང་དང་དམ་ཆོས་པད་དཀར༑ དྲི་མེད་གྲགས་པས་བསྟན་པ(《维摩诘经》)སོགས་མདོ་སྡེ་མང་བོ་དང་དབུ་མ་རྩ་ཤེས་ཚིགས་སུ་བཅད་པ་དང་དེའི་འགྲེལ་བ། དབུ་མ་སྒོ་བཅུ་གཉིས་པ། དབུ་མ་ལེའུ་བཅུ། འོད་དཔག་མེད་ཀྱི་ཞིང་མདོ། གང་བོས་ཞུས་པའི་མདོ། དཔང་བཟང་གིས་ཞུས་པའི་མདོ། འཕགས་ པ་འཇམ་དཔལ་གྱིས་ཞུས་པའི་མདོ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཤེར་ཕྱིན་ཆེན་མོ་བམ་པོ་བརྒྱ་བ། མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར། འཕགས་པ་ཨཱརྱ་དེ་ཝའི་རྣམ་ཐར། སློབ་དཔོན་དཔའ་བོའི་རྣམ་ཐར་སོགས་བསྒྱུར་པར་མཛད། ཁྱོན་བསྡོམས་པའི་བཀའ་བསྟན་བམ་པོ་སུམ་བརྒྱ་གྱ་བཞི་བསྒྱུར་ཏེ། མཐར་སྤྱི་ལོ༤༡༣ལོའི་(公元413年)ཧོར་ཟླ་བརྒྱད་པའི་ཉི་ཤུ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའོ། །
    དེབ་འདིའི་དཔར་སྐྲུན་ཕྱོགས་ལ་དགེ་བསྙེན་སྨན་བླས་(曼拉居士)ཡོན་སྦྱར་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུའོ། །
   ཞེས་དཔའ་རིས་བློ་བཟང་རྒྱ་མཚོས་སྤྱི་ལོ་2022ལོའི་ཧོར་ཟླ་བདུན་པའི་ཉེར་དྲུག་ཉིན་བླ་བྲང་དུ་བྲིས།

      རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།