ན་གཞོན་ལོ་ཙཱ་བ་སྒར་བ་འཕྲིན་ལས་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།
ན་གཞོན་ལོ་ཙཱ་བ་སྒར་བ་འཕྲིན་ལས་རྒྱ་མཚོ་ནི། མདོ་སྨད་རྨ་ཆུ་རྫོང་ཚ་གན་བཱེ་ཤིང་དགོན་པའི་གྲྭ་བཙུན་དཀྱུས་མ་ཞིག་ཡིན་ལ། སྔ་གཞུག་ཏུ་གདན་ས་འབྲས་སྤུངས་དང་བླ་བྲང་བཀྲ་ཤིས་འཁྱིལ། མདོ་སྨད་མཐོ་ལས་དགོན། ཀན་སུའུ་ནང་བསྟན་སློབ་གླིང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སོགས་སུ་གཞུང་ཆེན་བཀའ་པོད་ལྔར་སྦྱངས།
བརྩམས་ཆོས་ལ་བོད་རིག་པའི་མཁས་དབང་ཆེན་པོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ལན་དུ་མར་བསྔགས་བརྗོད་འཐོར་བའི་ཐལ་བཟློག་གི་དཀའ་གནད་ལ་དཔྱད་པ་ཟླ་བའི་འཛུམ་ཟེར་༼ འདི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པའི་མཐར་ཕྱིན་དཔྱད་རྩོམ་ཡིན།༽ དང་། དབུ་མ་དགོངས་པ་གསལ་གྱི་བརྗེད་བྱང་སོགས་གཞུང་སྒེར་གྱི་དུས་དེབ་དང་འཕྲིན་སྟེགས་སུ་བཀོད་པ་དང་མ་བཀོད་པའི་དཔྱད་རྩོམ་རིང་ཐུང་གཉིས་བརྒྱར་ཉེ་བ་ཞིག་ཡོད།
༢༠༢༡ལོར་ལོ་ཆེན་བཞག་པ་རིན་པོའི་ཆེས་སྐྱོང་འཁུར་མཛད་པའི་ཏཱ་ཆིན་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་དུ་ལོ་ཙཱ་གསོ་སྐྱོང་གི་འཛིན་གྲྭར་ཞུགས་ཤིང་ཁོང་ཅག་གི་བཀའ་དྲིན་ལ་བསྟེན་ནས། སྡེ་སྣོད་གསུམ་པ་ཡེས་ཅིན་གྱིས་མཛད་པའི་ལྷོ་རྒྱ་མཚོ་ནས་སྤྲིངས་པའི་འཕྲིན་《南海寄归内法传》དང་། སློབ་དཔོན་ཆོས་སྐྱོང་སོགས་ཀྱིས་མཛད་ལ་སྡེ་སྣོད་གསུམ་པ་ཧྱན་ཙང་གིས་རྒྱ་འགྱུར་མཛད་པའི་རྣམ་རིག་ཙམ་དུ་གྲུབ་པའི་བསྟན་བཅོས་《成唯识论》 ༼ འདི་ད་ལྟ་ཞུ་དག་བྱེད་བཞིན་ཡོད།༽ སློབ་དཔོན་མཐིང་མིག་གིས་མཛད་པའི་རྩ་ཤེས་འགྲེལ་བའི་རབ་བྱེད་གསུམ་པ་དང་བཅུ་བདུན་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཞི་ལྷག་ལ་འཇུག་པའི་སྒོ་སོགས་བོད་ཡིག་ཏུ་བསྒྱུར་ཡོད་ལ། ད་ལྟ་སློབ་དཔོན་ཁུས་ཅི་ཡིས་མཛད་པའི་རྣམ་རིག་ཙམ་དུ་གྲུབ་པའི་བསྟན་བཅོས་ཀྱི་བརྗེད་བྱང་ཆེན་མོ་བསྒྱུར་བར་བརྩོན་བཞིན་ཡོད།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn