ན་གཞོན་ལོ་ཙྰ་བ་བདེ་མཆོག་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-14 18:07:50     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20220514180647.jpg

བདེ་མཆོག  གསོ་རིག་འབུམ་རམས་པ། མཚོ་སྔོན་མཚོ་ལྷོ་མང་རྫོང་རབ་རྒན་སྡེ་བར་སྐྱེས། ད་ལྟ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་དགེ་རྒན་གྱི་ལས་ཀ་གཉེར་ཞིང་། མཚོ་སྔོན་ཞིང་ཆེན་ཁུ་ནུ་ཤེས་ཡོན་རྨད་བྱུང་ཅན་ལས་རྩེར་སོན་འཇོན་མི། རབ་རྒན་སློབ་གསོ་ཐེབས་རྩ་མཐུན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོ་མི་རིགས་གསོ་རིག་ལུས་སེམས་གསོ་རིག་ཆེད་ལས་ཚོགས་པའི་ཨུ་ཡོན། མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཨུ་ཡོན། མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཚོགས་སྨན་ངོ་ངོས་འཛིན་ཆེད་ལས་ཚོགས་པའི་དྲུང་ཡིག་ཆེན་མོ། མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཚོགས་གསོ་རིག་བརྡ་ཆད་ཡིག་བསྒྱུར་ཆེད་ལས་ཚོགས་པའི་ཨུ་ཡོན་སོགས་དང་། རིམ་པ་བཞིན་དུ་རྒྱལ་ཁབ་རིམ་པའི་གསོ་རིག་ཚོད་ལྟ་དཔེ་སྟོན་ལྟེ་གནས། རྩ་འཛུགས་པུའུ། ཐོན་ཨུ། གཞུང་ལས་ཁང་། སློབ་མ་དོ་དམ། སློབ་དཔྱོད་ཁང་སོགས་སུ་བྱ་བ་བསྒྲུབས།ལྷག་པར་བོད་ཀྱི་གསོ་རིག་ཆེད་ལས་སློབ་མ་བསྡུ་བའི་ཐད་ལ་ཧུར་ཐག་འབད་ཐག་བྱས་པས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།

༢༠༠༩ལོར་བོད་རིག་པའི་རྒྱུ་ཆ་གཙོ་བོར་ཉར་ཚགས་བྱེད་ཅིང་དཔེ་གཟིགས་དང་བོད་རིག་པར་ཞིབ་འཇུག་བྱེད་པ་དག་གི་ཆེད་དུ་སྤུན་མཆེད་ཚོ་མཉམ་དུ་ཤེས་རབ་གཡང་དཔེ་མཛོད་ཁང་བསྐྲུན། དཔེ་མཛོད་ཁང་དུ་གཞུང་སྒེར་གྱི་དུས་དེབ།  གསུང་འབུམ། དཔེ་ཚོགས། ཚགས་པར་སྣ་ཚོགས། རྒྱ་ཡིག་གི་ནང་བསྟན་དང་རྩོམ་རིག་སོགས་ཀྱི་དཔེ་ཆ་སྤུས་ལེགས། གསོ་རིག བོད་ཀྱི་རིག་གནས་ལོ་རྒྱུས། བོད་དང་འབྲེལ་བའི་བརྙན་རིས། བོད་རིག་པའི་དཔེ་ཁྲིད་ཀྱི་སྒྲ་བརྙན། བོད་དང་འབྲེལ་བའི་གློག་བརྙན་སོགས་ཉར་ཚགས་བྱས་ཤིང་ད་དུང་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་འབད་བཞིན་ཡོད།

སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་པའི་ཞོར་དུ་ཀླུ་ཚང་དགོན་པ་སོགས་སུ་སོང་ནས་ནང་དོན་རིག་པ་གཙོ་བྱས་སྒྲ་རྩིས་སྙན་ངག་སོགས་ལའང་སློབ་སྦྱོང་གང་ལེགས་བྱས། སློབ་འབྲིང་གི་དུས་སུ་དགོད་གཏམ་དང་ཡིག་ཐུང་སོགས་བསྒྱུར་བ་ནས་མགོ་བརྩམས་ཏེ་ཡིག་བསྒྱུར་གྱི་ལམ་ལ་ཞུགས་ཏེ་ལས་མ་ལྷོད་པར་བྱས། ༢༠༠༧ལོར་རཱ་མ་ཎའི་རྟོགས་བརྗོད་དེབ་དང་བོ་ནས་བཞི་བའི་བར་བསྒྱུར་བའི་ལས་ལ་ཞུགས། ༢༠༡༦ལོར་རྒྱ་བོད་བཀའ་བསྟན་གསབ་བསྒྱུར་ལས་གཞི་ལས་ལུང་ཕྲན་ཚེགས་བམ་པོ་ཉེར་དྲུག་པ། སོ་བདུན་པ། ཞེ་དྲུག་པ། ཞེ་བདུན་པ། ལྔ་བཅུ་བ་བཅས་ལས་མདོ་ཕྲན༡༨༦བོད་ཡིག་ཏུ་བསྒྱུར། སྔ་ཕྱིར་དུས་རབས་ཉེར་གཅིག་པའི་མི་ལ་རས་པ་སོགས་(བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར)དང་། མི་ཚེ་གང་བོ་ཆོས་ལ་དད་པས་ཁྱོད་ལ་གནོད་འཚེ་ཅི་ཞིག་བྱུང་སོང་སོགས་ཡི་གེ་རིང་ཐུང་མང་དུ་བསྒྱུར་ཏེ་ད་ལྟ་ཡང་མུ་མཐུད་དུ་བོད་ཀྱི་གསོ་རིག་དང་། བོད་ཀྱི་སེམས་ཁམས་རིག་པ། གསོ་རིག་སློབ་ཁྲིད། རྒྱ་བོད་ལོ་ཙཱ་སོགས་ལ་ཞིབ་འཇུག་དང་འབད་པ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།