ན་གཞོན་ལོ་ཙྰ་བ་དཀོན་མཆོག་རྒྱ་མཚོའི་ངོ་སྤྲོད་མདོར་བསྡུས།
དཀོན་མཆོག་རྒྱ་མཚོ། ༡༩༧༧ལོར་མཚོ་སྔོན་འབའ་རྫོང་ཁ་སྒང་སྡེ་བར་སྐྱེས།
ལོ་བདུན་ནས་སློབ་གྲྭར་འགྲིམ་ཞིང་སློབ་ཆུང་མཐར་ཕྱིན་རྗེས་ལོ་བཅོ་ལྔའི་སྟེང་༧སྐྱབས་རྗེ་ལ་མོ་ཡོངས་འཛིན་རིན་པོ་ཆེ་དྲུང་དུ་རབ་ཏུ་བྱུང་། དེ་ནས་ནང་བསྟན་གྱི་རྨང་གཞིའི་ཤེས་བྱ་དང་ཆོ་ག་ཆོས་སྤྱོད་སོགས་ལ་སྦྱངས།
༡༩༩༥ལོར་མདོ་སྨད་ཀྱི་ཆོས་གྲྭ་ཆེན་མོ་ཀླུ་ཚང་དགོན་དུ་ཆོས་གྲྭ་ཞུགས་ནས་ཚད་མ་དང་ཕར་ཕྱིན་ལ་སྦྱངས་ཏེ། ༢༠༠༤ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག སྔ་རྗེས་སུ་དབུ་མ་དང་། མཛོད། འདུལ་བ། སྔགས་བཅས་ལ་ཐོས་བསམ་མཛད། ཞོར་དུ་སུམ་རྟགས་དང་སྙན་ངག་སོགས་ཐ་སྙད་རིག་གནས་ལའང་སྦྱངས་བརྩོན་བྱས།
༢༠༠༦ལོ་ནས་སྔ་རྗེས་སུ་ཅང་ཞི་ནང་བསྟན་སློབ་གླིང་དང་ཧྲིན་ཀྲིན་པིན་ཧྭོན་སློབ་གླིང་སོགས་སུ་རྒྱའི་སྐད་ཡིག་དང་རྒྱ་བརྒྱུད་ནང་བསྟན་ལ་སྦྱངས། ༢༠༡༢ལོར་རྒྱ་བོད་བཀའ་བསྟན་ཡིག་བསྒྱུར་ཚོགས་པར་ཞུགས་ནས་མདོ་སྡེ་ལུང་སྡེ་བཞི་ལས་ལུང་ཕྲན་ཚེགས་སྐོར་བོད་ཡིག་བསྒྱུར་བཞིན་ཡོད་ལ། ཆོས་ཀྱི་མེ་ལོང་ཡིག་བསྒྱུར་ཚོགས་པར་བོད་ཀྱི་བསྟན་བཅོས་འགའ་རྒྱ་ཡིག་ཏུ་བསྒྱུར་བཞིན་ཡོད། ༢༠༡༤ཟི་ལིང་ཙོང་ཁ་དགོན་དུ་ཚོགས་ཞུགས་མཛད་ནས་དགོན་པའི་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་ཁུར།
༢༠༡༦ལོར་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པའི་འགན་ཁུར་ནས་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རིག་གཞུང་བགྲོ་གླེང་སྐབས་དང་པོ་ནས་སྐབས་དྲུག་པའི་བར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྒྲུབས། པཎ་ཆེན་ཚད་མའི་སློབ་གླིང་དུ་སྔ་རྗེས་སུ་རྒྱལ་ཡོངས་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་སྐབས་བཞི་བ་དང་། ལྔ་བ། དྲུག་པ། བདུན་པ་སོགས་ཀྱི་སློབ་ཁྲིད་དགེ་རྒན་དང་སྐད་བསྒྱུར་བྱས་ཤིང་། རྒྱལ་ཡོངས་ཚད་རིག་འཛིན་སྐྱོང་སློབ་གཉེར་སློབ་དེབ་སྟོད་སྨད་གཉིས་ཡིག་བསྒྱུར་དང་རྩོམ་སྒྲིག་བྱས། རྒྱལ་ནང་གི་སློབ་གྲྭ་ཆེན་མོ་དང་ནང་བསྟན་སློབ་གླིང་སོགས་སུ་ཚད་མ་རིག་པའི་རིག་གཞུང་བརྗེ་རེས་དང་དེར་སྤེལ་བྱེད་བཞིན་ཡོད།
ད་ལྟ་ཀྲུང་གོ་གཏན་ཚིགས་རིག་པ་ཚད་མ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་རིག་གནས་གསོ་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ། སི་ཁྲོན་ཞིང་ཆེན་རྒྱ་བོད་གསུང་རབ་ཡིག་ཚང་སྒྲ་བསྒྱུར་གླིང་གི་ལོ་ཙཱ་བ། པཎ་ཆེན་ཚད་མའི་སློབ་གླིང་གི་གླིང་གཙོ་གཞོན་པ། ཧྥུན་ཧོང་ནང་བསྟན་དྲ་བའི་གསར་འགོད་པ་བཅས་ཀྱི་འགན་ཁུར་བཞིན་ཡོད། ཚད་མ་རིག་པའི་སློབ་དེབ་དམའ་རིམ་དང་མཐོ་རིམ་གྱི་དེབ་སྟོད་སྨད་གཉིས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར། མདོ་སྡེ་ལུང་ཕྲན་ཚེགས་གྱི་བམ་པོ་༡༨ནས༢༤བར་གྱི་མདོ་ཕྲན་༡༡༥ལྷག་བོད་ཡིག་ཏུ་བསྒྱུར་བ་དང་། གཞན《བདག་གི་ཆོས་ལུགས་ལྟ་བ།》དང་《ནང་བསྟན་གྱི་མི་ཚེའི་ལྟ་ཚུལ།》སོགས་རྒྱའི་སྐད་ནས་བོད་ཡིག་ཏུ་བསྒྱུར་ཡོད།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn