བོད་ཀྱི་ལོ་ཙཱ་བ་ཆེན་མོ་དཔའ་རིས་བློ་བཟང་རྒྱ་མཚོ།
བོད་ཀྱི་ན་གཞོན་ལོ་ཙཱ་བ་ཆེན་མོ་དཔའ་རིས་བློ་བཟང་རྒྱ་མཚོ་ལགས་ནི་ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱི་རྗེས་སུ་ནང་བསྟན་རྒྱ་ཡིག་ཏུ་སྒྱུར་བའི་ལོ་ཙཱ་བ་ལས་རྒྱུ་སྐར་གྱི་ཁྲོད་ཀྱི་ཟླ་བ་ལྟ་བུའི་ཆེས་ཕུལ་ཏུ་བྱུང་བའི་ལོ་ཙཱ་བ་ཞིག་ཡིན། ཁོང་ནི་བོད་ཀྱི་བསྟན་པ་རྨ་མེད་པ་རྒྱ་ནག་ཏུ་ངོ་སྤྲོད་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་པ་མ་ཟད། བོད་ཀྱི་ནང་བསྟན་ལོག་པར་སྒྲུབ་པར་སུན་འབྱིན་པའི་སྨྲ་བའི་ཁྱུ་མཆོག་ཅིག་ཀྱང་ཡིན།
སྐད་གཉིས་སྨྲ་བ་ཁོང1965ལོའི་ཟླ12པར་མདོ་སྨད་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཡར་ཀླུང་ཞང་མཛོ་བུར་གོང་མ་ཞེས་པའི་འབྲོག་སྡེར་སྟོབས་ཚང་ཚོ་བའི་ཚོ་དཔོན་གྱི་ཁྱིམ་དུ་ཕ་ཚུལ་ཁྲིམས་དང་མ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་གི་བྱིས་པའི་དུས་ནི་རིག་གསར་གྱི་སྐབས་ཡིན་ལ། ལྷག་པར་དཔའ་རིས་རྫོང་དུ་བོད་ཡིག་དང་བོད་སྐད་བག་ལ་ཉལ་དུ་གྱུར་པའི་སྐབས་ཡིན།
དགུང་ལོ་བརྒྱད་ནས་བཅོ་ལྔའི་བར་དུ་རང་སའི་སློབ་ཆུང་དང་སློབ་འབྲིང་དུ་ཞུགས་ནས་རྒྱ་ཡིག་དང་རྩིས་རིག་ལོ་རྒྱུས་ཡིག་གཟུགས་སོགས་ལ་སྦྱངས། ཁོང་གི་རྣམ་དཔྱོད་དང་བརྩོན་པས་སློབ་སྦྱོང་ལ་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ནའང་ཁོང་གི་ཞིང་བདག་གི་རྒྱུད་པ་ཡིན་པས་སློབ་མ་དག་གིས་ཉིན་བཞིན་དུ་འཐབ་རྩོད་དང་བརྙས་བཅོས་ལོ་གསུམ་ཙམ་ལ་བྱས་པས་སློབ་བཤོལ་མི་བྱེད་ག་མེད་བྱུང་།
དགུང་ལོ་བཅུ་དྲུག་ལོར་སྡེ་བའི་རྟ་རྫི་བྱས་ཤིང་དགུང་ལོ་བཅུ་བདུན་སྟེང་ལུག་རྫི་བྱས། སྐབས་དེར་ཁོང་སློབ་སྦྱོང་བྱེད་པའི་གོ་སྐབས་ཤོར་ནའང་ཕྱུགས་འཚོ་ཞོར་ནུབ་བསྐྱོད་ཟིན་ཐོ་དང་།རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད། ཆུ་ངོགས་གཏམ་རྒྱུད། ཐོག་ཁང་དམར་བའི་རྨི་ལམ་སོགས་རྒྱའི་གནའ་རྩོམ་དག་བཀླགས། ཁོང་གིས་དེ་ལྟར་རྒྱའི་གནའ་ཡིག་ལ་བྱང་ཆ་བྱུང་བར་མ་ཟད། གནའ་དེང་གི་སྙན་ངག་མང་བོ་བློར་ཤར་མར་བཟུང་།
ལོ་བཅུ་དགུའི་སྟེང་ཕ་རྒན་གྱིས་ཁོང་ལ་རབ་ཏུ་བྱུང་བར་བསྐུལ་བ་ལས། ཁོང་གིས་ཀྱང་རབ་ཏུ་བྱུང་ནས་དོན་ཆེན་པོ་ཞིག་བསྒྲུབ་དགོས་སྙམ་ནས། ཕ་དགེ་རྒན་ལ་བསྟེན་ནས་ཀ་ཁ་སུམ་ཅུ་ལ་སྦྱངས་ནས་བྱང་བར་བཟུང་། ཡིན་ནའང་སྐབས་དེར་ཁོང་ནི་ངལ་རྩོལ་པ་ཞིག་ཡིན་པས་རོང་འབྲོག་འདྲེས་མའི་ལས་ཀར་ཞུགས།
1984ལོའི་ཟླ་དགུ་བར་དགུང་ལོ་ཉི་ཤུའི་སྟེང་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་ཆོས་མཆོག་གི་ཞལ་སྔ་ནས་ནས་ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་མཚན་ལ་བློ་བཟང་ནོར་བུ་ཞེས་གསོལ། ཕྱིར་དཔའ་རིས་ཇག་རུང་དགོན་ཆེན་དུ་ཕེབས་ནས་སློབ་དཔོན་གྲགས་པ་ལས་བོད་ཡིག་བསླབས་ཏེ་སྨོན་ལམ་རྣམ་ལྔ་དང་། སྐྱབས་འགྲོ།ལྟུང་བཤགས། སྤྱི་བཤགས། བླ་མ་མཆོད་པ། སྨན་ཐུང་། སྐུ་རིམ་རྣམ་གསུམ་བཅས་བློར་བཟུང་།
1985ལོའི་ལོ་སྨད་དུ་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་རྒྱུགས་སྤྲད་དེ། བོད་སྐད་དང་བོད་ཡིག་ལ་བརྩོན་པ་བསྟེན། རྟག་གུས་ཀྱི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་མངོན་རྟོགས་རྒྱན་དང་། དབུ་མ་འཇུག་པ། བསྡུས་གྲྭ། སྔགས་ཆེན་ལམ་རིམ། བྱང་ཆུབ་ལམ་གྱི་སྒྲོན་མ། སུམ་རྟགས་སོགས་ཐ་སྙད་རིག་གནས་ཀྱི་གཞུང་མང་བོ་ཐུགས་འཛིན་གནང་།
ལོ་ངོ་ལྔའི་རིང་ལ་སློབ་གྲྭ་འདིར་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ། དམུ་དགེ་བསམ་གཏན་སོགས་སློབ་དཔོན་བཅུ་ཕྲག་གཅིག་ཙམ་བསྟེན་ཏེ་བོད་ཀྱི་བརྡ་སྤྲོད་པ་སུམ་རྟགས་དག་གསུམ་དང་། དབྱངས་ཅན་སྒྲ་མདོ། རྩིས། ལཉྩའི་འབྲི་སྟངས། ས་དཔྱད། བསྡུས་གྲྭ། བློ་རྟགས།ས་ལམ་གྲུབ་མཐའ། སྤྱོད་འཇུག་ཆེན་མོ། མི་ལ་རས་པའི་རྣམ་མགུར། ལམ་རིམ་ཆེན་མོ་སོགས་ལ་སྦྱངས་པ་གནད་སྨིན་མཛད། ཞོར་དུ་རྒྱ་ཡིག་གི་དགེ་རྒན་ཁ་ཤས་བསྟེན་ཏེ་རྒྱ་ཡིག་ལའང་རང་རྐྱ་འཕེར་བ་སྦྱངས།
1990ལོར་ནང་བསྟན་སློབ་གླིང་ནས་མཐར་ཕྱིན་རྗེས་ཀུན་མཁྱེན་རིན་པོ་ཆེས་ཆེད་དུ་ཁོང་ཉིད་ཀན་སུའུ་ནང་བསྟན་སློབ་གླིང་གི་རྒྱ་ཡིག་གི་དགེ་རྒན་ལ་བསྐོས་ཏེ་སློབ་མ་གང་མང་བསྐྱངས། དེའི་ཞོར་ལ་བླ་བྲང་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་ཚང་། རྗེ་རྔ་བ་གྲགས་པ་ཚང་དང་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་སོགས་ཚུལ་བཞིན་དུ་བསྟེན་ནས་དབུ་ཕར།མཛོད་འདུལ། སྔགས་ཀྱི་ས་ལམ། སྔགས་ཀྱི་སྤྱི་དོན་སོགས་མདོ་སྔགས་རིག་གནས་དང་བཅས་པར་སློབ་སྦྱོང་རྡོ་རུས་ཐུག་པ་གནང་།དབང་ལུང་མན་ངག་སོགས་གང་འདོད་དུ་གསན།
1995ལོའི་ལོ་མཇུག་ནས་སྐྱེས་བུ་དམ་པ་མང་བོའི་ཐུགས་དགོངས་བཞིན་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ལ་དགོངས་ཞུ་གནང་ནས།དམ་པའི་ཆོས་དང་ཁྱད་པར་དཔལ་རི་བོ་དགེ་ལྡན་པའི་བསྟན་པ་རྒྱ་ནག་ཏུ་སྤེལ་བའི་ཆེད་དུ་ལོ་ཙཱ་བའི་ལས་ལ་ཞུགས། ཆོས་དང་རིག་གཞུང་གང་མང་ཞིག་མི་རིགས་གཞན་པར་ངོ་སྤྲོད་ལྷད་མ་འདྲེས་ཤིང་རྣམ་པར་དག་པ་སྤེལ་བ་ལས་བརྫུན་མ་དང་ལྷད་མ་དག་སྤེལ་ན་ཉེན་ཁ་ཆེ་བས་ཁོང་གིས་བོད་ཀྱི་བསྟན་པ་རྣམ་པར་དག་པ་ཞིག་གཞན་ལ་ངོ་སྤྲོད་བྱེད་པའི་ཆེད་དུ་རྒྱལ་ཁབ་ཀྱི་ཟླ་ཕོགས་དང་ཐོབ་ཐང་སོགས་ཡོད་ཚད་བློས་བཏང་།
དེ་ནས་བཟུང་ཁོང་གིས་ཡིག་སྒྱུར་གྱི་ལས་ལ་གཞོལ། ཁོང་གི་ཡིག་སྒྱུར་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་སྔོན་གྱི་ལོ་ཙཱ་བའི་སྲོལ་བཞིན་གཞུང་གང་བསྒྱུར་ནའང་ཐོག་མར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་རྗེ་དགེ་འདུན་རྒྱ་མཚོ་སོགས་ཀྱི་མདུན་དུ་དཔེ་ཁྲིད་སོང་ནས་བྱང་ཆུབ་པར་བྱས་རྗེས་བསྒྱུར་ཅིང་། ལྷག་པར་ཚིག་གི་གཅོད་མཚམས་དང་དོན་གྱི་གོ་བའི་ཐད་དོགས་པ་བྱུང་དུས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དག་ལ་དངོས་སུ་འདྲི་གཏུགས་ཀྱི་དོགས་གཅོད་བྱས་པས་ཁོང་གི་འགྱུར་ཡིག་དག་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་མངོན་པར་གསལ།
ཁོང་གིས་《ཡོན་ཏན་གཞི་གྱུར་མའི་རྩ་འགྲེལ》བསྒྱུར་བ་ནས་ད་ལྟའི་བར་དུ་《ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ》《བྱང་ཆུབ་ལམ་རིམ་ཆེན་མོའི་མཆན་དང་བཅས་པ》སོགས་ཡིག་འབྲུ་ཁྲི་བཞི་བརྒྱ་ལྷག་རྒྱ་ཡིག་ཏུ་བསྒྱུར། ད་ལྟ་ཁོང་ནི་གཞུང་གང་བསྒྱུར་ནའང་དཔྱད་ཡིག་ཅི་ཡང་མེད་པར་ཤར་མར་བསྒྱུར་བས་རྒྱ་བོད་མཁས་པ་སུས་ཀྱང་ཧ་མི་ལས་ག་མེད་ཆགས་ཡོད། ཁོང་གིས་བདག་གིས་ཐོག་མར་བསྒྱུར་དུས་དག་ཡིག་ལ་བརྟེན་དགོས་མོད། ད་ལྟ་དག་ཡིག་ལ་བརྟེན་མི་དགོས་གསུངས།
ཁོང་ནི་རྒྱ་བོད་ཡིག་སྒྱུར་གྱི་ལོ་ཙཱ་ཁྲོད་དུ་བྱས་རྗེས་མངོན་པར་མཐོ་བའི་ལོ་ཙཱ་བ་ཞིག་ཡིན་པ་མ་ཟད། རྒྱ་བོད་ནང་བསྟན་ཤེས་རིག་བརྗེ་རེས་ཐད་ཕྱག་རྗེས་བླ་ན་མཐོ་བ་ཞིག་ཀྱང་ཡིན་པ་མ་ཟད། དཔལ་རི་བོ་དགེ་ལུགས་པའི་བསྟན་པ་གྲ་མ་ཉམས་ཤིང་གྲུ་མ་ཆག་པར་རྒྱ་ནག་ལ་སྤེལ་བའི་བྱས་རྗེས་ཤིན་ཏུ་ཆེ་བ་ཞིག་ཡིན།
ཁོང་གིས་བསྒྱུར་བའི་ལམ་རིམ་གྱི་སྐོར་ནི་རྒྱ་ནག་པ་དག་གིས་དཔལ་ཉམས་མེད་དགེ་ལུགས་པའི་སློབ་རྟེན་ཉག་གཅིག་ཏུ་གྱུར་ཅིང་ཆོས་སྤྱོད་ཀྱི་རིགས་ནི་ད་ལྟ་རྒྱ་ནག་གི་རི་བོ་དགེ་ལྡན་པ་དག་གིས་མེད་དུ་མི་རུང་བའི་ཆོས་སྤྱོད་དུ་གྱུར་ཡོད།
ལྷག་པར་རྒྱ་བོད་ཀྱི་ནང་བསྟན་པ་སྐོར་ཞིག་གིས་བོད་བརྒྱུད་ནང་བསྟན་དང་ཁྱད་པར་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་ལྟ་སྒོམ་སྤྱོད་གསུམ་ལ་ལོག་འགྲེལ་བྱས་པ་ལ་ཁོང་གིས1993ལོའི《ཀོང་ཏུང་ནང་བསྟན》དེབ་གཉིས་པའི་སྟེང《ཀྲོ་ལུའུའི་བོད་བརྒྱུད་ནང་བསྟན་གྱི་མ་ཎི་ཡིག་དྲུག་ལ་དཔྱད་པ་ཞེས་པའི་དགག་ལན》དང་། 1995ལོའི《ཀྲུང་གོའི་མཐའ་སྲིད》ཐེ་ཝན་གྱི་དུས་དེབ་དེབ་དང་བོའི་སྟེང་《ཡང་དག་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་མཚམས་སྦྱོར་བྱ་དགོས། ཆོས་དཔོན་ཧྲིན་ཡན་དང་བགྲོ་གླེང》 1994ལོའི《ནང་བསྟན་ཤེས་བྱ》དེབ་བཞི་བའི་སྟེང་《སླར་ཡང་བླ་མའི་ཆོས་ལུགས་ཞེས་པའི་མིང་ལ་དཔྱད་པ-ཝང་དབྱིན་ནན་ཅོ་ཧྲིག་དང་བགྲོ་གླེང》ཞེས་པའི་དགག་ཡིག་བྲིས་ཏེ་རྒྱའི་དུས་དེབ་ཁག་དང་དྲ་བ་དག་ཏུ་བརྒྱུད་འགོད་བྱས་ཤིང་། ཁྱད་པར་ཐད་ཀར་དགག་ཡིག་སྐུར་བ། བགྲོ་གླེང་སོགས་སུ་ཚིག་རྣོ་བས་དགག་པ་བརྒྱབས་ཏེ་སུན་འབྱིན་་བྱས་པས་བོད་བརྒྱུད་ནང་བསྟན་ཡང་དག་པར་ངོས་འཛིན་པ་ལ་མཛད་རྗེས་མི་དམན་པ་བཞག
རྒྱ་ནག་ལ་བསྟན་པ་སྤེལ་བའི་ཞོར་དུ་བོད་ཀྱི་སློབ་མའང་མང་དུ་བསྐྱངས་ཏེ་དཔེར་ན་ནང་བསྟན་སློབ་གྲྭར་བཞུགས་དུས་བློ་གསལ་འཇུག་ངོགས་ཚར་དྲུག་དང་དག་ཡིག་མཁས་པ་དགའ་བསྐྱེད་སོགས།མདོ་སྨད་ཞིབ་འཇུག་ཁང་དུའང་བཞུགས་དུས་ཀྱང་ཕྱོགས་སོ་སོའི་དོན་གཉེར་ཅན་དག་ལ་བློ་གསལ་འཇུག་ངོགས་དྲུག་བཅས་བསྡོམས་པའི་ཚར་བཅུ་གཉིས་ཁྲིད།བླ་བྲང་དགོན་པའི་སློབ་གཉེར་བ་སྐོར་ཞིག་ལ་ལོ་ཙཱའི་སྐོར་གྱི་སློབ་ཁྲིད་གནང་།
ཁོང་གི་མི་ཚེ་ནི་དཔལ་རི་བོ་དགེ་ལུགས་པའི་བསྟན་པའི་ཡིག་བསྒྱུར་གྱི་ཆེད་དུ་བཏང་ཞིང་། དགེ་བའི་བཤེས་གཉེན་དག་གིས་ཁོང་ལ་གཞུང་གང་ཞིག་རྒྱ་ཡིག་ཏུ་བསྒྱུར་དགོས་པ་བཀའ་གནང་མ་ཐག་ཏུ་ཁོང་གིས་དེ་མུར་སྙུ་གུ་ཐོགས་ནས་ཡིག་སྒྱུར་ལ་གཞོལ།
དེ་ལྟར་ཁོང་གིས་ནང་བསྟན་གྱི་ཡིག་བསྒྱུར་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱ་ནག་ཏུ་སྤེལ་བའི་མཛད་པ་་སུས་མཐོང་ནའང་ཧ་མི་ལས་ག་མེད་དེ། སྙིགས་མའི་བསྟན་པའི་བདག་པོ་ལ་མོ་ཡོངས་འཛིན་མཆོག་གི་ཞལ་སྔ་ནས་ཁོང་ལ། བསྟན་པ་འཛིན་ན་ཁྱོད་ཀྱིས་འདི་ལྟར་བསྟན་པ་འཛིན་དགོས་ཞེས་བསྔགས་པ་བརྗོད་ཅིང་། རྗེ་འཇམ་དབྱངས་རྒྱ་མཚོ་ཚང་གིས་ཆེད་དུ་ཁོང་ལ་སྤྱོད་འཇུག་ཆེན་མོ་བསྒྱུར་དུ་བཅུག་ཅིང་། རྗེས་སུ་ཁོང་ལ་ཁྱོད་ཀྱིས་བསྒྱུར་བ་འདིས་སྐྱེས་བུ་མང་བོ་ལ་ཕན་པ་ཐོགས་སོང་ཞེས་བསྔགས་པ་བརྗོད། ཁྱོད་ཀྱིས་རྒྱུན་དུ་རྒྱ་མི་རྣམས་ལ་དཔེ་ཁྲིད་བྱོས་གསུངས། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་གིས་གཞན་གྱིས་ཅི་བཤད་ན་ཆོག ཁྱོད་ཀྱིས་རྒྱ་ནག་པ་རྣམས་ལ་དཔེ་ཁྲིད་བྱོས། རྒྱ་མི་རྣམས་ལ་ལམ་རིམ་གྱི་སྐྱེས་བུ་ཆུང་འབྲིང་རྣམས་དཔེ་ཁྲིད་བྱ་རྒྱུ་གལ་ཆེ། དེང་སང་རྒྱ་རྣམས་སྒོམ་ལོག་པར་སོང་ཡོད་པས་ངེས་པར་ལམ་རིམ་ཆེན་མོ་ལས་ཞི་གནས་ངེས་པར་རྒྱ་ཡིག་ལ་བསྒྱུར་དགོས། ཞེས་ཁ་བཏགས་བཅས་གནང་།ཧྭར་བ་འཇམ་དབྱངས་བློ་གྲོས་ཀྱིས་ཁོང་ལ་ཆེད་དུ་དངུལ་ཆུའི་གསུང་འབུམ་དང་ནང་བསྟན་ཚིག་མཛོད་ཆེན་མོ་སོགས་གནང་ནས་གཟེངས་བསྟོད་གནང་། དེ་བཞིན་རྗེ་དགེ་འདུན་རྒྱ་མཚོ་ཚང་།རྗེ་བློ་བཟང་རྒྱ་མཚོ། བོད་ཀྱི་མཁས་པ་ཆེན་མོ་ཨ་ལག་ཤ་མཁན་པོ་སོགས་ཀྱིས་ཁོང་གི་མཛད་རྗེས་ལ་བསྔགས་པར་ཡང་ཡང་བརྗོད།
ཁོང་གིས་རྩོམ་ཡིག་གང་ཞིག་ལྗགས་རྩོམ་གནང་ནའང་བརྗོད་བྱ་གནད་འདུས་ཤིང་ཞིབ་ཆ་ཐོན་པ། ཁ་གསལ་ཞིང་གོ་སླ་བ།བརྗོད་བདེ་ཞིང་ཉན་སྤྲོ་བར་མ་ཟད།གསལ་བྱེད་ཀྱི་དཔེ་དང་། རྒྱབ་རྟེན་གྱི་ལུང་། སྒྲུབ་བྱེད་ཀྱི་རིགས་པ། ཤེས་བྱེད་ཀྱི་ཁུངས་དང་ལྡན་པ་སོགས་ཁྱད་ཆོས་མངོན་པར་གསལ། ཁོང་གིས་དུས་ཚོད་སྐར་མ་གང་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་ནང་བསྟན་ཡིག་བསྒྱུར་ལ་བརྩོན་པ་མ་ཟད། དེ་ལས་གཞན་པའི་དུས་ཚོད་དག་གཞན་ལ་ལོ་ཙཱ་དང་ནང་བསྟན་གྱི་སློབ་ཁྲིད་ལ་གཞོལ་བར་མཛད།
ཁོང་གིས་སྔ་གཞུག་ཏུ་པེ་ཅིན་དང་ལན་ཀྲོའུ། ནང་སོག ཞིན་ཅང་། ཧྲང་ཧེ། ཧྲིན་ཀྲིན། ཀོང་ཏུང་། ཧྥུ་ཅན། ལེའོ་ཉིན། ཉིན་ཞ། ཧི་ནན། ཧི་པེ། བིན་ཀྲིག ཀྲེ་ཅང་། ནན་ཅིན། ཁྲིན་ཏུའུ་སོགས་སུ་ཕེབས་ནས་སློབ་གྲྭ་ཆེན་མོ་ཁག་ལ་རྒྱ་བོད་སྐད་རིས་མེད་ཀྱི་ཐོག་ནས་སློབ་ཁྲིད་གནང་ནས་སློབ་མ་བགྲང་ལས་འདས་པ་བསྐྱངས། འདོད་ཆུང་ཆོག་ཤེས་དང་འགྲོགས་བདེ་གཤིས་བདེ་བཅས་ཆོས་འདུལ་བའི་ཉམས་ལེན་ལ་བརྩོན་པར་མཛད་པ་ལས་རང་བསྟོད་དང་འུར་སྒྲོག་གི་ལས་ལའང་འཇུག་པར་གཏན་ནས་མི་སྤྲོ། དཔེར་ན་ཁོང་གི་འགྱུར་དག་ཏུའང་། ལོ་ཆུང་དཔའ་རིས་པ་བློ་བཟང་རྒྱ་མཚོ་ཞེས་ཁེངས་སྐྱུང་གནང་བཞིན་ཡོད། ལྷག་པར་ཁོང་གིས་སློབ་མའི་དབུལ་ཕྱུག་ལ་མི་བལྟ་བར་སློབ་མའི་ཤེས་རྒྱུད་ལ་ཕན་འདོགས་པ་གཙོ་བོར་མཛད་པའི་རྣམ་ཐར་ནི་མཆོག་དམན་ཀུན་གྱིས་ངེས་པར་རྗེས་སུ་ཡི་རང་མཛད་དགོས་པ་ཞིག་གོ།
ད་ལྟ་ཁོང་གིས་བོད་ཀྱི་ཆོ་ག་དག་རྒྱ་ཡིག་ཏུ་སྒྱུར་གྱིན་རྒྱའི་བསྟན་བཅོས་དག་ལ་ཆེས་ཕུལ་དུ་བྱུང་བ་དག་བོད་ཡིག་ཏུ་སྒྱུར་ཅིང་། རྒྱ་བོད་ཀྱི་སྐལ་ལྡན་དག་ལ་དམ་པའི་ཆོས་དང་བོད་ཀྱི་རིག་གནས་ཀྱི་སྐྱོང་བཞིན་བཞུགས་སོ།།
མདོར་ན་ཁོང་ནི་ཤེས་རྒྱུད་ཞི་ཞིང་དུལ་བའི་མཁས་པ་ཞིག་ཡིན་པ་མ་ཟད། ཡིག་རིགས་དུ་མར་དབང་དུ་འབྱོར་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཀྱང་ཡིན། ཁོང་ནི་བསྟན་པ་དང་འགྲོ་བའི་ཕན་བདེ་ཁུར་དུ་འཁྱེར་བའི་དམ་པ་ཞིག་ཡིན་པ་མ་ཟད། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པ་མ་ཧཱ་ཙི་ནའི་ཡུལ་དུ་སྤེལ་བའི་སྐྱེས་བུ་ཞིག་ཀྱང་ཡིན་པ་དེ་རེད།
དང་བོ། དཔའ་རིས་བློ་བཟང་རྒྱ་མཚོའི་ལྗགས་རྩོམ་དང་བསྒྱུར་རྩོམ་གྱི་དཀར་ཆག
༡དཔའ་རིས་བློ་བཟང་རྒྱ་མཚོའི་རྒྱ་ཡིག་གི་དཔྱད་རྩོམ།
《ཡང་ལུང་དགོན་པའི་ལོ་རྒྱུས》 1992ལོའི《ཀོང་ཏུང་ནང་བསྟན》མུ་འགོད་བྱས་སྤེལ།
《ཆུ་བཟང་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས》
《ཀྲོ་ལུའུའི་བོད་བརྒྱུད་ནང་བསྟན་གྱི་མ་ཎི་ཡིག་དྲུག་ལ་དཔྱད་པ་ཞེས་པའི་དགག་ལན་》 1993ལོའི《ཀོང་ཏུང་ནང་བསྟན》དེབ་གཉིས་པའི་སྟེང་སྤེལ།
《ཡང་དག་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་མཚམས་སྦྱོར་བྱ་དགོས། ཆོས་དཔོན་ཧྲིན་ཡན་དང་བགྲོ་གླེང》 1995ལོའི《ཀྲུང་གོའི་མཐའ་སྲིད》ཐེ་བན་གྱི་དུས་དེབ་དེབ་དང་བོའི་སྟེང་སྤེལ།
《སླར་ཡང་བླ་མའི་ཆོས་ལུགས་ཞེས་པའི་མིང་ལ་དཔྱད་པ-ཝང་དབྱིན་ནན་ཅོ་ཧྲིག་དང་བགྲོ་གླེང》 1994ལོའི《ནང་བསྟན་ཤེས་བྱ》དེབ་བཞི་བའི་སྟེང་སྤེལ།
《བོད་བརྒྱུད་ནང་བསྟན་གསུང་རབ་བསྒྱུར་ཚུལ་ལེགས་ཉེས་སྐོར་གྱི་གནད་དོན་འགའ་ལ་དཔྱད་པ》 1994ལོའི《ཆོས་དབྱངས》དེབ་བཞི་བའི་སྟེང་སྤེལ།
《ཡོན་ཏན་གཞི་གྱུར་མའི་རྩ་འགྲེལ》 1997ལོའི《ནང་བསྟན་གསར་འགྱུར》ཚགས་པར་དང་བོའི་སྟེང་སྤེལ།
《དགེ་ལུགས་པའི་གཞུང་བཀའ་པོད་ལྔའི་འཆད་ཉན་དར་ཚུལ་དང་དེའི་ཁྱད་ཆོས་གླེང་བ》 1995ལོའི《ཞང་ཀང་ནང་བསྟན》ཚགས་པར་གསུམ་པའི་སྟེང་སྤེལ།
༡དཔའ་རིས་བློ་བཟང་རྒྱ་མཚོའི་བོད་ཡིག་གི་དཔྱད་རྩོམ།
《འགྲོ་མགོན་འཕགས་པས་སོག་ཡིག་གསར་གཏོད་མཛད་པའི་བརྒྱུད་རིམ་རགས་ཙམ་གླེང་བ》 1993ལོའི《རྩེར་སྙེག》དེབ་དང་བོའི་སྟེང་སྤེལ།
《མཁས་དབང་དཔའ་རིས་བློ་བཟང་རབ་གསལ་མཆོག་གི་མཛད་རྣམ་མདོར་བསྡུས》 1989ལོའི《བོད་ལྗོངས་ནང་བསྟན》དེབ་གཉིས་པའི་སྟེང་སྤེལ།
《བོད་བརྒྱུད་ནང་བསྟན་གསུང་རབ་བསྒྱུར་ཚུལ་ལེགས་ཉེས་སྐོར་གྱི་གནད་དོན་འགའ་ལ་དཔྱད་པ》《རྩེར་སྙེག》དུ་སྤེལ།
《དཔའ་རིས་ཡར་ཀླུང་དགོན་གྱི་གདན་རབས་བྱུང་ཚུལ》 1995ལོའི《མདོ་སྔགས》དེབ་དང་བོའི་སྟེང་སྤེལ།
གསུམ་པ། དཔའ་རིས་བློ་བཟང་རྒྱ་མཚོའི་བོད་འགྱུར་མའི་དཀར་ཆག
《རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་སྲས་ཀྱི་ཐུ་བོ་རྗེ་བཙུན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་དོགས་གནས་འགའ་ལ་རགས་ཙམ་དཔྱད་པ》 1995ལོའི《བོད་ལྗོངས་ཞིབ་འཇུག》 དེབ་དང་བོའི་སྟེང་སྤེལ།
《དཔའ་རིས་མི་གྲངས་འཕེལ་རིམ་ལ་དཔྱད་པ》དཔའ་རིས་དོན་གྲུབ་ཀྱིས་བརྩམས། 《མདོ་སྨད་ཞིབ་འཇུག》སྟེང་སྤེལ།
《བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ལོ་ཙཱའི་སྐོར་གྱི་གནད་དོན་འགའ་ཞིག་ལ་དཔྱད་པ》《རྩེར་སྙེག》དུ་སྤེལ།
《ཨ་ལག་ཤ་མཁན་པོ་སྐུ་ཕྲེང་དྲུག་གི་འཁྲུངས་རབས་མདོར་བསྡུས》 1991ལོའི《སྦྲང་ཆར》དེབ་དང་བོའི་སྟེང་དུ་སྤེལ་ཅིང་སོག་ཡིག་ཏུ་བསྒྱུར་ནས་སོག་ཡིག་གི་དུས་དེབ་ཅིག་གི་སྤེལ།
གསུམ་པ། དཔའ་རིས་བློ་བཟང་རྒྱ་མཚོའི་རྒྱ་འགྱུར་མའི་དཀར་ཆག
《ཡོན་ཏན་གཞི་གྱུར་མའི་རྩ་འགྲེལ》རྗེ་ཤེས་རབ་རྒྱ་མཚོ།
《ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ》ཞང་སྟོན་བསྟན་པ་རྒྱ་མཚོ།
《ལམ་གཙོ་རྣམ་གསུམ》རྗེ་ཙོང་ཁ་བ།
《ལམ་གཙོ་རྣམ་གསུམ་གྱི་འགྲེལ་བ》ཞང་སྟོན་བསྟན་པ་རྒྱ་མཚོས་བརྩམས།
《དམིགས་བརྩེ་མའི་འགྲེལ་བ》ཅོ་ནེའི་གྲགས་པ་བཤད་སྒྲུབ།
《སྤྱོད་འཇུག་ཆེན་མོའི་རྩ་བ》ཞི་བ་ལྷ།
《སྤྱོད་འཇུག་ཆེན་མོའི་འགྲེལ་བ》རྗེ་འཇམ་དབྱངས་རྒྱ་མཚོ།
《སྟག་ཚང་ལོ་ཙཱ་བའི་འགྱོད་ཚངས་སྙན་ངག》སྟག་ཚང་ལོ་ཙཱ་བ།
《བློ་སྦྱོང་ཚིགས་བརྒྱད་མ་》གླང་རུ་ཐང་བ།
《བློ་སྦྱོང་ཚིགས་བརྒྱད་མའི་འགྲེལ་བ》 ཁྲི་རྒྱལ་མཚན་སེང་གེ
《འཇམ་དཔལ་མཚན་བརྗོད》
《འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ》ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
《བསྟོད་སྤྲིན་རྒྱ་མཚོ་དང་དེའི་འགྲེལ་བ》རྗེ་ཙོང་ཁ་བ།
《བསྟོད་སྤྲིན་རྒྱ་མཚོའི་འགྲེལ་བ》ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
《ཤེས་རབ་སྙིང་བོའི་འགྲེལ་བ》ཅོ་ནེའི་གྲགས་པ་བཤད་སྒྲུབ།
《བཟང་སྤྱོད་འགྲེལ་བ》རང་ཉིད་ཀྱིས་བརྩམས།
《དགེ་བསྙེན་གྱི་འབོགས་ཆོག》
《བསྙེན་གནས་ཡན་ལག་བརྒྱད་པའི་འབོགས་ཆོག》
《རྗེས་གནང་གི་སྐོར》
《གྲུབ་མཐའ་རིན་ཕྲེང》ཀུན་མཁྱེན་འཇིགས་མེད་དབང་བོ།
《བསྟན་པའི་སྒྲོན་མེའི་སྐྱབས་ཁྲིད》གུང་ཐང་བསྟན་པའི་སྒྲོན་མེ།
《དབལ་མང་སྐྱབས་ཁྲིད》དབལ་མང་དཀོན་མཆོག་རྒྱལ་མཚན།
《ལམ་རིམ་བདེ་ལམ》པཎ་ཆེན་སྐུ་ཕྲེང་བཞི་བ།
《འཇམ་དཔལ་ཞལ་ལུང》ཀུན་མཁྱེན་འཇམ་དབྱངས་བཞད་པ།
《བྱང་ཆུབ་ལམ་རིམ་ཆེན་མོའི་མཆན་དང་བཅས་པ》རྗེ་ཙོང་ཁ་བ་སོགས།
《བྱང་ཆུབ་ལམ་རིམ་ཆེན་མོ》རྗེ་ཙོང་ཁ་བ།
《ཆོ་འཕྲུལ་ཆེན་མོའི་རྟོགས་བརྗོད་པད་དཀར་ཕྲེང་བ》དཔའ་རིས་བློ་བཟང་རབ་གསལ་གྱིས་བརྩམས།
ལོ་རྒྱུས་ཀྱི་སྐོར།
《རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར》ལྷ་བཙུན་ངག་དབང་རྡོ་རྗེས་བརྩམས།
《བདེ་ཐང་ཞབས་དྲུང་གི་རྣམ་ཐར》
ཆོ་གའི་སྐོར།
《སྐྱབས་འགྲོ》
《ལྟུང་བཤགས》
《ཤེས་རབ་སྙིང་བོ》
《སྒྲོལ་དཀར་བསྟོད་པ》
《སྤྱན་འདྲེན་ཁྲུས་གསོལ》
《འཇིགས་བྱེད་དཔའ་བོ་གཅིག་པའི་ཆོ་ག》
《རྣམ་རྒྱལ་མའི་སྟོང་མཆོད》
《སྒྲོལ་མའི་མནྚལ་བཞི་བ།》
《མནྚལ་སོ་བདུན་མ།》
《ཐུགས་རྗེ་ཆེན་པོའི་གཟུངས་རིང་དང་པོ་བསྟོད།》
《ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས》
《ཟ་བྱེད་མཁའ་འགྲོ་སྦྱིན་སྲེག》
《གསང་འདུས་ཆོ་ག་བསྡུས་པ》རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ།
《འཇིགས་བྱེད་ཆོ་ག་བསྡུས་པ》རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ།
《བདེ་མཆོག་ཆོ་ག་བསྡུས་པ》རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ།
《འཇིགས་བྱེད་བསྙེན་ཡིག་དང་སྦྱིན་སྲེག》
《འཇིགས་བྱེད་དཔའ་བོ་གཅིག་པའི་ཞི་བའི་སྦྱིན་སྲེག》
《དཀྱིལ་འཁོར་གྱི་བློས་སློང་དང་ཐིག་རྩ》
《གཏོར་མ་བརྒྱ་རྩ》
《སྡེ་བརྒྱད་ཁ་བསྒྱུར་དང་བསང་མཆོད》
《གནས་ཆུང་རྒྱལ་བོའི་བསྐང་བསྟོད》
《ཚེ་རིང་མཆེད་ལྔའི་བསྐང་གསོལ》
《ཚེ་རིང་མཆེད་ལྔའི་གསོལ་མཆོད》
《འཇིགས་བྱེད་ཀྱི་སྦྱངས་ཆོག་དང་ལྷོ་སྒོའི་ཆོ་ག》
《རྗེ་བཙུན་ན་རོ་མཁའ་སྤྱོད་མའི་ཉམས་སུ་ལེན་པའི་ཆོ་ག》 ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།
《རབ་གནས་ཀྱི་ཆོ་ག》
《ཨརྒྷའི་ཆོ་ག》
《ཤེར་སྙིང་བདུད་བཟློག》
《བེ་ཧར་རྒྱལ་བོའི་གསོལ་མཆོད》
《སྨན་བླའི་མདོ་ཆོག》
《བཀྲ་ཤིས་བརྩེགས་པ》
《ལེགས་བྲིས་མ》རྒྱལ་བ་དགེ་འདུན་གྲུབ།
《སྒྲོལ་མ་ཉེར་གཅིག་གི་བསྟོད་པ》
《ཤམ་བྷ་ལའི་སྨོན་ལམ》
《དུས་འཁོར་སྨོན་ལམ》
《དུས་འཁོར་ཆོ་ག》པཎ་ཆེན་དཔལ་ལྡན་ཡེ་ཤེས།
《འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ》རྗེ་ཙོང་ཁ་བ།
《དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་མ》རྗེ་ཙོང་ཁ་བ།
《རྡོར་སེམས་སྒོམ་བཟླས》
《རྗེའི་སྟོང་མཆོད་ཆེན་མོ》
《ཚ་གསུར》
《གསེར་སྐྱེམས》
《དཔལ་ལྡན་ལྷ་མོའི་ཚོགས་འཁོར》
《མགོན་ཆོས་ལྔའི་བསྟོད་པ》
《སྤྲིན་རིང་རྒྱལ་བོའི་གསེར་སྐྱེམས》ཨཀྱཱ་ཧོ་ཐོག་ཐུ།
《སྤྲིན་རིང་རྒྱལ་བོའི་བསང་མཆོད》པཎ་ཆེན་དཔལ་ལྡན་ཡེ་ཤེས།
《སྤྲིན་རིང་རྒྱལ་བོའི་བསྟོད་པ》ཐུའུ་བཀྭན་ཆོས་ཀྱི་ཉི་མ།
《བ་རིའི་བརྒྱ་རྩ》
《མུ་ཏྲ་བརྒྱ་རྩ》
《སྐབས་གསུམ་པ》རྗེ་ཙོང་ཁ་བ་ཆེན་པོ།
《དཔལ་ལྡན་ས ་ས་གསུམ་མ》མཁས་གྲུབ་དགེ་ལེགས་དཔལ་བཟང་།
《ཆོ་འཕྲུལ་ཆེན་མོའི་རྟོགས་པ་བརྗོད་པ》དཔའ་རིས་རབ་གསལ།
《འཇམ་དཔལ་མཚན་བརྗོད》
《རྣམ་རྒྱལ་མའི་སྟོང་མཆོད》
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། དྲ་བའི་སྦྲེལ་ཐགhttp://www.tb1025.cn