ཕ་མའི་དྲིན་ལན་གཞལ་དཀའ་བར་བསྟན་པའི་མདོ།
བཅོམ་ལྡན་འདས་ཀྱིས་ཕ་མའི་དྲིན་ལན་གཞལ་དཀའ་བར་བསྟན་པའི་མདོ་ཞེས་བྱ་བ་བཞུགས་སོ།།
ལོ་ཆེན་རིག་འཛིན་ཀུ་མ་ར་ཤྲིའམ་གཞོན་ནུ་དཔལ་གྱིས་རྒྱ་ཡིག་ཏུ་བསྒྱུར།
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ།དགེ་སློང་གི་དགེ་འདུན་ཆེན་པོ་ཉིས་སྟོང་ལྔ་བརྒྱ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་བརྒྱད་སྟོང་དང་ཐབས་ཅིག་ཏུ་བཞུགས་སོ།།དེའི་ཚེ་བཅོམ་ལྡན་འདས་འཁོར་གྱི་ཚོགས་རྣམས་དང་བཅས་ཏེ་ལྷོ་ཕྱོགས་ལོགས་སུ་བྱོན་པ་ན།ལམ་འགྲམ་དུ་རུས་པའི་ཕུང་བོ་གཅིག་སྤུངས་ཡོད་པ་གཟིགས་སོ།།དེ་ནས་དེ་བཞིན་གཤེགས་པས་རུས་གོང་དེ་དག་གི་དྲུང་དུ་ཡན་ལག་ལྔ་ས་ལ་ཕབས་ཏེ།གུས་པ་དང་བཅས་པས་ཕྱག་འཚལ་ཏོ།།དེའི་ཚེ་ཀུན་དགའ་བོས་ཐལ་མོ་དང་བཅས་ཏེ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས།དེ་བཞིན་གཤེགས་པ་ནི་ཁམས་གསུམ་གྱི་སྟོན་པ་ཆེན་པོ།སྐྱེ་གནས་བཞིའི་ཕ་མ་ལྟ་བུའི་ཐུགས་རྗེ་ཅན་ལགས་ཤིང་།སྐྱེ་བོ་ཀུན་གྱིས་བཀུར་ཞིང་སྐྱབས་སུ་མཆི་བ་ལགས་ན།རྒྱུ་དང་རྐྱེན་གང་གིས་རུས་གོང་འདི་དག་ལ་ཕྱག་འཚལ་བར་མཛད་ལགས་སམ།ཞེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ།ཁྱོད་རྣམས་བདག་གི་འཁོར་གྱི་ཐོག་མ་ཡིན་ཞིང་།རབ་ཏུ་བྱུང་ནས་རིང་བོ་ལོན་ན་ཡང་།དོན་རྒྱ་ཆེན་པོ་དག་མི་ཤེས་སོ།།རུས་པའི་ཕུང་པོ་འདི་དག་ནི་བདག་གི་སྔོན་གྱི་མེས་པོའམ།ཚེ་རབས་མང་བོའི་ཕ་མའི་ཡིན་སྲིད་དོ།།དེའི་ཕྱིར་བདག་གིས་ད་ལྟ་ཕྱག་འཚལ་ལོ༎དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ།དེང་ཁྱོད་ཀྱིས་རུས་གོང་འདི་གཉིས་སུ་ཕྱེ་ཞིགགང་སྐྱེས་པའི་རུས་པ་ཡིན་ན།ཁ་དོག་དཀར་ལ་ལྕི་བ་ཡིན།གང་བུད་མེད་ཀྱི་རུས་པ་ཡིན་ན།ཁ་དོག་ནག་ལ་ཡང་བ་ཡིན་ནོ།།ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་བ།བཅོམ་ལྡན་འདས།སྐྱེས་པ་དག་འཇིག་རྟེན་འདིར་གསོན་པའི་ཚེ།གོས་དང་སྐེ་རགས།ལྷམ་དང་ཞྭ་མོ་སོགས་རྒྱན་དང་ཆ་བྱད་ཀྱིས་ལེགས་པར་བརྒྱན་པས།བལྟས་མ་ཐག་ཏུ་སྐྱེས་པའི་ལུས་སུ་ཤེས་ལ།བུད་མེད་དག་འཇིག་རྟེན་དུ་གསོན་པའི་ཚེ་ན་ཡང་ཕལ་ཆེར་དྲི་ཞིམ་གྱིས་བྱུགས་ཤིང་།དེ་བཞིན་དུ་ཙན་དན་དང་གླ་རྩི་སོགས་ལུས་ལ་བསྒོས་པས།རྒྱན་དང་ཆ་ལུགས་དེ་ལས་བུད་མེད་ཀྱི་ལུས་ཡིན་པར་རྟོགས་སོ།།འོན་ཀྱང་ད་ལྟ་ཤི་བའི་རྗེས་སུ།རུས་པ་དཀར་བོ་ཀུན་ལ་ཁྱད་པར་མེད་པས།བདག་ཅག་གིས་ཇི་ལྟར་ཁྱད་པར་འབྱེད་པར་བགྱིད་ལགས་སམ།དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ།སྐྱེས་པ་དག་འཇིག་རྟེན་དུ་གསོན་པའི་ཚེ།གཙུག་ལག་ཁང་དུ་ཞུགས་ནས།མདོ་དང་འདུལ་བ་ལ་ཉན་བཤད་བྱེད་ཅིང་།དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་།སངས་རྒྱས་ཀྱི་མཚན་ནས་བརྗོད་དོ།།དེའི་ཕྱིར་དེའི་རུས་པ་ནི་ཁ་དོག་དཀར་ལ་ལྕི་བ་ཡིན་ནོ།།འཇིག་རྟེན་གྱི་བུད་མེད་ནི།ཤེས་རབ་ཀྱི་སྟོབས་དམན་ཞིང་།འདོད་ཆགས་ཀྱི་སེམས་ལ་བྱིང་བར་སླ་ལ།བུ་དང་བུ་མོ་བཙས་ཏེ་གསོ་བ་ནི།རང་གི་ལས་སུ་འཛིན་ཏོ།།བུ་གཅིག་བཙས་པའི་ཚེ།ནུ་ཞོས་སྲོག་འཚོ་བར་བྱེད་ལ།ནུ་ཞོ་ནི་ཁྲག་ལས་འགྱུར་བ་སྟེ།བུ་རེ་རེས་མའི་ནུ་ཞོ་དཀར་བོ་ཕོར་པ་བརྒྱད་ཁྲི་བཞི་སྟོང་ཙམ་རེ་འཐུང་བས།དེའི་ལུས་རིད་ཅིང་ཉམ་ཐག་ལ།རུས་པ་ནག་པོར་སྣང་ཞིང་།ཡང་བ་ཡིན་ནོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང་།ཀུན་དགའ་བོས་ཐོས་པས་སེམས་ལ་གྲི་ཡིས་བཅད་པ་བཞིན་དུ་ཟུག་ཅིང་།མཆི་མ་ཕྱུངས་ཏེ་ངུ་ཞིང་གསོལ་བ།བཅོམ་ལྡན་འདས།མ་ཡི་དྲིན་ལན་དེ་ཇི་ལྟར་གཞལ་བར་བགྱི་ལགས་སམ་ཞེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ།ཁྱོད་ཀྱིས་དེང་ལེགས་པར་ཉོན་ཅིགངས་ཁྱོད་ལ་རྣམ་པར་ཕྱེ་སྟེ་བཤད་པར་བྱའོ།།
མ་ནི་མངལ་དང་ལྡན་གྱུར་ནས།།ཟླ་བ་བཅུ་ནི་སྡུག་བསྔལ་ཏེ།།ཟླ་བ་དང་བོར་རྩྭ་རྩེ་ལ།།ཆགས་པའི་ཟིལ་བ་ཇི་ལྟ་བུར།།ཞོགས་པ་ཡོད་ཀྱང་སྲོད་མི་བརྟན།།སྔ་དྲོ་འདུས་ཀྱང་གུང་ལ་འཐོར།།མངལ་ལྡན་ཟླ་བ་གཉིས་པའི་ཚེ།།ཞོ་ཆགས་པ་དང་ཡོངས་སུ་མཚུངས།།མངལ་ནི་ཟླ་བ་གསུམ་པའི་ཚེ།།ཁྲག་གི་གོང་བུ་ལྟ་བུ་སྟེ།།མངལ་ནི་ཟླ་བ་བཞི་བ་ན།།མི་ཡི་རྣམ་པ་ཅུང་ཟད་འབྱུང་།།མངལ་ནི་ཟླ་བ་ལྔ་བ་ན།།ཕྲུ་གུ་མ་ཡི་ལྟོ་བ་རུ།།འབུར་བོ་ལྔ་ནི་སྐྱེ་བར་འགྱུར།།ལྔ་བོ་དེ་དག་གང་ཞེ་ན།།མགོ་ནི་འབུར་བོ་གཅིག་ཡིན་ལ།།གྲུ་མོ་གཉིས་དང་པུས་མོ་གཉིས།།རེ་རེར་བགྲངས་པས་ལྔ་ཡིན་ཏེ།།ལྷན་དུ་འདུས་པས་ལྔ་འགྲུབ་བོ།།མངལ་ནི་ཟླ་བ་དྲུག་པ་ན།།ཕྲུ་གུ་མ་ཡི་ལྟོ་བ་རུ།།དྭངས་མ་དྲུག་ནི་དུས་གཅིག་འབྱེད།།དྲུག་པོ་དེ་དག་གང་ཞེ་ན།།མིག་ནི་དྭངས་མ་དང་བོ་དང་།།རྣ་བ་དྭངས་པ་གཉིས་པ་སྟེ།།སྣ་ནི་དྭངས་མ་གསུམ་པ་དང་།།ཁ་ནི་དྭངས་མ་བཞི་བ་ཡིན།།ལྕེ་ནི་དྭངས་མ་ལྔ་བ་ལ།།ཡིད་ནི་དྭངས་མ་དྲུག་པ་འོ།།མངལ་ནི་ཟླ་བ་བདུན་པ་ན།།ཕྲུ་གུ་མ་ཡི་ལྟོ་བ་རུ།།རུས་པའི་ཚིགས་རྣམས་གྲུབ་པ་ལ།།སུམ་བརྒྱ་དྲུག་ཅུ་ཡོད་པ་དང་།།བ་སྤུའི་བུ་ག་དག་ཀྱང་ནི།།བརྒྱད་ཁྲི་བཞི་སྟོང་སྐྱེ་བར་འགྱུར།།མངལ་ནི་ཟླ་བ་བརྒྱད་པ་ན།།ཡིད་ཀྱི་ཤེས་པ་སྐྱེ་འགྱུར་ཞིང་།།བུ་ག་དགུ་ཡང་དེ་བཞིན་ནོ།།མངལ་ནི་ཟླ་བ་དགུ་བ་ལ།།ཕྲུ་གུ་མ་ཡི་ལྟོར་གནས་ཚེ།།བཟའ་བའི་རིགས་ནི་འཇུ་འགྱུར་ལ།།དེ་ལས་བྱུང་བའི་དྭངས་མ་སྟེ།།བཟའ་ཤིང་སྒོག་པ་ཤིང་ཏོག་དང་།།འབྲུ་རིགས་སྣ་ལྔའི་བཅུད་ཀྱང་ངོ་།།དེ་ཚེ་མ་ཡི་མངལ་དེར་ནི།།སྙིགས་མ་དག་ནི་མར་འབབ་ཅིང་།།དྭངས་མ་རྣམས་ནི་གྱེན་དུ་འདྲེན།།དེ་ཡང་ས་གཞིའི་སྟེང་དག་ཏུ།།ལྷུན་པོ་མཐོ་བར་འཕགས་པ་བཞིན།།རི་ལ་མིང་ནི་གསུམ་མཆིས་ཏེ།།དང་བོ་རི་རབ་ལྷུན་པོ་དང་།།གཉིས་པ་ལས་ཀྱི་རི་བོ་དང་།།གསུམ་པ་ཁྲག་གི་རི་བོ་འོ།།དཔེ་རུ་བཀོད་པའི་ལྷུན་པོ་དག།ཐེངས་རེར་ཞིག་པར་གྱུར་པ་ན།།རྒྱུན་ནི་གཅིག་ཏུ་གྱུར་པ་ཡིས།།མའི་ཁྲག་དང་བུ་ཡི་ཟས་སུ་འགྱུར།།མངལ་ནི་ཟླ་བ་བཅུ་བ་ན།།ཕྲུ་གུའི་ལུས་ནི་ཆ་ཀུན་ནས།།ཡོངས་སུ་རྫོགས་པར་གྱུར་པ་ཡིས།།ཕྱི་རུ་བཙས་པར་འགྱུར་བ་ཡིན།།ཡ་རབས་སྲི་ཞུ་ལྡན་པ་དེ།།ཐལ་མོ་སྦྱར་བའི་རྣམ་པར་བཅས།།མ་ལ་གནོད་པར་མི་འགྱུར་ཞིང་།།སྡུག་བསྔལ་མེད་པར་བཙའ་འགྱུར་ལ།།མཚམས་མེད་ལྔ་ལ་གོམས་པ་དེ།།མ་ཡི་མངལ་ལ་གནོད་བྱེད་ཅིང་།།མ་ཡི་སྙིང་དང་མཆིན་པ་འབྱིན།།མ་ཡི་དཔྱི་རུས་རྡོག་པས་བརྫི།།དེ་ནི་སྤུ་གྲི་སྟོང་ཕྲག་དང་།།མཚོན་ཆ་ཁྲི་ཡིས་བསྣུན་དང་མཚུངས།།དེ་ལྟའི་བཟོད་དཀའི་སྡུག་བསྔལ་བཅས།།བུ་དེ་བཙས་པར་གྱུར་པ་ལ།།དྲིན་ནི་རྣམ་པ་བཅུ་ཡོད་དེ།།དེ་དག་ཞིབ་ཏུ་གསལ་བར་བྱ།།མངལ་དུ་ལེགས་པར་བསྲུངས་པའི་དྲིན།།བཙའ་བའི་སྡུག་བསྔལ་མྱངས་པའི་དྲིན།།བཙས་རྗེས་སྡུག་བསྔལ་བརྗེད་པའི་དྲིན།།ཟས་ཞིམ་བུ་ལ་སྦྱིན་པའི་དྲིན།།སྐམ་པོ་དྲོན་པོར་བསྐྱངས་པའི་དྲིན།།ནུ་ཞོས་གསོས་ཤིང་བསྐྱངས་པའི་དྲིན།།མི་གཙང་དག་པར་བཀྲུས་པའི་དྲིན།།རྒྱང་དུ་ཕྱིན་ཚེ་དྲན་པའི་དྲིན།།བརྩེ་བ་ཟབ་མོས་བསམ་པའི་དྲིན།།སྙིང་རྗེས་བསྐྱངས་པའི་དྲིན་བཅས་སོ།།དང་བོ་མངལ་དུ་ལེགས་བསྲུངས་སྐུ་དྲིན་ནི།།ཚིགས་སུ་བཅད་པས་འདི་ལྟར་བཀའ་བསྩལ་ཏོ།།བསྐལ་བ་མང་བོའི་ལས་ཀྱི་འབྲེལ་བ་ཡིས།།ཚེ་འདིར་མ་ཡི་མངལ་དུ་བལྟམས་པ་ཡིན།།ཟླ་བ་གང་ཚེ་དབང་བོ་ལྔ་སྨིན་ཞིང་།།བདུན་ཕྲག་བདུན་གྱིས་དབང་བོའི་སྒོ་ཕྱེ་སྟེ།།དེ་ཚེ་མ་ཡི་ལུས་པོ་གངས་བཞིན་ལྕི།།བསྐལ་བའི་རླུང་གིས་ཡོམ་ཡོམ་བསྒུལ་དང་མཚུངས།།ལུས་ལ་གོས་བཟང་གྱོན་ཡང་མི་འཚམ་ལ།།མེ་ལོང་དུའང་ས་རྡུལ་འབབ་པར་འགྱུར།།གཉིས་པ་བཙའ་བའི་སྡུག་གི་སྐུ་དྲིན་ནི།།ཚིགས་སུ་བཅད་དེ་འདི་ལྟར་བཀའ་བསྩལ་ཏོ།།མངལ་དུ་ཟླ་བ་བཅུ་ནི་འདས་པ་ན།།བཙའ་བའི་སྡུག་བསྔལ་ཆེན་པོར་ཉེ་བར་འགྱུར།།ཉིན་རེ་བཞིན་དུ་ནད་ཀྱིས་རབ་ཏུ་མནར་བ་བཞིན།སེམས་ནི་བློང་ཞིང་མགོ་ཡང་རབ་ཏུ་རྨོངས།།འཇིགས་ཤིང་སྐྲག་ལ་དངངས་པའི་སེམས་པ་དང་།།སྡུག་བསྔལ་དྲག་པོས་མཆི་མ་བྲང་ལ་ལྷུང་འགྱུར་ཏེ།།སྡུག་བསྔལ་དང་བཅས་གཉེན་བཤེས་རྣམས་ལ་སྨྲ་འགྱུར་ལ།།འཆི་བར་དོགས་པའི་འཚེར་སྣང་དྲག་པོས་མནར་འགྱུར་བའོ།།གསུམ་པ་བཙས་རྗེས་སྡུག་བསྔལ་བརྗེད་པའི་དྲིན།ཚིགས་སུ་བཅད་དེ་འདི་ལྟར་བཀའ་བསྩལ་ཏོ།།བྱམས་པའི་ཡུམ་གྱིས་ཕྲུ་གུ་བཙས་པའི་ཉིན།།དོན་སྣོད་ཐམས་ཅད་སོ་སོར་འཐོར་བ་བཞིན།།ལུས་དང་སེམས་ནི་ངལ་བས་བརྒྱལ་བར་འགྱུར།།ཁྲག་ནི་ལུག་བཤས་བཞིན་དུ་འབབ་དང་བཅས།།བཙས་ནས་བུ་ནི་བདེ་བའི་གཏམ་ཐོས་ཚེ།།དགའ་བ་སྔར་ལས་ལྷག་པར་སྐྱེ་འགྱུར་ཞིང་།།དེ་མ་ཐག་ཏུ་སླར་ཡང་སྡུག་བསྔལ་མྱོང་།།ཟུག་རྔུ་དྲག་པོས་སྙིང་གི་རྩ་ལ་གཟེར།།གང་ཞིམ་བུ་ལ་སྦྱིན་ཞིང་གང་ཞན་རང་གིས་ཟོས།།འདི་ཡི་སྐུ་དྲིན་ཚིགས་སུ་བཅད་དེ་བཀའ་བསྩལ་ཏོ།།ཕ་མའི་སྐུ་དྲིན་གཏིང་ཟབ་རབ་ཏུ་ལྕི།།བརྩེ་བའི་གཟིགས་པ་སྐད་ཅིག་ལྷོད་པ་མེད།།ཞིམ་པོ་གང་ཡོད་ནམ་ཡང་བུ་ལ་སྟེར།།ཞན་པ་རང་གིས་མིད་ཅིང་ངོ་མི་གཉེར།།བརྩེ་བ་རབ་ཏུ་ཟབ་པས་གཟོ་དཀའ་ཞིང་།།སྐུ་དྲིན་འཁོར་མེད་ལྷག་ཏུ་སྙིང་རྗེ་སྟེ།།བུ་ཆུང་འགྲངས་ཕྱིར་རང་གིས་མུ་གེ་མྱོང་།།ལྔ་བ་སྐམ་པོ་དྲོན་པོར་བསྐྱངས་པའི་དྲིན།།ཚིགས་སུ་བཅད་པ་འདི་ལྟར་བཀའ་བསྩལ་ཏོ།།མ་ཡུམ་རང་ཉིད་རློན་པར་ཉལ་དགོས་ཀྱང་།།སྐམ་ས་དྲོ་སར་ཕྲུ་གུ་བསྙལ་བ་དང་།།ནུ་ཞོ་བླུད་ཅིང་བཀྲེས་སྐོམ་སེལ་བར་མཛད།།གྲང་ངར་བྱུང་ཚེ་ཕུ་ཐུང་ནང་དུ་འཛིན།།རབ་ཏུ་བརྩེ་བས་རྟག་པར་གཉིད་སྤངས་ཤིང་།།རང་བདེ་སྤངས་ཏེ་བུ་བདེ་དོན་དུ་གཉེར།།དེ་ཉིད་དགའ་ཕྱིར་རྟག་ཏུ་རྩེ་ཞིང་འགྲོགས།།དྲུག་པ་ནུ་ཞོས་གསོས་ཤིང་བསྐྱངས་པའི་དྲིན།།ཚིགས་སུ་བཅད་པ་འདི་ལྟར་བཀའ་བསྩལ་ཏོ།།བྱམས་པའི་མ་ནི་ས་གཞི་ཆེན་པོ་འདྲ།།བཀའ་གཉན་ཕ་ནི་གནམ་དང་མཚུངས་པ་སྟེ།།སྐྱོབ་དང་འདེགས་པའི་བཀའ་དྲིན་མཉམ་པ་འོ།།སྡང་བ་མེད་ཅིང་ཁྲོ་བས་མི་བལྟ་ཞིང་།།རྐང་ལག་ཞ་འཐེང་སྐྱེས་ཀྱང་ཞེན་ལོག་མེད།།རང་གི་ལུས་ལས་སྐྱེས་པའི་བུ་ཕྲུག་དེ།།ཉིན་མཚན་ཀུན་ཏུ་བརྩེ་བའི་སེམས་ཀྱིས་སྐྱོང་།།བདུན་པ་མི་གཙང་བཀྲུས་པའི་སྐུ་དྲིན་ནི།ཚིགས་སུ་བཅད་པ་འདི་ལྟར་བཀའ་བསྩལ་ཏོ།།སྤྱིར་ནི་པདྨའི་བཞིན་བུང་བའི་མིག།ལུས་སྟོབས་རྒྱས་ཤིང་སྙིང་སྟོབས་ཕུན་སུམ་ཚོགས།།སྨིན་མ་གསར་སྐྱེས་ལྕང་མའི་ལོ་འདབ་ལྟར།།ཞལ་རས་མདངས་ནི་པདྨ་དམར་བོར་འགྲན།།འོན་ཀྱང་དྲིན་ལན་འཁོར་མེད་མ་དེ་ཡིས།།བཀྲུ་བཤལ་བྱས་པས་ལག་པའི་མཛེས་རིས་ཟད།།བུ་དང་བུ་མོ་འབའ་ཞིག་བརྣགས་པ་ཡིས།།མཛེས་པའི་བཞིན་ཡང་ངང་གིས་གཞན་དུ་འགྱུར།།བརྒྱད་པ་རྒྱང་དུ་ཕྱིན་ཚེ་དྲན་པའི་དྲིན།།ཚིགས་སུ་བཅད་པ་འདི་ལྟར་བཀའ་བསྩལ་ཏོ།།ཤི་བྲལ་བྱུང་ཚེ་ཤིན་ཏུ་བཟོད་དཀའ་ལ།།གསོན་བྲལ་བྱུང་བའང་དེ་བཞིན་སྡུག་བསྔལ་བསྐྱེད།།བུ་ནི་ས་ཐག་རིང་བོར་ཆས་པ་ན།།བྱམས་ལྡན་མ་ཡིས་བུ་དེ་དྲན་འགྱུར་ཞིང་།།ཉིན་མཚན་ཀུན་ཏུ་སེམས་ནི་རྗེས་སུ་འབྲངས།།མིག་ནས་མཆི་མའི་ཆར་རྒྱུན་འབབ་པ་དང་།།སྤྲ་མོ་བུ་ལ་བརྩེ་ཞིང་དུང་བ་བཞིན།།མཆིན་པ་དུམ་བུར་ཆད་གདུང་བ་མྱོང་།།དགུ་བ་ནི་སྙིང་རྗེས་བསྐྱངས་པའི་སྐུ་དྲིན་ནི།།ཚིགས་སུ་བཅད་པ་འདི་ལྟར་བཀའ་བསྩལ་ཏོ།།ཕ་མའི་བྱམས་བརྩེའི་སྐུ་དྲིན་རབ་ཏུ་ལྕི།།སྐུ་དྲིན་ཆེ་བས་དྲིན་གཟོ་ཤིན་ཏུ་དཀའ།།ཕྲུ་གུའི་ཚབ་ཏུ་སྡུག་བསྔལ་མྱོང་བར་འདོད།།བུ་ཕྲུག་ངལ་ན་ཨ་མ་མི་བདེ་ཞིང་།།ཐག་རིང་བྱེས་སུ་འགྲོ་དགོས་ཐོས་གྱུར་ན།།མཚན་མོར་གྲང་བར་དོགས་ནས་བློས་མི་ཐོངས།།བུ་དང་བུ་མོ་རེ་ཞིག་ངལ་བ་ཡིས།།ཕ་མའི་སེམས་ནི་ཡུན་རིང་གདུང་བར་འགྱུར།།བཅུ་བ་སྙིང་རྗེས་བསྐྱངས་པའི་སྐུ་དྲིན་ནི།།ཚིགས་སུ་བཅད་པ་འདི་ལྟར་བཀའ་བསྩལ་ཏོ།།ཕ་མའི་བྱམས་བརྩེའི་སྐུ་དྲིན་རབ་ཏུ་ལྕི།།དེ་ཡི་བརྩེ་བར་རྟག་ཏུ་རྒྱུན་ཆད་མེད།།ལང་ངམ་སྡོད་ཀྱང་སེམས་ནི་ཕན་ཚུན་འབྲེལ།།ཉེ་འམ་རིང་ཡང་སེམས་ནི་ཕྱི་བཞིན་འབྲང་།།མ་ནི་དགུང་གྲངས་བརྒྱ་ལ་སོན་གྱུར་ཀྱང་།།བརྒྱད་ཅུར་སོན་པའི་བུ་ལ་རྟག་ཏུ་འཁྲེང་།།ཕ་མའི་བྱམས་བརྩེ་ནམ་ཞིག་ཆད་འགྱུར་རམ།།དེ་ནི་ཚེ་འདི་ཡོངས་སུ་ཟད་པ་ནའོ།།
དེ་ནས་བཅོམ་ལྡན་འདས་ཀྱིས་སླར་ཡང་ཀུན་དགའ་བོ་ལ་ཚིགས་སུ་བཅད་པ་འདི་ལྟར་བཀའ་བསྩལ་ཏོ།།བདག་ནི་འགྲོ་བ་དག་ལ་ཡོངས་བརྟགས་ན།།ལ་ལ་ཐོག་མར་སྐྱེས་དུས་ཉོན་མོངས་ཀྱི།།སྒྲིབ་པ་ཆེན་པོ་དེ་ཙམ་མེད་ན་ཡང་།།ཆེ་རུ་བསྐྱེད་སྐབས་དམ་པའི་བསླབ་བྱ་དང་།།མ་འཕྲད་པས་ན་རང་གཤིས་ཡོངས་སུ་འགྱུར།།ཕ་མའི་སྐུ་དྲིན་ཚོར་བར་མི་འགྱུར་ལ།།ཕ་དང་མ་ལ་སྲི་ཞུ་མི་བྱེད་པར།།དྲིན་ལན་བརྗེད་པས་མི་སེམས་སྐྱོ་བར་བྱེད།།ཟླ་བ་བཅུ་ལ་མངལ་དུ་འཁུར་བ་དང་།།བྱིས་པ་ནས་བཟུང་མི་རུ་གསོས་པའི་བར།།བརྩེ་བ་བརྒྱ་ཕྲག་དག་གིས་ལེགས་བསྐྱངས་ཤིང་།།ལུས་དང་སེམས་ནི་ཡོངས་སུ་ངལ་བཞིན་དུ།།ཡ་རབས་དམ་པའི་སྲོལ་བཟང་ཡོངས་སུ་བསླབས།།བུ་དང་བུ་མོ་ན་བའི་ཚེ།།ཕ་མ་དག་ནི་དངངས་འཚབ་བཅས།།སེམས་ཁྲལ་ཆེ་བས་ནད་མང་བསྐྱེད།།འདི་ནི་ཀུན་ལ་རྟག་ཏུ་འབྱུང་།།གལ་ཏེ་བུ་ཡི་ནད་སངས་ན།།དེ་ཡིས་མ་ཡི་ནད་ཀྱང་སངས།།དེ་ལྟར་གསོ་ཞིང་བསྐྱངས་པ་ཡིས།།མྱུར་དུ་ན་ཚོད་སྨིན་པར་རེ།།དེ་ལྟར་ནར་སོན་ཆེར་སྐྱེས་ན།།ལྡོག་ནས་ཕ་མར་མི་གུས་ཤིང་།།ངག་མི་ཉན་ཅིང་བཀའ་མི་བརྩི།།གུས་པ་མེད་ཅིང་སུན་འཚེར་བྱེད།།རྒན་པ་མི་བཀུར་ཕུ་ནུར་སྡང་།།གཉེན་རྣམས་འདོར་ཞིང་བཤེས་བཟང་འདོར།།དེ་ལྟར་རིང་དུ་གོམས་པ་ཡིས།།ལེགས་དང་ཉེས་པ་ལྡོག་ནས་འཛིན།།ཡང་ན་ཁྱིམ་དང་བྲལ་ནས་འཁྱར།།ཕ་མ་དག་དང་རིང་དུ་འབྲལ།།ཡུན་རིང་ཕྱི་ལ་འཁྱར་བའི་མཐར།།མཐུ་སྟོབས་ནུས་པ་མེད་པ་ཡིས།།ཆོམ་རྐུན་དག་གིས་སྲོག་འཕྲོག་ཅིང་།།རུས་ཐལ་རླུང་གིས་གཏོར་བར་འགྱུར།།ཕ་མས་བུ་ནི་དྲན་པའི་ཡིད།།གྲི་ཡིས་སྙིང་ལ་བཙགས་པ་བཞིན།།གདུང་བའི་མཆི་མ་ཀུན་ཏུ་འབབ།།དེ་ཡིས་གདུངས་ནས་འཆི་འགྱུར་ཞིང་།།འཆི་བའི་ཚེ་ནའང་འཁྲེང་བ་ཡིས།།རྟག་ཏུ་བུ་ནི་གཏོང་མི་བྱེད།།ལོག་པའི་སྤྱོད་པར་ཞུགས་པའི་བུ།།གྲོགས་པོ་ངན་པར་འགྲོགས་པ་དང་།།གསོད་བཅོམ་རྐུ་ལ་ཞུགས་པ་ཡིས།།ཉེས་པ་རྣམ་པ་མང་བོ་བསགས།།ཕ་མ་དག་ནི་མི་དྲན་ཞིང་།།དེ་ཡི་གཏམ་ཡང་མི་འདྲི་སྟེ།།བཀྲེས་གྲང་སྐོམ་པས་མནར་ན་ཡང་།།དེ་ཡི་ངང་ཚུལ་དྲན་མི་འགྱུར།།ཡང་ན་འཇིག་རྟེན་བུ་རུ་སྐྱེས།།ཟས་དང་ནོར་ནི་ཡོངས་བཟུང་ནས།།རང་གི་བུ་ཆུང་མ་གསོ།།ལུས་དང་སེམས་ནི་རྟག་ཏུ་ཡང་།།ངལ་བ་མེད་པར་དེ་ལ་བརྩོན།།ཆུང་མས་དམ་དུ་གཅུན་པ་ལ།།བྱ་བྱེད་མཐའ་དག་དེ་དང་བསྟུན།།རྒན་རབས་བཀའ་བཀྱོན་བསླབ་བྱ་ལ།།གུས་པ་མེད་པར་ལན་དུ་སྨྲ།།ཡང་ན་བུད་མེད་ལུས་བླངས་ཏེ།།དང་བོར་ཁྱིམ་དུ་གནས་པའི་ཚེ།།སྲི་ཞུ་ལྡན་ཞེས་ཕ་མས་བསྔགས།།གཞན་གྱི་བག་མར་བཏང་བ་ནས།།བརྩེ་བ་མེད་པའི་ངག་དང་སྤྱོད།།གཞན་གྱི་ཕ་མར་བསྙེན་བཀུར་བྱེད།།ཁྱོ་གས་བརྡེག་ཅིང་གཤེ་བ་ནི།།མངར་བའི་ཟས་བཞིན་དང་དུ་ལེན།།ཁྱོ་གའི་འདོད་པའི་རྗེས་འབྲངས་ནས།།རང་གི་ཕ་ཡུལ་རྒྱང་དུ་སྤངས།།ཕ་མ་གཉེན་བཤེས་རྣམས་ཀྱི་སར།།འཕྲིན་དང་ཡི་གེ་གཏན་ཆད་ཅིང་།།དེ་ཡིས་ཕ་མ་གཉིས་པོ་ནི།།སེམས་ནི་དྲན་པས་གདུང་བར་བྱེད།།སྙིང་ནས་བརྩེ་བས་རྗེས་སུ་དྲན།།ཕ་མའི་དྲིན་དང་ཕན་བཏགས་པ།།ཚད་མེད་པ་དང་མཐའ་ཡས་པས།།མ་གུས་པ་ཡི་ཉེས་པ་ནི།།བརྗོད་པ་ཙམ་གྱིས་བཤགས་པར་དཀའ།།ཞེས་གསུངས་པ་དང་།དེའི་ཚེ་འཁོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱིས་ཕ་མའི་དྲིན་ལན་གཞལ་དཀའ་བའི་ཚུལ་གསུངས་པ་ཐོས་ནས།སེམས་རབ་ཏུ་གདུངས་ཤིང་།ཡུན་རིང་བོར་ལུས་ནས་གསོལ་བ།སྡུག་བསྔལ་ལོ།།སྡུག་བསྔལ་ལོ།།གདུངས་སོ།།གདུངས་སོ།།བདག་སོགས་དེང་ནི་ཉེས་ཅན་ཏེ།།བཅོམ་ལྡན་ཁྱེད་ཀྱིས་བསྟན་པ་ལས།།ད་གཟོད་ཅུང་ཙམ་ཤེས་པར་གྱུར།།སེམས་གདུང་འགྱུར་ཞིང་བཟོད་དཀའ་བས།།སྟོན་པ་འཇིག་རྟེན་སྐྱོབ་པ་བོ།།ཕ་མའི་དྲིན་ལན་གཟོ་བའི་ཐབས།།བདག་ཅག་རྣམས་ལ་བསྟན་དུ་གསོལ།།ཞེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་བསྩལ་ཏོ།།
དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།།ཁྱོད་ཅག་གིས་འདི་ལྟར་ཤེས་པར་བྱོས་ཤིགངས་ཁྱེད་ཅག་ལ་ཐབས་མཁས་པའི་སྒོ་ནས་རྣམ་པར་ཕྱེ་སྟེ་བཤད་པར་བྱའོ།།གལ་ཏེ་སྐྱེས་བུ་ལ་ལ་ཞིག་གིས་ཕྲག་པ་གཡོན་པས་ཕ་བཏེགས་ཤིང་།གཡས་པས་མ་བཏེགས་ཏེ་རི་རབ་ལ་བསྐོར་བ་བྱེད་ཅིང་།ཁུར་གྱིས་པགས་པ་དང་ཤ་ཀུན་རལ་ཅིང་རུས་པ་དང་རྐང་ལ་ཐུག་པར་བྱས་ཏེ།ཁྲག་དྲོན་མོ་བབས་ནས་ལོང་བུའི་བར་དུ་ནུབ་པར་གྱུར་ན་ཡང་།བསྐལ་བ་བརྒྱ་སྟོང་མང་བོ་འདས་པའི་བར་དུ་ཕ་མའི་དྲིན་ལན་འཁོར་བར་མི་འགྱུར་རོ།།གལ་ཏེ་སྐྱེས་བུ་ལ་ལ་ཞིག་མུ་གེའི་དུས་སུ་སྐྱེས་ཤིང་།ཕ་མ་བཀྲེས་པས་མི་མནར་བའི་ཕྱིར་རང་གི་ལུས་ལས་ཤ་བཅད་དེ།ཕ་མ་ལ་བསྙེན་བཀུར་བྱེད་ཅིང་བསྐལ་བ་བརྒྱ་སྟོང་མང་བོ་འདས་ཀྱང་།ཕ་མའི་དྲིན་ལན་འཁོར་བར་མི་འགྱུར་རོ།།གལ་ཏེ་སྐྱེས་བུ་ལ་ལ་ཞིག་ཕ་མ་ངན་སོང་གསུམ་ལས་ཡོངས་སུ་ཐར་བའི་ཕྱིར་རང་གི་མིག་བཏོན་ཅིང་།སྙིང་དང་གློ་བ་བཅད་དེ་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ།བསྐལ་བ་བརྒྱ་སྟོང་མང་བོ་འདས་ཀྱང་།ཕ་མའི་དྲིན་ལན་འཁོར་བར་མི་འགྱུར་རོ།།གལ་ཏེ་སྐྱེས་བུ་ལ་ལ་ཞིག་ཕ་མའི་ཆེད་དུ་ལུས་ལ་མཚོན་གྱིས་དུམ་བུར་གཏུབ་པ་བཟོད་ཅིང་བསྐལ་བ་བརྒྱ་སྟོང་མང་བོ་འདས་ཀྱང་།ཕ་མའི་དྲིན་ལན་འཁོར་བར་མི་འགྱུར་རོ།།གལ་ཏེ་སྐྱེས་བུ་ལ་ལ་ཞིག་ཕ་མའི་ཆེད་དུ་ལྕགས་གོང་འབར་བ་ཟོས་པས།ལུས་ཐམས་ཅད་ཚིག་ཅིང་རྣམ་པར་ཉམས་ནས།བསྐལ་བ་བརྒྱ་སྟོང་མང་བོ་འདས་པ་ན་ཡང་།ཕ་མའི་དྲིན་ལན་འཁོར་བར་མི་འགྱུར་རོ།།གལ་ཏེ་དེ་ལྟ་བུའི་དྲིན་ལན་གཟོ་བར་འདོད་ན།ཕ་མའི་ཕྱིར་དུ་མདོ་འདི་བྲི་བར་བྱ་ཞིང་།མདོ་འདི་ལེགས་པར་བཀླགས་ཏེ་དོན་རྟོགས་པར་བྱ་ལ།ཕ་མའི་ཆེད་དུ་བསོད་ནམས་ཀྱི་ཚོགས་དང་སྦྱིན་པ་བཏང་བས་ད་གཟོད་དྲིན་ལན་འཁོར་བར་འགྱུར་རོ།།གལ་ཏེ་ཚུལ་དེ་ལྟར་མི་བསླབ་པ་དང་།ཕ་མ་ལ་བཀུར་བར་མི་བྱེད་ན།དེའི་རྣམ་པར་སྨིན་པ་ནི་མནར་མེད་པའི་དམྱལ་བ་ཡིན་ནོ།།དམྱལ་བ་ཆེན་པོ་འདི་ནི་ཞེང་དང་སྲིད་དུ་དཔག་ཚད་བརྒྱད་ཁྲི་ལྷག་ཡོད་དེ།ཕྱོགས་བཞི་ཀུན་ལྕགས་ཀྱི་ར་བས་བསྐོར་ཅིང་།མཐའ་སྐོར་དུ་ལྕགས་ཀྱི་དྲ་བས་བྲེས་པས་སྡིག་ཅན་དག་ཐར་བའི་གནས་མེད་དོ།།ས་གཞི་ཐམས་ཅད་ལྕགས་ལས་བྱས་ཤིང་མེ་ལྕེ་འབར་བས་ལུས་ཡོངས་སུ་བསྲེགས་ཏེ།སྒྲ་དྲག་པོ་དང་གློག་ཞགས་འཁྱུག་ཅིང་།ཟངས་ཞུན་དང་ལྕགས་ཞུན་འཁོལ་བ་ལུས་ལ་བླུགས་ལ།ཁ་ནས་མེ་འབར་བའི་ཟངས་ཀྱི་ཁྱི་དང་ལྕགས་ཀྱི་སྦྲུལ་གྱིས་སེམས་ཅན་རྣམས་ཟ་ཞིང་འདེད་པ་དང་།རེ་རེ་བཞིན་ཤ་དང་པགས་པ་ཚིག་ཅིང་ཞིག་པར་འགྱུར་རོ།།ནམ་མཁའ་ལས་ཀྱང་ལྕགས་ཀྱི་ལྕགས་ཀྱུ་དང་མདུང་ཐུང་གྲངས་མེད་པ་འབབ་པ་དང་།ས་གཞི་ཀུན་ལ་ལྕགས་ལས་བྱས་པའི་མཚོན་རྣོན་དང་།མདུང་རིང་དང་།རལ་གྲིའི་སྡོང་བོ་ལ་སོགས་པ་ཆད་པའི་ཡོ་བྱད་ཀྱིས་བཀང་ངོ་།།དམྱལ་བ་དེར་སྡིག་ཅན་རྣམས་ཉིན་མཚན་གཅུག་རེར་ཡང་སྡུག་བསྔལ་ཁྲི་ཕྲག་མྱོང་ཞིང་།ལན་གྲངས་བྱེ་བ་བརྒྱ་སྟོང་ལ་སྐྱེ་འཆི་བྱེད་དོ།།འཇིག་རྟེན་འདི་འཇིག་པའི་ཚེ་ན་ཡང་སེམ་ཅན་དམྱལ་བ་དེ་དག་འཇིག་རྟེན་གཞན་གྱི་དམྱལ་བར་སྐྱེ་བར་འགྱུར་ལ།འཇིག་རྟེན་གཞན་དེ་ཡང་འཇིག་པའི་ཚེ་ན་ཕྱོགས་གཞན་དུ་འཕོ་ཞིང་།ཕྱོགས་གཞན་དེ་ཡང་འཇིག་པའི་ཚེ་ན་ཡང་དང་ཡང་དུ་གནས་སྤོར་བར་བྱེད་དོ།།འཇིག་རྟེན་འདི་སླར་ཆགས་པ་ན་སླར་ཡང་འདིར་འོང་བར་འགྱུར་ཏེ།མཚམས་མེད་ཀྱི་རྣམ་སྨིན་བཞིན་དུ་སྡིག་པའི་རྣམ་སྨིན་དེ་མྱོང་བར་འགྱུར་རོ།།དེ་ལྟ་བུའི་དྲིན་འདི་གཟོ་བར་འདོད་ན།རབ་ནི་མདོ་འདི་མང་དུ་བྲིས་ཏེ།རྒྱ་ཆེར་བསྒྲགས་ནས་སྤེལ་བར་བྱེད་ཅིང་།ཕ་མའི་དོན་དུ་བསྔོ་བར་བྱའོ།།ཡང་ན་དོན་ཟབ་མོ་འདི་ཇི་བཞིན་ཤེས་ཤིང་།བདག་ཉིད་ཀྱིས་མིག་ལྟོས་བཟང་སྤྱད་དེ་གཞན་དག་ལ་རྒྱ་ཆེར་སྟོན་པར་བྱའོ།།གཞན་ཡང་སྔར་གྱི་སྡིག་པའི་ལས་ཐམས་ཅད་ལ་འགྱོད་པ་དྲག་པོ་བྱེད་ཅིང་།སྡིག་པ་ཅི་ཡང་མི་བྱ་ཞིང་།།དགེ་བའི་ཆོས་ལ་རབ་ཏུ་བརྩོན།།གཞན་ལ་ཕན་བཏགས་དགེ་བ་བསགས།།དགེ་བའི་རྩ་བ་ཀུན་བསྐྱེད་ན།།དྲིན་ལན་འདི་ནི་འཁོར་བར་འགྱུར།།བསྐལ་བའི་མཐའ་ལ་ཐུག་གི་བར་དུ་བསྐལ་བ་བརྒྱ་སྟོང་བརྒྱུད་ཅིང་།ལན་གྲངས་མང་བོར་སྐྱེ་ཞིང་འཆི་བ་དང་།སྡུག་བསྔལ་སྣ་ཚོགས་མྱོང་དགོས་ཀྱང་།དེ་བཞིན་གཤེགས་པའི་གསུང་རབ་ལས་ནམ་ཡང་འདའ་བར་མི་འགྱུར་རོ།།ཞེས་བཀའ་བསྩལ་པ་དང་།དེའི་ཚེ།འཁོར་ཉན་ཐོས་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་དང་།དྲི་ཟར་བཅས་པ་རྣམས་ཀྱིས།བཅོམ་ལྡན་འདས་ཀྱི་གསུང་ཐོས་ནས་མགྲིན་པ་བརྣངས་ཏེ།རེ་རེ་བཞིན་སྨོན་ལམ་ཆེན་པོ་བཏབ་བོ།།དེ་ནས་ཀུན་དགའ་བོས་ཕྱག་འཚལ་ཏེ།བཅོམ་ལྡན་འདས།མདོ་འདིའི་མིངཅི་ལགས།འདི་ཇི་ལྟར་གཟུང་བར་བགྱི་ཞེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།མདོ་འདིའི་མིང་ནི་བཅོམ་ལྡན་འདས་ཀྱིས་ཕ་མའི་དྲིན་ལན་གཞན་དཀའ་བར་བསྟན་པའི་མདོ་ཞེས་བྱའོ།།ཁྱོད་ཀྱིས་དེ་བཞིན་དུ་གུས་པ་དང་བཅས་ཏེ་གཟུང་བར་བྱའོ།།དེའི་ཚེ།འཁོར་ཐམས་ཅད་དང་།ལྷ་དང་།མི་དང་།ལྷ་མ་ཡིན་ཐམས་ཅད་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་པས།རྗེས་སུ་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་ཕྱིན་ཏོ།།
ཞེས་པ་འདི་ནི་རྒྱ་ནག་གི་ཡུལ་དུ་སྔར་གྲགས་ཆེ་ལ།ཉེ་ལམ་རྒྱ་ཡུལ་གྱི་གྲོགས་པོ་རེ་གཉིས་ཀྱིས་ཕ་མ་དང་བུ་ཕྲུག་གི་འགལ་བ་ཇེ་སྡུག་ཏུ་གྱུར་ཚུལ་དང་།འཛམ་བུ་གླིང་དུ་ཕ་མ་དང་བུ་ཕྲུག་གི་འབྲེལ་ཐག་གཅོད་མཁན་ཡང་ཇེ་མང་ཡིན་ཚུལ་གླེང་བ་ཐོས་ཤིང་།ཕ་མས་ཕྲུ་གུ་ལ་མནར་གཅོད་བཏང་བ་མི་ལེགས་ཚུལ་སོགས་གླེང་བའི་རྩོམ་ཡིག་ཀྱང་མང་བོ་མཐོང་བས།རྒྱ་ནག་གི་གྲོང་ཁྱེར་ཀྭང་ཀྲིག་ནས་མདོ་འདི་བོད་འགྱུར་ཞུས་ཤིང་། ཁྲིན་ཏུའུ་སྤོས་ངད་ལྡིང་བའི་གྲོང་ཁྱེར་གྱི་ཉེ་འདབས་བསེ་རུའི་ཐང་ནས་ཞུས་ཏེ་དག་པར་བཅོས་པ་ཡིན།ད་ལྟ་བོད་ཡུལ་དུའང་ཕ་མར་མི་བཀུར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ།ཕ་མ་རྒས་ནས་སྙིང་སྟོབས་ཇེ་ཞན་དུ་སོང་བ་དང་རང་གི་བུ་ཕྲུག་ལའང་སྐྲག་སྟེ་ཅང་བཤད་མི་ཕོད་པ་ལྟ་བུ་སོགས་མིག་མཐོང་ལག་ཟིན་མང་བོ་བྱུང་བ་ལའང་ཅུང་ཙམ་ཕན་ན་སྙམ་པའི་སྨོན་པ་རྣམ་པར་དག་པས་མཚམས་སྦྱར་ཏེ་སྤེལ་བའོ།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn
