ལོ་ཙྰ་བ་གྱི་ལིང་འཇིགས་མེད་རྒྱ་མཚོས་བསྒྱུར་པའི་སྙན་ངག་ཆེད་བཀོད།
ཧན་ཧྲན་གྱིས་ཧྲི་ཏི་ལ་དྲིས་པ།
འཇིག་རྟེན་གལ་ཏེ་བདག་ལ་བརྙས། །འཕྱ་ཞིང་སྐུར་བ་འདེབས་པ་དང་། །
གད་མོ་བྱེད་ཅིང་མཐོང་མི་འཛིན། །སྡང་ཞིང་བསླུ་ན་ཅི་ཞིག་བྱེད། །
དེ་ལ་ཧྲི་ཏིས་ལན་གསུངས་པ། །བཟོད་ཅིང་གཟུར་ལ་རང་དགར་ཐོངས། །
གཡོལ་ཅིང་བསྲན་བཞིན་དེ་ལ་གུས། །དེ་ལ་ཡ་ལན་མ་བྱས་པར། །
ལོ་ནི་འགའ་ཞིག་སོང་བའི་མཚམས། །མི་དེ་ཅིར་འགྱུར་བལྟ་བར་བྱ། །
ཧན་ཧྲན་གྱིས་ནི་སླར་སྨྲས་པ། །གཞན་ཡང་དེ་ལ་གཡོལ་བ་ཡི། །
ཐབས་མཆོག་མན་ངག་ཡོད་དམ་ཅི། །དེ་ལ་ཧྲི་ཏི་ཡིས་སྨྲས་པ། །
བདག་ནི་སྔོན་ཚེ་བྱང་སེམས་མཆོག །བྱམས་པས་གསུངས་པའི་མགུར་ཞིག་མཇལ། །
ཁྱོད་ཀྱིས་གསོན་དང་བདག་གིས་མགུར། །བན་རྒན་བདག་ནི་འདི་ལྟར་སེམས། །
ཟས་ཀྱིས་ལྟོ་བ་འགྲངས་པ་དང་། །གོས་ཀྱིས་གྲང་བ་ཁེགས་པ་ན། །
བྱ་བ་ཐམས་ཅད་རང་དགར་ཐོངས། །མི་ཡིས་བདག་ལ་སྤྱོ་བ་ན། །
བདག་ནི་དེ་ལ་བཟང་ཞེས་སྨྲ། །མི་ཡིས་བདག་ལ་བརྡེེག་འཚོག་ན། །
བདག་ནི་ས་ལ་འགྱེལ་ཏེ་གཉིད། །གདོང་ལ་མཆིལ་མ་འཕེན་གྱུར་ན། །
དེ་ཉིད་རང་དགར་བསྐམ་དུ་འཇུག །བདག་ནི་ངལ་བར་མི་འགྱུར་ཞིང་། །
ཕ་རོལ་བོ་ཡང་འཁྲུག་མི་འགྱུར། །ཤེས་རབ་ཕ་རོལ་ཕྱིན་པ་འདི། །
ངོ་མཚར་ནང་གི་ཁྱད་ནོར་ཏེ། །གལ་ཏེ་གཏམ་བཟང་འདི་ཐོས་ན། །
ལམ་མི་འགྲུབ་ལ་ཅི་ཕྱིར་སྐྱོ། །ལུས་ནི་གཉོམ་ཡང་སེམས་མི་གཉོམ། །
འབྱོར་བ་དམན་ཡང་ལམ་མི་དམན། །རྩེ་གཅིག་ཉམས་སུ་ལེན་འདོད་ན། །
རྟག་ཏུ་ལམ་ལ་གནས་ཏེ་རྩོལ། །ཕལ་བ་ཁེ་གྲགས་འབྱོར་བར་དགའ། །
བདག་ནི་དེ་ལ་ལྟ་བ་མེད། །ཁེ་གྲགས་ནམ་ཞིག་སྟོང་བར་འགྱུར། །
བདག་སེམས་སྲེད་པས་འཁྲུག་པ་མེད། །གསེར་ནི་རི་བཞིན་སྤུངས་ན་འང་། །
མི་རྟག་འཆི་བ་ལྡོག་པར་དཀའ། །ཙི་ཀུང་སྨྲ་བརྗོད་གཏམ་ལ་མཁས། །
ཀྲུའུ་ཀུང་ལྷ་ཡི་མངོན་ཤེས་ལྡན། །དམ་པ་ཁུང་མེན་ཇུས་ལ་མཁས། །
ཧྥན་ཁུའེ་དཀའ་སྡུག་སེལ་བའི་མགོན། །ཧན་ཞིན་མཛད་རྗེས་རབ་ཏུ་ཆེ། །
འཆི་དུས་རལ་གྲི་གཅིག་ལས་མེད། །གནའ་ནས་ད་བར་བྱོན་པ་ལས། །
ལོ་སྟོང་འཚོ་བའི་མི་ཅི་ཙམ། །འདི་ཡིས་དཔའ་བོ་བྱས་པ་དང་། །
དེ་ཡིས་ཕོ་རྒོད་ཟེར་ན་ཡང་། །འགྲམ་སྐྲ་གཞོགས་གཉིས་དཀར་བ་དང་། །
ལོ་ལྟར་བཞིན་གྱི་མདངས་ཀྱང་འགྱུར། །ཉིན་ཞག་རེ་རེ་བགྲངས་པ་ཡིས། །
སྣང་མུན་གཉིས་ནི་མདའ་ལྟར་ཟུག །མི་རིང་ནད་ཀྱིས་མནར་འགྱུར་ཞིང་། །
མགོ་བོ་སྨད་ནས་དངན་པ་འབྱིན། །ལོ་ཆུང་དུས་སུ་དམ་པའི་ཆོས། །
ཉམས་ལེན་མ་བྱས་འགྱོད་པས་གདུང་། །ནད་ཀྱིས་མནར་ཚེ་འགྱོད་ན་ཡང་། །
འཆི་བདག་དགྲ་ལ་ཕྱིར་ཟློག་མེད། །སོར་གསུམ་དབུགས་ཀྱང་འགག་པར་འགྱུར། །
དེ་ཚེ་སུ་ལ་གནས་ལུགས་རྩོད། །སྡིགས་ཀྱང་ལན་དུ་སྨྲ་མི་ནུས། །
དྲིས་ཀྱང་དཔའ་བོ་ལྐུགས་པ་བཞིན། །བརྡེག་ཀྱང་ཡ་ལན་བྱེད་མི་ནུས། །
སྒུལ་ཚེ་ལུས་ཡོངས་འགྲིལ་བར་འགྱུར། །དེ་ཚེ་འཕྱ་མོར་སྐྲག་མི་འགྱུར། །
ངོ་སྲུང་ལས་ཀྱང་བྱེད་མི་འགྱུར། །བུ་དང་བུ་མོ་ངུ་ན་ཡང་། །
དེ་ནས་གཏན་དུ་འཕྲད་མི་འགྱུར། །ཁེ་གྲགས་སྙན་གསུམ་བཙལ་ན་ཡང་། །
འབྲོག་སྟོང་དབེན་པར་ལུས་པར་འགྱུར། །བདག་གིས་བལྟས་ན་འཇིག་རྟེན་པ། །
སྙིང་བོ་མེད་ལ་འབད་པ་མཐོང་། །དམ་པ་རྣམས་ལ་གོ་བསྐོན་ཞུ། །
བྱ་བ་བཤོལ་ཏེ་ཉམས་ལེན་མཛོད། །སྐྱེས་མཆོག་ཕོ་རབ་ངང་ཚུལ་གྱིས། །
ལས་འཕྲོ་དུམ་བུར་འབྱེད་པར་མཛོད། །མེ་མུར་དོང་ལས་འབུད་པར་མཛོད། །
ཞི་བསིལ་དཔའ་བོ་བྱེད་པར་འཚལ། །འཆི་མེད་གནས་ལུགས་འདི་རྟོགས་ན། །
ཉི་ཟླ་ལྷན་དུ་འགྲོགས་པར་འགྱུར། །
ཞེས་པ་འདི་ནི་བོད་རྒྱའི་སྙན་ངག་ལ་དགའ་བ་རབ་ཏུ་རྒྱས་པའི་བཙུན་གཟུགས་གྱི་ལིང་འཇིགས་མེད་དུ་འབོད་པས། དམ་པ་ཧན་ཧྲན་གྱི་སྙན་རྩོམ་ལས་ཁོལ་དུ་ཕྱུངས་ཏེ་བོད་འགྱུར་ཞུས། འོན་ཀྱང་སྙན་ངག་གི་ནང་དོན་ཟབ་པ་དང་རྒྱའི་གནའ་ཡིག་གི་མ་ཕྱི་ཤིང་དཔར་རྙིང་བ་ཞིག་ཡིན་པས་ཡིག་རྙིང་ཤིན་ཏུ་ཆོད་དཀའ་བ། དེ་བཞིན་སྙན་ངག་འདི་ལ་འགྲེལ་བ་སོགས་ཀྱང་མ་མཐོང་བས་འོལ་ཚོད་ཀྱིས་བསྒྱུར་བ་ཡིན་ལ། ཕལ་མོ་ཆེ་དོན་འགྱུར་ཞུས་ཤིང་ནང་དོན་ལས་མ་ཡོལ་བ་ཞིག་ཅི་འཁྱོངས་ཞུས་ཀྱང་མ་འཇོན་པ་ཡོད་ན་བཟོད་པར་གསོལ།
ཧན་ཧྲན་དང་ཧྲི་ཏི་གཉིས་ནི་རྒྱ་བརྒྱུད་ནང་བསྟན་ཁྲོད་ཆེས་སྙན་གྲགས་ཆེ་བའི་དགེ་སློང་དཀའ་ཐུབ་པ་གཉིས་ཡིན་ལ། ངག་རྒྱུན་དུ་དགྲ་བཅོམ་པ་གཉིས་བསམ་བཞིན་མི་རུ་སྤྲུལ་ནས་བྱོན་པ་ཡིན་ཟེར་རོ། །
寒山问拾得
昔日寒山問拾得曰:世間有人謗我、欺我、辱我、笑我、輕我、賤我、惡我、騙我、如何處治乎?拾得曰:
只要忍他、讓他、由他、避他、耐他、敬他、不要理他,再待幾年你且看他。寒山雲:還有甚訣可以躲得?
拾得雲:我曾看過彌勒菩薩偈,你且聽我念偈曰:
老拙穿衲襖,淡飯腹中飽,補破好遮寒,萬事隨緣了。
有人罵老拙,老拙只說好;有人打老拙,老拙自睡倒;
涕唾在面上,隨他自乾了,我也省力氣,他也無煩惱,
這樣波羅蜜,便是妙中寶。若知這消息,何愁道不了。
人弱心不弱,人貧道不貧,一心要修行,常在道中辦,
世人愛榮華,我卻不待見,名利總成空,我心無足厭,
堆金積如山,難買無常限。子貢他能言,周公有神算,
孔明大智謀,樊噲救主難,韓信功勞大,臨死只一劍,
古今多少人,哪個活幾千?這個逞英雄,那個做好漢,
看看兩鬢白,年年容顏變,日月穿梭織,光陰如射箭,
不久病來侵,低頭暗嗟嘆,自想年少時,不把修行辦,
得病想回頭,閻王無轉限,三寸氣斷了,那時哪個辨?
也不論是非,也不把家辨,也不爭人我,也不做好漢,
罵著也不言,問著如啞漢,打著也不理,推著渾身轉,
也不怕人笑,也不做臉面,兒女哭啼啼,再也不得見,
好個爭名利,須把荒郊伴。我看世上人,都是精扯淡,
勸君即回頭,單把修行乾,做個大丈夫,一刀截兩斷,
跳出紅火坑,做個清涼漢,悟得長生理,日月為鄰伴。
东林寺酬韦丹刺史
灵澈(唐代)
年老心闲无外事,
麻衣草做亦容身。
相逢尽道修官好,
林下何曾见一人?
ཏུང་ལིན་དགོན་ནས་ཚི་ཧྲི་དཔོན་བིས་ཏན་ལ་ཕུལ་བ།
ཐང་གུར་གྱི་དགེ་སློང་ལིན་ཁྲི།
ལོ་ན་བགྲེས་པས་སེམས་ཞི་བྱ་བ་བྲལ།།
རྩྭ་རས་གྱོན་ཅིང་རྩྭ་ཡི་གདན་ལ་ཤོང་།།
དཔོན་ས་བསྐྱུར་ནས་དབེན་པར་བསྔགས་མཁན་མང་།།
འོན་ཏེ་ནགས་འདབས་སླེབས་པ་གཅིག་མཐོང་ངམ།།
དགེ་སློང་སྙན་ངག་པ་ལིན་ཁྲི་ནི་༼746-816༽ཐང་རྒྱལ་རབས་ཀྱི་མི་ཡིན་ལ།འཁྲུངས་ཡུལ་ཀྲེ་ཅང་རེད།ཆུང་དུས་སློབ་གཉེར་ལ་ཤིན་ཏུ་འབད་ཅིང་འདུལ་བ་མཁན་པོའི་མཚན་སྙན་བཞེས།རྗེས་སུ་སྙན་གྲགས་ཆེ་བའི་དགེ་སློང་མང་བོ་དང་འབྲེལ་འདྲིས་བྱུང་བས་རིམ་གྱིས་སྐབས་དེར་སྙན་གྲངས་ཆེན་པོར་གྱུར།
སྙན་ངག་འདི་ནི་ཁོང་གི་གྲོགས་པོ་ཚེ་ཧྲིའི་ཐབས་ཡོད་པ་བིས་ཏན་གྱིས་རང་ཉིད་དཔོན་གནས་དོར་ཏེ་དབེན་གནས་འགྲིམས་འདོད་པའི་འཕྲིན་ཡིག་ཅིག་ཏུང་ལིན་དགོན་དུ་བསྐུར་བ་ལ་ལན་དུ་ཕུལ་བ་རེད།སྙན་ངག་འདིའི་ཕྱེད་སྔ་མས་རྩོམ་པ་བོ་དགེ་སློང་རང་གི་ངང་ཚུལ་ཏེ།སེམས་ཞི་ཞིང་ལྟོ་གོས་ཤིན་ཏུ་སྟབས་བདེར་ཡོད་པ་དང་།འཇིག་རྟེན་གྱི་བྱ་བ་དང་བྲལ་བས་གཡེང་བ་མེད་པ་སོགས་སྲོང་བོར་བརྗོད་ཅིང་།ཕྱེད་ཕྱི་མས་སྐབས་དེར་དབེན་པ་ལ་དགའ་ཁུལ་བྱེད་པའི་དཔོན་པོ་མང་བོར་ཟུར་ཟ་གནང་ཡོད།སྐབས་དེར་དཔོན་ས་ལ་ཞེན་ཆགས་མེད་པ་ནི་སྐྱེ་བུ་དམ་པར་བརྩི་བས་མང་བོ་ཞིག་གིས་རང་ཉིད་དཔོན་གནས་ལ་ཞེན་ཆགས་ཆུང་བ་ཁ་ནས་བསྒྲགས་ཏེ་ཚུལ་འཆོས་བྱས་པ་དར་བས་དགེ་སློང་ཁོང་གིས་འོན་ཏེ་ནགས་འདབས་སླེབས་པ་གཅིག་མཐོང་ངམ་ཞེས་དངོས་སུ་དཔོན་ས་དོར་ནས་དབེན་དགོན་འདིར་ཡོང་བ་གཅིག་ཀྱང་མེད་ཅེས་བིས་ཏན་ལ་ཡང་འཕྱ་མོ་གནང་བ་རེད།
临川道中
护国(唐代)
出谷入谷路回转,
秋风已到归期晚。
举头何处望来踪,
万刃千山鸟飞远。
ལིན་ཁྲོན་རི་ལམ་ཁྲོད་དུ་བྲིས་པ།
ཐང་གུར་གྱི་དགེ་སློང་ཧུའུ་གོ།
ལུང་བ་གཅིག་ནས་གཅིག་ཏུ་ཡང་ཡང་འཛུལ།།
སྟོན་གྱི་རླུང་བུ་འཇགས་ཤིང་ནམ་ཟླ་འཕྱི།།
མགོ་བོ་དགྱེས་ནས་ཡོང་སའི་ལམ་ལ་བལྟས།།
རི་བོ་མཐོ་ལ་འདབ་ཆགས་རྒྱང་དུ་འཕུར།།
ཧུའུ་གོ་ནི་ཐང་རྒྱལ་རབས་ཀྱི་དགེ་སློང་སྙན་ངག་པ་གྲགས་ཅན་ཞིག་ཡིན་མོད།འཁྲུངས་འདས་མི་གསལ།ཕལ་ཆེར་ལྷོ་བརྒྱུད་ཀྱི་མི་ཞིག་ཡིན་ངེས།ཁོང་ནི་ཡུལ་ངེས་མེད་དུ་འཁྱམས་པར་དགའ་ཞིང་སྙན་ངག་འདིའང་ཁོང་ཅང་ཞིས་ས་ཆར་ཕེབས་སྐབས་བྲིས་པ་ཞིག་སྟེ།སྙན་རྩོམ་འདིར་ཨ་སྐྱོ་བ་ཞིག་གི་འགྲུལ་དཀའ་ལམ་གྱི་གནས་ཚུལ་དང་མཐོང་སྣང་བྲིས་ཡོད།
送童子下山
金地藏(唐代)
空门寂寞汝思家,礼别云房下九华。
爱向竹栏骑竹马,懒于金地聚金沙。
添瓶涧底休招月,烹茗瓯中罢弄花。
好去不须频下泪,老僧相伴有烟霞。
བྱིས་པ་རི་ནས་སྐྱེལ་བ།
ཐང་གུར་གྱི་ཏིས་གཙང་གིས་བརྩམས།
དགོན་སྡེ་དབེན་པས་ཁྱོད་ཀྱིས་ཕ་ཡུལ་དྲན།།
རྩེ་དགུའི་རི་ལས་བབས་ཏེ་རང་ཁྱིམ་སྙེག།
སྨྱུག་མའི་རྟ་ལ་ཞོན་པའི་རྩེད་འཇོར་དགའ།།
ཀུན་དགའ་ར་བར་བསོད་ནམས་སྒྲུབ་ལ་ཞུམ།།
[ཆུ་གཙང་བླུགས་ན་བུམ་པར་ཟླ་གཟུགས་གསལ།།
རྫ་མའི་ནང་དུ་མེ་ཏོག་ཡོངས་འཛིན་བསྐོལ།།]1
འགྲོ་བའི་ཚེ་ན་མཆི་མ་འདོན་མི་དགོས།།
ང་ལ་འདུག་གྲོགས་མཚམས་སྤྲིན་སྨུག་པ་ཡོད།།
སློབ་དཔོན་ཏིས་གཙང་ལགས་ནི་(696--794)ཐང་རྒྱལ་རབས་ཀྱི་མི་ཡིན་ལ།ད་ལྟའི་ཁྲོ་ཞན་གྱི་རྒྱལ་སྲས་ཡིན།དགུང་ན་གཞོན་པའི་དུས་ནས་རབ་ཏུ་བྱུང་།འཕགས་པ་ས་ཡི་སྙིང་བོའི་སྤྲུལ་བ་ཡིན་པར་གྲགས་པས་མཚན་ལའང་ཏིས་གཙང་སྟེ་ས་སྙིང་ཞེས་བཏགས།དགུང་ལོ་བརྒྱ་ལ་ཉེ་སྐབས་སྐུ་གཤེགས་པའི་དམར་གདུང་ད་ལྟའི་བར་བཞུགས།ཁོང་གི་ཁྱད་མཚར་བའི་གཏམ་རྒྱུད་དམངས་ཁྲོད་དུ་ཧ་ཅང་མང་།
ཁོང་རི་བོ་རྩེ་དགུ་ན་བཞུགས་དུས་ཞབས་གཡོག་པ་བྱིས་པ་ཆུང་ཆུང་ཞིག་ཡོད་མོད།དེ་དགོན་པའི་ནང་གི་ལྷིང་འཇགས་ལ་སུན་ཏེ་ཡུལ་དུ་ལོག་རྒྱུའི་རེ་བ་ཞུས།སྐབས་དེར་ཁོང་གིས་ཆུ་ལེན་ཇ་སྐོལ་བྱེད་པའི་བྱིས་པ་དེ་ལ་སྐྱེལ་མའི་ཚུལ་དུ་སྙན་ངག་འདི་བྲིས་པ་ཡིན།སྙན་ངག་འདིར་བྱམས་བརྩེ་ཡིས་ཁྱབ་ཡོད་ལ།ནམ་རྒྱུན་གྱི་འཚོ་བ་དེ་ཞིབ་འབྲི་བརྒྱུད་དེ་རྩོམ་པ་བོས་བྱིས་པ་དེ་ལ་བཅངས་པའི་བརྩེ་བ་མཚོན་པར་བྱས་ཡོད།
མཆན།
1རྐང་བ་འདི་གཉིས་ལ་རྒྱའི་སློབ་དཔོན་ཅིན་ཁུང་གིས་རི་བོ་རྩེ་དགུ་ནས་འགྲེལ་བཤད་བྱས་པ་ཞིག་ཏུ་རྐང་བ་དང་བོས་ཆོས་རྣམས་སྣང་ཡང་སྒྱུ་མའི་དཔེ་དང་།གཉིས་པས་མེ་ཏོག་མཛེས་ཀྱང་མི་རྟག་ཟགས་ནས་འགྲོ་ཞེས་པའི་དཔེ་ལྟར་བཀྲལ་འདུག་མོད།དོན་དངོས་སུ་བྱིས་པ་དེས་ཁོང་ལ་ཞབས་གཡོག་སྒྲུབ་སྐབས་ཆུ་ལེན་ཇ་བསྐོལ་གྱི་ལས་ཀ་བྱས་པ་ཡིན་པས།འདིར་ནམ་རྒྱུན་གྱི་འཚོ་བའི་ཟུར་ཞིག་བསྟན་མེད་དམ་སྙམ།ལིའོ་དབྱང་ཀྲིན་廖养正གྱིས་གཙོ་སྒྲིག་ཞུས་པའི་《ཀྲུང་གོའི་དུས་རབས་རིམ་བྱོན་གྱི་གྲྭ་བའི་སྙན་ངག་ཕྱོགས་བསྒྲིགས།》ཞེས་པ་རུ་ཚིག་རྐང་གཉིས་པའི་ནང་གི་弄花དེ་ཇ་བསྐོལ་སྟངས་ཤིག་ཏུ་བཀྲལ་ཡོད་པ་ནི་དོན་དངོས་དང་མཐུན་པར་འདུག་སྙམ་མོ།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn