བན་ཆེན་པོ་ཆོས་ཀྱི་སྣང་བ་ནུབ་ཕྱོགས་འཕགས་ཡུལ་དུ་ཕེབས་པའི་ཟིན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-17 16:11:03     རྩོམ་པ་པོ།   བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར།    ཀློག་ཐེངས།  

微信图片_20180817160912.jpg

དང་བོ། འདུལ་བ་འཚོལ་བའི་བན་ཆེན་པོ་ཆོས་ཀྱི་སྣང་བ་ཁྲན་ཨན་དང་གྱེས་པ།

བྱང་རླུང་འུར་སྒྲ་སྒྲོག་ལ་བྲེལ།།ཁ་བའི་འདབ་མ་ལྷབ་ལྷབ་གཡོ།།

དེ་ཡང་སྤྱི་ལོ་༣༩༩ལོ་སྟེ། ཅིན་ཤར་མའི་ལོན་ཨན་སྲིད་ལོ་གསུམ་པའི་དགུན་ཟླ་ར་བའི་གྲང་ལྷགས་རྒོད་པའི་ཉིན་མོ་ཞིག་ལ། ཁྲང་ཨན་གྲོང་ཁྱེར་གྱི་འབངས་མི་དང་གྲྭ་བཙུན་བརྒྱ་ཕྲག་དུ་མས་སྟབ་བདེའི་ཁུར་བོ་ཁུར་བའི་གྲྭ་བཙུན་འགའ་ཞིག་ཡོངས་སུ་བསྐོར་ཏེ། གནའ་བོའི་རྒྱལ་ས་ཁྲང་ཨན་ནས་སྒོར་བུད་ཅིང་། ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་བརྒྱུད་ནས་ནུབ་ཀྱི་ཕྱོགས་སུ་ཆས་སོ།།དཔུང་སྡེ་དེའི་ནང་དུ་བགྲེས་པོ་ཡོད་ལ་གཞོན་པ་ཡང་ཡོད། དེ་རྣམས་ལས་ལ་ལ་ནི་སེམས་ཀྱི་ངར་ཤུགས་མངོན་བཞིན་ཡོད་ལ། འགའ་ཞིག་ནི་སེམས་ཁྲལ་དང་།  ཁ་ཤས་ཤིག་གདོང་ལ་སྐྱོ་བས་གང་བཞིན་པའང་འདུག་མོད། འོན་ཀྱང་ཅི་ཞིག་གིས་མདུན་ནས་འཐེན་བཞིན་ཡོད་པ་ལྟར་དེ་དག་ཐམས་ཅད་འཛེམས་ཚོམ་མེད་པར་མདུན་དུ་བསྐྱོད་ནས་སོང་ངོ་།།དེ་དག་ལེ་བར་བཅུ་ཡི་བསུ་སྐྱེལ་ལྡིང་ཁང་དུ་སླེབས་པ་ན། རས་སེར་པོས་བཟོས་པའི་རྒྱབ་ཁུག་སེ་རལ་དུ་ཁུར་བའི་གྲྭ་བཙུན་བགྲེས་པོ་ཞིག་གིས། སླར་ཡང་གོམ་པའི་འདེགས་འཇོག་ལྷོད་དེ་ལག་ཟུང་ཐལ་མོ་སྦྱར་ནས་ཚོགས་འཁོར་རྣམས་ལ་འདི་སྐད་དུ། ཕྱིར་ཕེབས་རོགས། ཚང་མ་ཕྱིར་ཕེབས་རོགས་གནོང། གྲོགས་པོ་ལེ་དབར་སྟོང་ལ་སྐྱེལ་ན་ཡང་།།མཐའ་མར་རང་རང་སོ་སོར་གྱེས་དགོས་སོ།།ཞེས་པ་ལྟར་ཡིན་པ་ཤེས་དགོས་ཞེས་གསུངས།

དེ་ཡང་འདི་ལྟར་བཤད་ཀྱང་ཆོག་སྙམ་སྟེ། འདི་ནི་ཀྲུང་གོའི་ནང་བསྟན་ལོ་རྒྱུས་སུ་འོད་སྟོང་འབར་བའི་དུས་སྐབས་ཤིག་ཡིན་ཏེ། མི་མང་བོ་ཞིག་གིས་སྐྱེལ་ནས་འགྲོ་བཞིན་པའི་གྲྭ་བཙུན་འདི་དག་ནི། དུས་འདི་ནས་བཟུང་རང་གི་རྐང་འོག་ཏུ་ཡོད་པའི་ཡོ་རུབ་དང་ཡ་གླིང་སྦྲེལ་བའི་དར་གོས་འདྲེན་ལམ་འདི་བརྒྱུད་ནས་ནང་བ་སངས་རྒྱས་པའི་བསྟན་པའི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་རྣམ་དག་ཅིག་འཚོལ་བའི་ཆེད་དུ་ལམ་ལ་ཆས་པ་ཡིན་པས་སོ།།སྐབས་དེར་ཀྲུང་གོ་བ་རྣམས་ཀྱིས་ཧུ་དུ་༼རྒྱ་གར་༽ལ་ཐེན་ཀྲུ་ཞེས་འབོད་ཅིང་། ཤར་ལྷོ་ནུབ་བྱང་དབུས་བཅས་ས་གནས་ཆགས་ཚུལ་ལ་བརྟེན་ནས་ཐེན་ཀྲུ་གནས་ལྔ་རུ་འབོད་དོ།།དེའི་རྒྱུ་མཚན་གྱིས་ཀྲུང་གོའི་མི་སེར་རྣམས་ཀྱིས་རྒྱ་གར་དུ་ཆོས་འཚོལ་བར་སོང་བ་ལ་ནུབ་ཐེན་ལ་ཆོས་ལེན་དུ་སོང་ཞེས་འབོད་པའི་གོམས་སྲོལ་ཆགས་སོ།།དེ་ནས་ཡང་ཀྲུང་གོའི་ལོ་རྒྱུས་རིག་སྨྲ་བ་དག་གིས་ཧིན་དུ་ཞེས་པ་དེ་ཧྲིན་ཏུའུ་དང་ཤན་དུ་སོགས་སུ་བསྒྱུར་ལ། དེ་ནས་༼སློབ་དཔོན་༽རྨད་བྱུང་གཟི་བརྗིད་༼ཐན་སན་བླ་མའི་མཚན་ནོ།།༽ནུབ་ཕྱོགས་སུ་ཕེབས་པ་ན།  ཡུལ་དེའི་དངོས་ཡོད་ལ་ཞིབ་དཔྱོད་གནང་སྟེ་ཡུལ་དེ་བ་རྣམས་ཀྱི་སྒྲའི་གདངས་ལྟར་ཨིན་དུ་ཞེས་པར་བསྒྱུར་བ་ཡིན་ནོ།།དེ་ཡང་ལོ་རྒྱུས་ཡིག་ཆ་རྣམས་སུ་བཀོད་པའི་གནས་ཚུལ་ལ་བལྟས་ན། ལམ་ལ་ཆས་པའི་གྲྭ་བཙུན་འདི་རྣམ་པ་ནི། རང་རྒྱལ་གྱི་ཆེས་ཐོག་མར་པཱ་ཀི་སི་ཐཱན་དང་རྒྱ་གར་དུ་ཕེབས་པའི་དགེ་འདུན་པ་ཡིན་འདུག་ཅིང་། ཁོང་རྣམ་པས་ནི་ཀྲུང་གོའི་ནང་བསྟན་ལོ་རྒྱུས་དང་རིག་གནས་སྒྱུ་རྩལ་ལོ་རྒྱུས་སུའང་འོད་སྣང་གི་ཟིན་ཐོ་བྲིས་པ་ཡིན་འདུག་གོ།

འཁོར་ཚོགས་ལ་སྐད་ཆ་བཤད་མཁན་གྱི་གྲྭ་བ་བགྲེས་པོ་དེའི་ཁྱིམ་ཀྱི་རུས་ལ་ཀུང་དང་། གྲྭ་མིང་ལ་ཆོས་ཀྱི་སྣང་བ་ཟེར་ཞིང་། ཕིན་ཨན་ཅུན་༼དེང་སང་གི་ཧྲན་ཞི་ལིན་ཧྥིན་ས་ཕྱོགས་༽ཀྱི་མི་ཡིན་ལ། རང་རྒྱལ་གྱི་ཅིན་ཤར་མའམ་རྒྱལ་ཁབ་བཅུ་དྲུག་དུས་རབས་ཀྱི་བཙུན་པ་མིང་གྲགས་ཅན་ཞིག་གོ །ཁོང་དགུང་ལོ་གསུམ་གྱི་ཚེ་དགེ་ཚུལ་དུ་བཅུག་ཅིང་། ཉི་ཤུར་སོན་པ་ན་སྡོམ་པ་བླངས༼བཤད་ཚུལ་འདི་ནི་ཅུང་མཚར་བོ་ཞིག་འདུག་ཀྱང་རྒྱ་ཡིག་གི་མ་དཔེ་བཞིན་བསྒྱུར་ཡོད།༽། ཆུང་ངུའི་དུས་ནས་ཀྲུང་གོའི་ལོ་རྒྱུས་དེབ་ཐེར་དང་ནང་བསྟན་ཆོས་གཞུང་ལ་ཐོས་པ་རྒྱ་ཆེན་པོར་བྱས་ཤིང་། ཅིན་དང་། ཡཱན། ཆིན་སོགས་སུ་ཡོད་པའི་དགོན་སྡེ་གྲགས་ཅན་དང་གནའ་དགོན་མང་བོ་ལ་གྲྭ་སྐོར་མཛད་པས་མཁྱེན་དཔྱོད་རྒྱ་ཆེ་ཞིང་ཡངས་པ་དང་། ནང་བའི་བསྟན་པ་ལ་ལྷག་བསམ་དཀའ་ཞིང་སྤྱོད་པ་གཙང་བ་ཞིག་གོ།

     ཆོས་ཀྱི་སྣང་བ་འཚོ་གཞེས་ཀྱི་དུས་རབས་དེར་ཀྲུང་གོའི་ས་ཆེན་པོའི་སྟེང་རངབསྐོས་རྒྱལ་བོའི་བཅད་བཟུང་གི་སྲིང་དབང་མང་དུ་བྱུང་བ་དང་། ཕན་ཚུན་མུག་ཟོས་ཀྱི་འཐབ་འཁྲུགས་ལོ་རེར་བཞིན་རྒྱུན་མ་ཆད་པར་བྱིང་བ་སོགས་ནི་ཀུན་གྱིས་ཤེས་གསལ་ལྟར་རོ།།དེའི་ཕྱིར་བཀས་བཀོད་རྒྱུན་འཛིན་གྱི་དབང་སྒྱུར་མཁན་ཆེ་ཆུང་དེ་དག་ཐམས་ཅད་ཀྱིས་མི་དམངས་ཀྱི་བསམ་བློ་ལ་དབང་བསྒྱུར་བྱེད་པ་ཤུགས་བསྣོན་བྱེད་ཆེད་དང་། ལྷའི་མཐུ་སྟོབས་ལ་བརྟེན་ནས་ཀྱང་རང་གི་སྲིད་དབང་ལ་སྲུང་སྐྱོབ་བྱེད་པ་རྩོད་ལེན་བྱེད་པའི་ཆེད་དུ་ནང་བསྟན་དར་སྤེལ་དང་རྒྱབ་སྐྱོར་མི་བྱེད་མཁན་༼ཕལ་ཆེར་༽མེད་པ་ལྟ་བུར་འདུག་པས། ནང་བསྟན་དེ་རྒྱ་ནག་དབུས་རྒྱུད་ས་ཁུལ་དུ་འུར་འུར་ཆིལ་ཆིལ་གྱིས་འཕེལ་རྒྱས་བྱུང་ངོ་།།༼སྒྱུར་མཁན་གྱི་གསལ་བཤད། རྒའཡ་ཡིག་གི་རྩོམ་པ་བོ་འདི་ནང་བསྟན་ལ་དད་པ་མེད་མཁན་ཞིག་ཡིན་ནམ་སྙམ་སྟེ། འདིས་བཤད་ལུགས་དང་ཐ་སྙད་བཀོལ་སྟངས་དུ་མ་ཞིག་ཆོས་ལུགས་པ་རྣལ་མ་ཞིག་གིས་བལྟས་ན་རྣམདང་སེམས་ཁམས་ལ་མི་བདེ་བའང་འགའ་རེ་ཡོང་གིན་འདུག་མོད། འོན་ཀྱང་རྒྱ་ཡིག་གི་དོན་སོར་བཞག་ཡོད་པ་ལས་ངས་ནི་གང་དགར་བཅོས་བསྒྱུར་བྱས་མེད།༽  དེ་ཡང་འཕེལ་རྒྱས་བྱུང་བ་མགྱོགས་ཆེ་བའི་རྐྱེན་གྱིས་གནད་དོན་ཡང་མི་ཉུང་བ་ཞིག་མཆིས་ལ། ཆེས་འབུར་དུ་ཐོན་པ་ཞིག་ནི་ནང་བསྟན་གྱི་འདུལ་བ་དང་མདོ་སྡེའི་ཆ་ལ་ཕན་ཚུན་འགལ་བར་སོང་བ་དང་། དགེ་འདུན་པའི་སྡེ་ལ་སྡོམ་ཁྲིམས་དང་འགལ་མཁན་དང་རང་སྣང་གང་དྲན་བྱེད་པའི་སྣང་ཚུལ་སོགས་ཉིན་རེ་བཞིན་ཇེ་ཐུ་ཇེ་སྡུག་ཇེ་སྡུག་ཏུ་གྱུར་ཏོ།།འདི་དག་ནི་རང་ཉིད་ཚེ་གང་བོ་ཤཱཀྱའི་བསྟན་པ་ལ་ཕུལ་ཟིན་པའི་ཆོས་ཀྱི་སྣང་བ་ལ་མཚོན་ན་བཟོད་ཐབས་མེད་པའི་གནད་དོན་ཆེན་པོར་གྱུར་ཡོད་པ་ཞིག་ཡིན་ནོ།།དེའི་ཕྱིར་སྐབས་དེར་ཁོང་དགུང་ལོ་རེ་གཉིས་ལ་སོན་པའི་བགྲེས་པོ་ཞིག་ཡིན་ན་ཡང་། བདེན་དོན་གྱི་ཆེད་དུ་ཕྱི་བཤོལ་མི་བྱེད་པའི་༼སྙིང་སྟོབས་ཀྱི་གོ་ཆ་བརྟན་པོར་བསྒོས་ཏེ་༽སྐུ་སྲོག་ལའང་མི་འཛེམས་པར་ཆོས་འཚོལ་རྒྱུ་ཐག་བཅད་དེ། ཁྲན་ཨན་དགོན་པའི་གྲྭ་བ་ཧུས་ཅིན་དང་། ཏོ་དྲིན། ཧུས་ཡིན། ཧུས་བཱས་དང་ཧུས་ཏཱ་རྣམས་དང་ལྷན་དུ་འགྲོ་བའི་དུས་བཏབ་སྟེ། ཐེ་ཚོམ་སྤུ་ཙམ་ཡང་མི་བྱེད་པར་དཀའ་ངལ་གྱིས་གང་བའི་རྒྱང་རིང་གི་ནུབ་བསྐྱོད་གནའ་ལམ་དུ་གོམ་པ་སྤོས་པ་ཡིན་ནོ།།

 སྐབས་དེར་གློ་བུར་དུ་ཕེབས་སྐྱེལ་བ་རྣམས་ཀྱི་དཀྱིལ་དུ་རང་འགུལ་གྱིས་བར་གསེང་ཞིག་ཕྱེ་བྱུང་།  དེ་ནི་ཁྲང་ཨན་དགོན་པའི་དགོན་བདག་བླ་མ་ཕེབས་བྱུང་བས་ཡིན་འདུག དགུང་ལོ་བརྒྱད་ཅུ་ལྷག་ལ་སླེབས་པའི་བླ་རྒན་འདི་ཚང་གྲྭ་བ་ན་གཞོན་གཉིས་ཀྱིས་སྐྱོར་བཞིན་འདར་ཕྲིལ་ཕྲིལ་དུ་ཆོས་ཀྱི་སྣང་བའི་གམ་དུ་ཕེབས་ཤིང་། ཁོའི་ལག་པ་ནས་དམ་དུ་བཟུང་ནས་འདི་སྐད་དུ། ད་འདི་ནས་ནུབ་ཏུ་ལམ་ལ་ཆས་པ་ནས་བཟུང་། ཕ་མཐའ་བྲལ་བའི་འགག་འཕྲང་བཙན་པོ། བྱེ་མའི་ཀླུང་རྒྱུན་འཕྱོ་བའི་་མྱ་ངམ་གྱི་ཐང་ཆེན། གངས་རིའི་འཕྲེང་་བ་བསྟར་བའི་ལྕགས་ཀྱི་སྒོ་ཆེན་སོགས་ལམ་འཕྲང་ལ་རྫོགས་མཐའ་མེད། དབྱར་ཁ་ཚ་བའི་ཉིན་མོར་ནི་ཉི་འོད་བཙན་པོས་ཀླད་ནས་གདུངས་ཤིང་། བྱེ་མ་ཚ་བོས་རྐང་ནས་སྲེག་བཞིན་དུ་འགྲོ་དགོས་ལ། ཉིན་མང་བོའི་རིང་ཆུ་ཐིག་ཙམ་ཡང་བཏུང་རྒྱུ་མི་རྙེད་པར་ཚ་ཞིང་བསྲེག་པའི་སྡུག་བསྔལ་མྱོང་བཞིན་མདུན་དུ་བསྐྱོད་དགོས་པའང་འབྱུང་སྲིད་དོ།།གྲང་ངར་ཆེ་བའི་དགུན་གྱི་དུས་སུ་ནི་བྱང་རླུང་གིས་འུར་སྒྲ་སྒྲོག་བཞིན། ཁངས་ཆེན་གྱི་བུར་ཡུག་འཚུབ་བཞིན། གནམ་སའི་བར་ནི་འཇིག་རྟེན་ཆགས་པའི་ཐོག་མའི་དུས་ཀྱི་མུན་ནག་ལྟ་བུར་ཡང་འགྱུར་སྲིད་ལ། ཕྱོགས་བཞི་ཐམས་ཅད་སྐྱོ་ཞིང་མུ་མེད་པ་དང་། ཁྱེད་ཚོ་གཏིང་མཐའ་མི་མངོན་པའི་འཁྱག་རོམ་གྱི་ཀློང་དུ་ལྷུང་ནས་བཟོད་གླགས་མེད་པའི་གྲང་རེག་གི་སྡུག་བསྔལ་ཡང་དཔག་ཏུ་མེད་པ་མྱོང་དགོས་པའང་སྲིད། དེར་མ་ཟད་དུ་དུང་དགྲ་ཇག་ཆོམ་རྐུན་གྱིས་འགྲོ་ལམ་གཅོད་པ། འཕར་སྤྱང་གཅན་གཟན་གྱིས་རྒྱུ་ལམ་འགོག་པ། འདྲེ་གདོན་མི་མིན་གྱིས་བར་ཆད་བྱེད་པ་སོགས་གྲངས་མཐའ་མེད་པའི་འགལ་རྐྱེན་བར་ཆད་མང་བོས་ཁྱེད་ཅག་གི་མདུན་ན་བསྒུགས་ནས་བསྡད་ཡོད་ཅེས་སོགས་མང་དུ་གསུངས་མཐར་ཅིས་ཀྱང་གཟབ་གཟབ་བྱོས་ཞེས་གསུངས།  བཤད་ནས་མཚམས་འདིར་སླེབས་པ་ན། ཕེབས་སྐྱེལ་བའི་འཁོར་ཚོགས་ཀྱི་ཁྲོད་ནས་མི་ལ་ལ་ཞིག་ངུ་སྐད་ཤུབ་ཤུབ་བྱས་བྱུང་། ཆོས་ཀྱི་སྣང་བའང་མགྲིན་པ་བརྣང་ཞིང་མིད་པ་འཆུས་ནས་ཕེབས་སྐྱེལ་བྱེད་པའི་འཁོར་ཚོགས་ལ་མགོ་བོ་བཀྱགས་ནས་བལྟ་མི་ཕོད་པ་ལྟ་བུར་གྱུར། ཁྲང་ཨན་དགོན་པའི་དགོན་བདག་ཚང་གིས་དབུགས་ཤིག་རྔུབ་སྟེ་སླར་ཡང་མུ་མཐུད་དུ་གསུངས་རྒྱུར། རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་མིང་གྲགས་ཅན་གྱི་བཙུན་པ་ཀྲུ་ཧྲི་ཞིན་དེ་ཉིད། ཝེ་བདུད་རྩི་སྲིད་ལོ་ལྔ་བ་སྟེ། སྤྱི་ལོ་༢༦༠ལོར་ནུབ་ཕྱོགས་ལ་ཆོས་འཚོལ་དུ་ཕེབས་པ་ཡིན་མོད། འོན་ཀྱང་ཁོང་རྒྱ་གར་རྒྱལ་ཁབ་ཀྱི་སྒོ་ཐེམ་བརྒལ་རྒྱུ་མ་བྱུང་བར་གཞན་ཡུལ་ཡུས་ཐེན་༼དེང་གི་ཡུ་གུར་ཧི་ཐེན་ས་ཕྱོགས་༽ནས་སྐུ་གཤེགས་པས། ཁོང་ཉིད་ཀྱིས་དེ་ནས་རྙེད་པའི་ལེགས་སྦྱར་ཀྱི་དཔེ་ཆ་དགུ་བཅུ་ཙམ་ཡོད་པ་དེ་སློབ་མ་ལ་ལོ་དབྱང་ལ་སྐྱེལ་དུ་མི་འཇུག་ག་མེད་བྱུང་བ་རེད། དེའི་ཕྱིར་ཁོང་ཉིད་ནི་ནུབ་བསྐྱོད་ཆོས་འཚོལ་བའི་ཐོག་མ་རེད་ཅེས་བཤད་དཀའ་བར་སྙམ། དེས་ན་ཁྱེད་རྣམ་པ་ལ་འགན་ལྕི་ཞིང་ལམ་ཐག་རིང་བ་དང་།  ནུབ་ཕྱོགས་རྒྱ་གར་ལ་འགྲོ་བའི་ལམ་འཕྲང་དེར་ནི་འགལ་རྐྱེན་མང་ལ་མཐུན་རྐྱེན་ཉུང་བས་ཅིས་ཀྱང་གྲོགས་དང་སྡོངས་ནས་ཕེབས་དགོས་ཤིང་། ཕན་ཚུན་གཅིག་ལ་གཅིག་ལྟ་སྐྱོང་གནང་རོགས།   གསོན་པོར་ནུབ་ཕྱོགས་འཕགས་པའི་ཡུལ་དུ་ཐོན་པར་བྱེད་དགོས་པར་མ་ཟད། མ་ཤི་བར་ཕྱིར་ཕ་ཡུལ་དུ་ཕེབས་ཐུབ་པའང་ཅིས་ཀྱང་རྩོད་ལེན་བྱེད་དགོས་ཞེས་གསུངས།

 མང་དུ་ཐོས་ཤིང་མཁྱེན་རྒྱ་ཡངས་པའི་ཆོས་ཀྱི་སྣང་བས་ནི་དགོན་བདག་གིས་གསུངས་པའི་གནས་ཚུལ་འདི་དག་སྔར་ནས་ཤེས་ཡོད་པར་མ་ཟད། དེ་དག་གི་སྐོར་ལ་བསམ་བློ་ཡང་བཏང་ཟིན་ཡོད། ཡིན་ན་ཡང་ཁོང་གིས་ལོ་རྒྱུས་ཀྱི་གནའ་ལམ་འདིའི་ཕྱོགས་ལ་ལྟ་ཚུལ་ནི་དགོན་བདག་ཚང་ལྟར་སྐྱོ་སྣང་གིས་གང་བ་ཞིག་མ་རེད། ཁོང་གིས་གནའ་སྔ་མོར་ཧན་ནུབ་མའི་ཅཱན་ཡོན་སྲིད་ལོ་གཉིས་པ་སྟེ། སྤྱི་ལོ་༡༣༨ལོར། ༼བློན་པོ་༽ཀྲང་ཆན་༼ཞེས་པ་དེ་༽གོང་མ་ཧན་ཝུ་ཏིས་ཀྱི་ནུབ་ཡོ་ཀྲི་ལ་འབྲེལ་བ་བྱས་ཏེ་བྱང་ཧོར་བ་ཕམ་པར་བྱེད་རྒྱུའི་ཐབས་ཇུས་དེ་ལག་བསྟར་བྱེད་པའི་ཆེད་དུ། གནས་འདི་ནས་རྒྱལ་གཞུང་གི་སྐྱེལ་སྟོན་བྱེད་པའི་དཔོན་པོ་རྣམས་དང་གྱེས་ཏེ། ཀན་ཧྥུ་སོགས་རྟ་བ་དཔུང་སྡེ་གཅིག་དང་བཅས་ཁྲིད་ནས་ནུབ་ཕྱོགས་བསྐྱོད་དོན་གཅོད་དུ་སོང་། ༼འོན་ཀྱང་༽ནུབ་བསྐྱོད་ཀྱི་ལམ་ནས་ཁོ་ཚོ་ཚང་མ་ཧོར་བས་བཟུང་སྟེ་མྱ་ངམ་གྱི་གྲམ་ཐང་དེ་རུ་དགུན་དཔྱིད་བཅུ་གཅིག་གི་རིང་ལ་བྲན་ཏུ་བཀོལ་ནས་དཀའ་སྡུག་མྱོང་བ་རེད། འོན་ཀྱང་ཁོས་ཐོག་མཐའ་ཀུན་ཏུ་རང་ཉིད་ཀྱི་བླ་ན་མེད་པའི་འགན་འཁྲི་དེ་མ་བརྗེད་པར། ཝུ་ཏིས་ཀྱིས་གནང་བའི་དཔུང་རྒྱ་དེ་ནམ་ཡང་གཅེས་པར་བསྐུང་ནས་བཞག་ནས་བསྡད་པས། རྗེས་སུ་ཧོར་བའི་རྒྱལ་ཁོངས་ནས་བྲོས་ཤིང་ཐར་ཏེ་རང་ཉིད་ཀྱི་ལས་འགན་ཡོངས་སུ་འགྲུབ་པ་རེད། ཁོ་མ་ཤི་བར་ཕྱིར་ཡོང་ཐུབ་སོང་བར་མ་ཟད། ནུབ་ཡུལ་གསར་བ་ཞིག་ཀྱང་རྙེད་སོང་བས་མིག་མདུན་གྱི་རླབས་ཆེ་བའི་ལམ་ཆེན་འདི་བརྟོལ་བ་ཡིན་པའང་མཁྱེན་ཡོད་པ་རེད། 

     ༼དེར་མ་ཟད་ད་དུང་།༽ཧན་ནུབ་མའི་ཡོན་ཧྥིན་སྲིད་ལོ་དྲུག་པ་དང་ཐེན་ཧན་སྲིད་ལོ་དང་བོ་སྟེ། སྤྱི་ལོའི་སྔོན་གྱི་༡༠༥དང་སྤྱི་ལོའི་སྔོན་གྱི་༡༠༠སྐབས་སུ། ཞིས་ཅུན་གོང་ཇོ་དང་ཅེ་ཡུའུ་གོང་ཇོ་གཉིས་ཀྱང་རིམ་པ་བཞིན་གནས་འདི་ནས་མིག་ཆུ་ཐོར་བཞིན་རང་གི་ཕ་ཡུལ་གཉེན་ཉེ་རྣམས་དང་གྱེས་ཏེ་ཝུ་སུན་ལ་མཐུན་སྦྱོར་གཉེན་སྒྲིག་གི་ཆེད་དུ་མནའ་མར་སོང་བ་དང་། དེ་དག་དང་དེ་དག་རྣམས་ཀྱི་རྗེས་འབྲངས་པ་དང་། གཟབ་སྒྲེང་བ། ཁྱིམ་བྲན་རྣམས་ཀྱང་འདི་ནས་ནུབ་ཕྱོགས་སུ་བསྐྱོད་པའི་ལམ་དུ་ས་རྡུལ་ནམ་མཁར་འཚུབ་པར་བྱས་མྱོང་བ་ཡིན་པའང་གསལ་བར་མཁྱེན། དེས་ན་ཉམ་ཆུང་གི་བུད་མེད་དེ་དག་གིས་ཀྱང་བགྲོད་པར་བྱེད་ཐུབ་པའི་ཡུལ་དེ་དག་དེ་ལྟ་བུའི་འཇིགས་སུ་རུང་ཞིང་སྐྱི་གཡའ་བའི་གནས་སུ་བལྟ་དགོས་དོན་ཅི་ཞིག་ཡོད་སྙམ་དུ་དགོངས་སོ།།

 ཡིན་ན་ཡང་དགོན་བདག་ཚང་གིས་དེ་ལྟར་འཛེམ་ཆ་མེད་པར་དྲང་མོར་བཤད་པ་ནི་ཕན་སེམས་འབའ་ཞིག་ལས་བྱུང་བ་ཡིན་པར་ཤིན་ཏུ་གསལ་བོར་མཁྱེན་པས། སྐད་གདངས་འཇམ་པོའི་ངང་ནས། ཁྱེད་རྣམ་པས་ཐུགས་ཁྲལ་མི་གནོང་རོགས། ངེད་ཅག་ད་ཐེངས་ནུབ་ཕྱོགས་འཕགས་ཡུལ་དུ་འདུལ་བ་འཚོལ་བའི་ཕྱིར་འགྲོ་བཞིན་ཡོད་ན་བྱང་ཆུབ་སེམས་དཔའ་དག་གིས་སྐྱོབ་པར་འགྱུར་བས་ངེས་པར་བདེ་བླག་ངང་ཕྱིར་ཐོན་ཐུབ་པར་འགྱུར། ད་ཁྱེད་རྣམ་པས་ཐག་རིང་དུ་སྐྱེལ་མ་མ་གནོང་རོགས། ཚང་མ་ཕྱིར་ཕེབས་རོགས་ཞེས་གསུངས།

   སྐད་ཆ་དེ་ལྟར་བཤད་པ་ཡིན་མོད། འོན་ཀྱང་གང་ལྟར་རང་ཉིད་མི་ཚེའི་ཕྱེད་ཀ་ལྷག་གི་འཚོ་བ་རོལ་སའི་ཆ་ཡོད་རྒྱུས་ཡོད་ཀྱི་ཡུལ་འདི་རེ་ཞིག་བསྐྱུར་ནས་འགྲོ་དགོས་པ་བྱུང་བས་མཆི་མ་དྲོན་མོ་ཞིག་མ་ཁོག་པར་ཆོས་ཀྱི་སྣང་བའི་མིག་མཐའ་ནས་བརྡོལ་བྱུང་། དེ་ནས་ཧུས་ཅིན་དང་ཏོ་ཀྲིན་སོགས་ལྟོས་དང་། རེ་རེ་བཞིན་ཆུ་འགོ་བརྡོལ་བ་ལྟར་མིག་ཆུ་ལྷུག་ལྷུག་ཏུ་བཞུར་གྱིན་འདུག  ༼ཡིན་ནའང་༽ཁོང་རྣམ་པས་སེ་རལ་དུ་ཁུར་བའི་རས་སེར་པོའི་ཁུག་མ་དེ་ཁུར་ཡག་ཅིག་བྱས་ཤིང་། འཁར་གསིལ་ལག་ཏུ་བཟུང་ནས་བསུ་སྐྱེལ་བ་རྣམས་ཀྱི་གྲས་ནས་ལྷང་ངེར་བུད་དེ་གོམ་རེ་དང་ཕྱིར་མིག་རེ་ལྟ་བཞིན་དར་གོས་གནའ་ལམ་བརྒྱུད་ནས་མདུན་ཕྱོགས་སུ་བསྐྱོད་ནས་ཕེབས་སོང་།

   ཨེ་མ། ངོ་མཚར་བའི་དར་གོས་འདྲེན་ལམ་ལགས། ཁོང་རྣམ་པ་ནི་ཁྱོད་འདི་བརྒྱུད་ནས་ཉེན་ཁའི་མྱུལ་ཞིབ་བྱེད་པའི་ཕྱིར་ཕེབས་དགོས་ཤིང་། ༼ཚེ་སྲོག་གི་སྙིང་བོ་༽འཚོལ་ཞིབ་བྱེད་པའི་ཆེད་ཕེབས་དགོས། ཁོང་རྣམས་ནི་རང་ཉིད་ཀྱི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་འདི་བཀོལ་ནས་གསང་ཞིང་ངོ་མཚར་བའི་འོད་ཕུང་གིས་ཡོངས་སུ་བཀླུབས་པའི་དབུས་ན་བཞུགས་པའི་དམ་ཆོས་རྣམ་དག་དེ་འདྲེན་པའི་ཕྱིར་དུ་ཕེབས་དགོས་པ་ཡིན་ནོ།།གལ་ཏེ་རང་ཉིད་དངོས་གནས་ལམ་འདི་ནས་འགྱེལ་དུ་ཆུག་ཀྱང་། ད་དུང་ངའི་གྲོགས་པོ་ཡོད་ལ། ངའི་ཕྱི་རབས་པ་ཡོད་པས་དེ་ནི་ཅིས་ཀྱང་འོས་པ་ཞིག་མ་རེད་དམ།

   གཉིས་པ། རྨ་ནུབ་འབྲོང་ཡུལ་བརྒལ་དུས་མདུན་མ་གཅིག་མཐུན་གྱི་གྲོགས་པོ་དང་འཕྲད་པ།

    དེ་ཡང་དགེ་འདུན་པ་དག་གི་གནས་མཇལ་ཡུལ་སྐོར་ལ་ནི་བྱིངས་ཀྱི་འགྲིག་ལམ་དང་མི་འདྲ་བའི་འགྲོ་ལུགས་ཤིག་ཡོད་པ་སྟེ། སྒར་དགོན་པ་དང་ཐུག་ན་ལྷ་མཇལ་བྱེད་ཅིང་། གནས་སྒྲུབ་ཕུག་དང་འཕྲད་ན་ཆོས་གཞུང་སྐྱོར་བར་བྱེད་པ་ཡིན་པས། ཚོང་བ་དང་གཞུང་ཞབས་པ་རྣམས་ཀྱི་ལྟར་ནམ་ཡིན་ཡང་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་མྱུར་བགྲོད་རང་བྱེད་མི་དགོས་པ་ཡིན། ཆོས་ཀྱི་སྣང་བ་སོགས་ནི་ཁྲང་ཨན་ནས་ལམ་དུ་ཆས་པ་ནས་བཟུང་། ལམ་སྐྱ་མོར་སངས་རྒྱས་ཀྱི་མཛད་རྗེས་འཚོལ་ཞིབ་བྱས་ཤིང་། གནའ་ཤུལ་དག་ལ་ལྟ་སྐོར་གནང་བཞིན། མཚན་མོར་ངལ་གསོས་ཉིན་མོར་བསྐྱོད། ལྷུང་བཟེད་ལག་ཏུ་ཐོགས་ནས་ཕེབས་པས་བག་ཡངས་སམ་སྤྲོ་དགའ་དང་མི་ལྡན་རྒྱུ་རང་མེད་ཅིང་། ཁེར་རྐྱང་དང་སྐྱོ་སྣང་གི་ཚོར་བ་གཏན་མི་སྐྱེའོ།།ཟླ་བ་འགའི་རྗེས་སུ་ཁོང་རྣམ་པ་ཀན་སུའུ་ཡི་མངའ་ཁོངས་སུ་ཐོན་ཅིང་། རྨ་ནུབ་ཅུན་ལྔར་གྲགས་པའི་ནང་ཚན་གྱི་གསེར་མཁར་ཏེ་དེང་གི་ལན་ཇུ་རུ་སླེབས་བྱུང་།



(མ་ཚར།མུ་མཐུད་དུ་འགོད་རྒྱུ་ཡིན།)

         རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།