ཧྥུ་ཅན་གྱི་གྲྭ་བ་ཞིག་གིས་རི་བོ་རྩེ་ལྔ་ནས་འཇམ་པའི་དབྱངས་མཇལ་བ།
དགེ་བསྙེན་ཧྭང་བསྙེན་ཙུའུ་ཡིས་བསྡུས། གྱི་ལིང་འཇིགས་མེད་ཀྱིས་བསྒྱུར།
རིག་གནས་གསར་བརྗེའི་སྔོན་དུ་ཧྥུ་ཅན་གྱི་གྲྭ་བ་ཞིག་གིས་རི་བོ་རྩེ་ལྔ་ནས་རྗེ་བཙུན་འཇམ་པའི་དབྱངས་དངོས་སུ་མཇལ། དེ་ཡང་གྲྭ་བ་དེ་རི་བོ་རྩེ་ལྔར་སླེབས་རྗེས་དད་གུས་ཆེན་པོས་གོམ་པ་གསུམ་གྱི་མཚམས་ནས་ཕྱག་རེ་འཚལ་ཏེ་གནས་མཇལ་བྱས་ཤིང་ལྷ་ཁང་མཐོང་ཚད་དུ་སོང་སྟེ་གུས་པས་མཇལ།
ས་མཇལ་གནམ་མཇལ་བྱས་ཏེ་དཀྱིལ་ཞིག་ལ་སླེབས་དུས་རྡོ་རྗེའི་ཕུག་ཅེས་ཡི་གེ་བྲིས་པའི་སྒོ་ཆུང་སྒོར་མོ་ཞིག་མཐོང་བས་ནང་དུ་སོང་བ་ན་དེར་འདུ་ཁང་ཧ་ཅང་ཆེ་བ། ནང་དུ་ཧྭ་ཤང་དང་གྲྭ་བ་བདུན་བརྒྱ་བརྒྱད་བརྒྱ་ཙམ་ཞིག་བྲེལ་བྲེལ་ངང་ཡོད་པ་མཐོང་། ཁོས་སྔོན་ལ་འདུ་ཁང་ཆེན་མོར་ཅིག་མཇལ་དགོས་ཟེར་བཞིན་འདུ་ཁང་ཆེ་བའི་ནང་དུ་སོང་།
ཧ་ལས་པ་ཞིག་ལ་འདུ་ཁང་ཆེན་མོའི་ནང་དུ་སངས་རྒྱས་ཀྱི་བཞུགས་ཁྲི་ཞིག་མ་གཏོགས་སྐུ་བརྙན་ཅི་ཡང་བཞུགས་མི་འདུག དེ་བས་ཁོས་ཀྱང་ཕྱག་མ་འཚལ་བར་གུས་གུས་ཞུམ་ཞུམ་གྱིས་སྐོར་བ་གསུམ་བརྒྱབས་རྗེས་གསུང་རབ་ཁང་དུ་འགྲོ་སྙམ་ནས་སྒོར་བུད། ཁོ་རང་སྒོར་བསླེབ་ལ་ཉེ་དུས་དགེ་ཚུལ་ཆུང་ཆུང་ཞིག་ཡོང་སྟེ་ཁོའི་མིང་ནས་བོས། ཁོའི་སེམས་སུ་ངའི་མིང་འདི་ཚོས་ཅི་ལྟར་ཤེས་པ་ཡིན་ནམ་སྙམ་དུ་མཚར་སྣང་སྐྱེས། དགེ་ཚུལ་དེས་ཁོའི་སློབ་དཔོན་གྱིས་ཁྱེད་རང་འབོད་ཀྱིན་འདུག་ཅེས་བཤད་པས་ཁོ་ཡང་དེའི་རྗེས་འབྲངས་ནས་ལྟག་རྒྱབ་ཏུ་སོང་བ་ན་དེར་དགེ་སློང་བགྲེས་སོང་ཞིག་ཡོད་པ་མཐོང་། མཐོང་མ་ཐག་ཧ་ཅང་སྐུ་ཡོན་ཅན་གྱི་ཉམས་ཤིག་ཡོད་པས་ཁོས་དེ་མ་ཐག་གུས་འདུད་ཞུས།
དགེ་སློང་བགྲེས་སོང་དེ་ན་རེ། གོམ་པ་གསུམ་རེ་ནས་ཕྱག་རེ་འཚལ་ཏེ་ཁྱེད་ཀྱིས་འོ་བརྒྱལ་མྱངས་སོང་། སྟེང་དུ་ཕེབས་ནས་བཞུགས། ཞེས་གསུངས་ཤིང་ཇ་དྲངས་ཏེ་ཁོར་འཐུང་དུ་བཅུག དེ་ནས་ཁོས་དགེ་སློང་དེ་ལ་ང་རང་འདི་ནས་འགྲོ་མི་འདོད་པས་བསྡད་ན་ཆོག་གམ་ཞེས་དྲིས་པར་དགེ་སློང་བགྲེས་སོང་དེས་ཁོ་ལ་འདུག་མི་ཆོག ཁྱོད་རང་འགྲོ་དགོས་ཞེས་གསུངས།
དེ་ནས་ཁོས་དགེ་སློང་བགྲེས་སོང་དེ་ལ་ཁྱེད་ཅག་གི་འདིར་སངས་རྒྱས་ཀྱི་སྐུ་བརྙན་མེད་པ་ཅི་ཡིན་ཞེས་དྲིས་པར་དགེ་སློང་བགྲེས་སོང་ན་རེ། ངའི་འདི་གར་སྐུ་བརྙན་མི་དགོས། འདིར་ཡོད་པ་ནི་ཆོས་སྐུ་ཡིན། ཆོས་སྐུ་ལ་གཟུགས་ཀྱི་ཆོས་མེད་ལ། ཡེ་ཤེས་ཆོས་སྐུ་མངོན་དུ་བྱས་རྗེས་ངེས་ཅན་དུ་གཟུགས་སྐུའི་རྣམ་པར་སྟོན་པའི་དགོས་པ་ཅི་ཡང་མེད་ཅེས་གསུངས།
ངའི་འདི་གར་སྐུ་བརྙན་མི་དགོས་ཞེས་པ་སོགས་ཀྱི་དོན་དགེ་སློང་བགྲེས་སོང་དེ་ལ་ཡང་བསྐྱར་ཞིབ་འདྲི་ཞུས་པ་ན་ཁོང་གིས་ཚིག་རྐང་བཞི་ཡིས་འགྲེལ་བཤད་གནང་། སྐབས་དེར་བསམ་ན་འགྲེལ་བཤད་དེ་ནི་ཆེས་སྤྱིར་བཏང་གི་སྐད་ཆ་འགའ་སྟེ། ཁོང་གིས། ད་ནས་མང་བོ་མ་འགོར་བར་དགོན་པའི་ནང་དུ་གྲྭ་བ་མེད་ཅིང་། སྐུ་བརྙན་གྱི་མདུན་དུ་མར་མེ་ཆད་པར་འགྱུར་ཞེས་གསུངས་ཤིང་། རིག་གསར་སྐབས་དངོས་གནས་ཁོང་གིས་གསུངས་པ་དེ་ག་རང་མངོན་དུ་གྱུར་སོང་།
དེ་ནས་གྲྭ་བ་དེ་སྒོར་བུད་དེ་སྔར་བཞིན་དད་གུས་རྣམ་དག་གིས་སྐོར་ལམ་ལྷག་མ་རྣམས་སུ་ཕྱག་འཚལ་ཏེ་སོང་། ཕལ་ཆེར་སྐོར་བ་འགྲུབ་ལ་ཉེ་བའི་སྐབས་དེར་མུན་ཡོངས་སུ་རུབ་སྟེ་འགྲོ་མ་ཐུབ།
སྟབས་ལེགས་པ་ཞིག་ལ་གནས་དེར་བོད་མི་ཁྱིམ་པ་བ་ཞིག་ཡོད་པས་ཁོ་རང་དེར་སོང་བ་ན་བོད་པ་དེས་ཁོ་ལ། ཁྱེད་རང་ཕེབས་པ་ཧ་ཅང་བཟང་། ངས་ཁྱེད་ལ་སྣེ་ལེན་ཞུ་ཆོག་ཅེས་བཤད། དེ་ནས་ཁོ་གཉིས་ཀྱིས་མཉམ་དུ་ནུབ་ཟས་གཡོ་སྦྱོར་བྱེད་སྐབས་གླེང་མོལ་སྣ་ཚོགས་བྱས། སྐབས་དེར་ཁོས་བོད་མི་དེ་ལ། ཁྱེད་ཅག་རི་བོ་རྩེ་ལྔ་ན་མི་ག་ཚོད་ཡོད། ཆིག་སྟོང་ཡོད་དམ། ཞེས་དྲིས་པར་བོད་པ་དེ་ན་རེ། དེ་འདྲའི་མང་བོ་ཞིག་ག་ལ་ཡོད། མང་བོ་མེད། སྐབས་འགར་སྦྱིན་བདག་རེའི་མི་སྟོང་གཅིག་པ་གུང་ཚིགས་འདྲེན་རྒྱུ་ཟེར་ནའང་ང་ཚོར་མི་མ་འདང་བར་ཕྱོགས་མང་བོར་བརྡ་གཏོང་དུ་སོང་ནའང་བདུན་བརྒྱ་བརྒྱད་བརྒྱ་ལས་མེད་ཟེར། ཧྥུ་ཅན་གྱི་གྲྭ་བ་ན་རེ། དེ་ཅིག་འགྲིག་མི་འདུག ང་རང་དེ་རིང་ས་ཆ་ཞིག་ལ་སོང་བ་ཡིན། དེ་ནའང་གྲྭ་བ་བདུན་བརྒྱ་བརྒྱད་བརྒྱ་ཞིག་བཞུགས་འདུག དེ་དག་གདན་དྲངས་ན་འགྲིག་སོང་བ་མ་ཡིན་ནམ་ཞེས་བཤད་པ་ན་བོད་པ་དེ་ན་རེ། དེ་གང་ན་ཡོད་དམ། དེ་འདྲ་ཞིག་འདི་གར་མེད་ཟེར། གྲྭ་བ་དེས་ང་རང་དངོས་སུ་སོང་བ་ཡིན། མིང་ལ་རྡོ་རྗེའི་ཕུག་ཟེར་ཞེས་བཤད་པ་ན་བོད་པ་དེས་ཁོ་ལ་རི་བོ་རྩེ་ལྔའི་གནས་སྐོར་རི་མོ་དང་། གཞན་ད་དུང་གནའ་བོའི་རི་མོ་སོགས་བསྟན་པས་ཁོས་དེར་བལྟས་པ་ན་དངོས་གནས་རྡོ་རྗེའི་ཕུག་ཟེར་བ་ཞིག་མི་འདུག
དེ་གར་གྲྭ་བ་བདུན་བརྒྱ་བརྒྱད་བརྒྱ་ལྷག་ཡོད་པར་མ་ཟད་ལྷ་ཁང་ཡང་ཆེན་པོ་ཞིག་རེད། དེ་འདིའི་སྟེང་དུ་མེད་པ་ཅི་ཡིན་ནམ། ཁོས་དེ་ལྟར་ཟེར་བཞིན་ས་བཀྲ་དེ་དག་ལ་ཡང་ལྟ་བསྐྱར་ལྟ་བྱས། བོད་པ་དེ་ན་རེ། དེ་འདྲ་ཞིག་གཏན་ནས་མེད། ངས་བསམ་ན་ཁྱེད་ཕལ་ཆེར་རྗེ་བཙུན་འཇམ་པའི་དབྱངས་ལ་མཇལ་ན་རེད་ཅེས་བཤད་པས་ཧྥུ་ཅན་གྱི་གྲྭ་བ་དེ་མ་གཞིར་མ་ཟ་ཟོས་རྗེས་ཉལ་རྩིས་ཡིན་མོད། འོན་ཀྱང་དེ་མ་ཐག་ཡར་ལངས་ཤིང་དད་གུས་དྲགས་པོས་ཡིད་འཁུལ་ཏེ་མིག་མཆི་མ་དང་བཅས་སྔར་བཞིན་ཕྱག་འཚལ་ཏེ་ཕྱིར་སོང་། ནམ་ལངས་པ་ན་སྔར་གྱི་ཤུལ་དེར་སླེབས་མོད། འོན་ཀྱང་རྡོ་རྗེའི་ཕུག་ཅེས་པ་ཞིག་གཏན་ནས་མ་རྙེད་པས་མཐར་ཁོ་རང་རི་ལས་བབ་སྟེ་ཕྱིར་ལོག
འགྲོ་ཁར་ཁོ་རང་དེ་གའི་དགོན་པ་ཞོག་ཏུ་རང་དང་ཡུལ་ཕྱོགས་གཅིག་པའི་གྲྭ་བ་འགའ་ཡོད་པའི་སར་སོང་སྟེ་གནས་ཚུལ་དེ་རྣམས་བཤད་ཅིང་དེ་ནས་ཕྱིར་རང་ཡུལ་ཧྥུ་ཅན་དུ་འབྱོར་རྗེས་གནས་ཚུལ་དེ་སློབ་དཔོན་ཡོན་ཆེ་ལ་བཤད། སློབ་དཔོན་ཡོན་ཆེ་ལགས་ད་ལྟའང་ས་དུང་ལྷོ་ཕྱོགས་ན་བཞུགས་ཡོད་ལ། ཁོང་གིས་ང་ལ་དངོས་སུ་གསུངས་པ་ཡིན། རྗེས་སུ་ཧ་ཅང་སྙན་གྲགས་ཆེ་བའི་དགེ་སློང་ཞིག་གིས་ཀྱང་ང་ལ་གནས་ཚུལ་འདི་གསུངས་མྱོང་། གནས་ཚུལ་ཧ་ཅང་བདེན་པ་རེད།
2016/5/17ཉིན་ཟི་ལིང་ཀྲུང་ལུགས་སྨན་ཁང་ནས་བསྒྱུར།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn