བོད་བརྒྱུད་ནང་བསྟན་དང་ཁོ་རེ་ཡའི་ལྷ་བཙུན།(1)

    སྤེལ་དུས།  2016-03-10 22:53:23     རྩོམ་པ་པོ།   བྱ་མདོ་རབ་རྒྱས།    ཀློག་ཐེངས།  

       

91337092618801103.jpg

            ལོ་རྒྱུས་ལྟར་ན་བོད་བརྒྱུད་ནང་བསྟན་དང་ཁ྄ོ་རེ་ཡའི་རྒྱལ་རྒྱུད་ལྷ་བཙུན་གཉིས་ཀྱི་བར་ལ་འབྲེལ་བ་ཟབ་མོ་ཡོད།གཅིག་ནི་《སྦ་བཞེད་》དུ་བཀོད་པའི་གྱིམ་ཧྭ་ཤང(金和尚)་དང་ཅིག་ཤོས་ནི་《རྒྱ་ནག་གི་འགྲེལ་ཆེན་》རྩོམ་པ་པོ་སློབ་དཔོན་སྡེ་སྣོད་གསུམ་པ་ཝེན་ཚེག(圆测)་གོ།

            སྔ་མ་འདི་ལ་སྦ་བཞེད་ཀྱི་དཔེ་མི་འདྲ་བ་དུ་མར་ཀིམ་ཧྭ་ཤང་དང་གྱིམ་ཧྭ་ཤང་ཞེས་འབྲི་ཚུལ་མི་འདྲ་བ་དུ་མ་འདུག་ལ།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་གཞོན་དུས་བོད་ཀྱི་ཕོ་ཉ་སྦ་སང་ཤིས་མཇལ་ཞིང་རྒྱ་གར་གྱི་མཁན་ཆེན་བོ་ངྷི་ས་ཏྭ་བོད་དུ་གདན་འདྲེན་རྒྱུར་ལུང་སྟོན་མཁན་དེ་ཡིན།

            ཁོང་སྤྱི་ལོ་684ལོར་སྐབས་དེའི་ཞིན་བློ(新罗)རྒྱལ་ཁབ་སྟེ་དེང་སང་ཁོ་རེ་ཡ་རུ་འབོད་པའི་རྒྱལ་སྲས་སུ་འཁྲུངས།ཁྱིམ་ན་བཞུགས་དུས་རུས་ཀིམ(金)དང་རབ་ཏུ་བྱུང་བའི་མཚན་ལ་ཨོ་ཞང་(无相)གསོལ།སྤྱི་ལོ་728ལོར་ཐང་གུར་གྱི་རྒྱལ་ཁབ་ཏུ་འབྱོར་ཞིང་ཡུན་རིང་མ་འགོར་བར་ཧྲུའུ་སྟེ་སི་ཁྲོན་ཕྱོགས་ཀྱི་ཏེ་ཁྲུན་(德纯)དགོན་པར་ཕེབས་ཏེ་རྒྱ་ནག་གི་བསམ་གཏན་པའི་གྲུབ་མཐའི་སྲོལ་འབྱེད་སློབ་དཔོན་ངྷརྨ་(达摩)འི་ཆོས་རྒྱུད་འཛིན་མཁན་ཁྲུའུ་ཅིར་བསྟེན།

             ཕྱིས་སུ་ཨེག་ཅུ(益州)སྟེ་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཇིན་གྲུང(净众寺)དགོན་པར་བཞུགས་ཤིང་དགུང་ལོ་དོན་དགུ་སྟེ་སྤྱི་ལོ་762ལོའི་ཟླ་ལྔ་བར་འདས།སྦ་བཞེད་ལས་ཁོང་མངོན་ཤེས་དང་ལྡན་ལ་སྟག་ལ་ག་ཤ་འགེལ་ནུས་ཤིང་།ཕ་བོང་འགྲོན་པོ་རྒྱུ་མི་ཕོད་པ་སུས་མཐོང་ན་སྦོས་གྲིར་འཆི་བ་ཞིག་ཡོད་པ་གྲུམ་སྟེ་སྟེང་དུ་ལྷ་ཁང་བཞེངས་པ་སོགས་ནུས་ལྡན་དུ་གསུངས།

            ཝན་ཚེག་ཀྱང་སྤྱི་ལོ་613ལོར་ཞིན་ལོ་(新罗)འི་རྒྱལ་རིགས་སུ་འཁྲུངས།ཁྱིམ་ན་བཞུགས་དུས་རུས་ཀིམ(金)དང་མཚན་ལ་ཝིན་ཡ(文雅)གསོལ།

             དགུང་ལོ་བཅོ་ལྔའི་སྟེང་ཐང་གུར་དུ་ཕེབས་ཤིང་།ཧྥ་ཁྲང(法常)དང་སིན་པེན(僧辩)སོགས་བསྟེན་ཏེ་གསུང་རབ་ལ་སྦྱངས།ལེགས་སྦྱར་དང་རྒྱ་ནག་གི་སྐད་སོགས་སྐད་རིགས་མི་འདྲ་བ་དྲུག་ཙམ་མཁྱེན།ཕྱིས་སུ་ཐང་གི་རྒྱལ་མོ་ཨུ་ཙི་ཐེན(武则天)གྱིས་བླ་མར་བཀུར་ཤིང་དེ་ཉིད་ཀྱིས་ཤིན་ཏུ་གུས་པས་ཞིན་ལོ་རྒྱལ་ཁབ་ཀྱིས་ཕོ་ཉ་མངགས་ཏེ་གདན་དྲངས་ཀྱང་དེ་ཉིད་ཀྱིས་མ་མངགས།དགུང་ལོ་གྱ་བཞིར་བཞུགས་ཤིང་སྤྱི་ལོ་696ལོར་འདས།

             གསུང་རྩོམ《་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོ་རྒྱ་ཆེར་འགྲེལ་བ(ཡོངས་གྲགས་སུ་རྒྱ་ནག་གི་འགྲེལ་ཆེན་དུ་འབོད་པ)》དང་《རིག་སྒོའི་འགྲེལ་བ་》སོགས་བཞུགས་ལ།དེ་དག་ལས་《རྒྱ་ནག་གི་འགྲེལ་ཆེན》་ལོ་ཙཱ་བ་ཆེན་པོ་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་གི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་།རྗེ་བླ་མའི་《དྲང་ངེས་ལེགས་བཤད་སྙིང་པོ་》དང་《ཡིད་དང་ཀུན་གཞིའི་དཀའ་འགྲེལ་》སོགས་སུ་ལུང་འདྲེན་དང་དགག་སྒྲུབ་མང་དུ་གནང་བ་བཞུགས།

(1)ཧན་གོའི་འབུམ་རམས་པ་ཀྲའོ་པིན་ཧོའམ་འཇམ་དབྱངས་ཡེ་ཤེས་ཀྱི་རྩོམ་ཡིག་ལས་བསྒྱུར་ཅིང་བསྒྲིགས།

གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ། 
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

བརྒྱུད་འགོད།