རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་བརྒྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:36:23     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 90642434459277989.jpg

                   རྒྱལ་སྲས་འདིས་བདག་གཞན་བརྗེ་བའི་མཛད་པ་ཇི་ལྟར་བསྟན་པ་ནི་སློབ་དཔོན་དཔལ་ཡེ་བས་བློ་སྦྱོང་ལ་ཉམས་ཁྲིད་བསྒོམ་དུས། ལྷོངས་ལ་ཤིག་ནད་བྱུང་བས། སེམས་དཔའ་ཆེན་པོའི་གསུང་གིས། ཉིད་རང་གིས་སྙིང་རུས་བསྐྱེད་ལ་གསོས་གལ་ཏེ་མི་གསོས་པ་འདྲ་ན་འདིར་བྱོན། ངེད་ཀྱིས་ཀྱང་གསོ་རོགས་བྱ་ཡིས་གསུངས་ཟེར། ཁོང་གིས་ཡུན་རིང་པོའི་བར་དུ་གསོལ་ཀྱང་ཉུང་དུ་མ་སོང༌། ཆོས་རྫོང་དུ་བྱོན་ནས་བླ་ཡེལ་དུ་མལ་བཅས་ནས་ཞག་ཤས་སོང་བ་དང༌། ཤིག་རྣམས་ཉུང་དུ་སོང་འདུག་པ། རྣམ་རྟོག་སྐྱེས་ཏེ་དྲུང་དུ་བལྟར་ཕྱིན་པ་དང༌། དྲུང་པ་ལ་ཤིག་ཉིལ་བ་འདུག་པ་མཐོང་བས། དྲུང་ནས་འོ་བརྒྱལ་ང་རང་གིས་སྙིང་རུས་བསྐྱེད་ལ་གང་གསོལ་བྱེད་ང་རང་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཉིད་ཀྱི་ཤིག་བླངས་པ་མ་ཡིན་ང་རང་ལ་ཡོད་པ་ཡིན་གསུངས་ནས་མ་གནང༌། དེ་ནས་ཞག་འགའ་ནས་ཐམས་ཅད་ཡལ་ནས་སོང་གསུངས། གཞན་གྱི་སྡུག་བསྔལ་དངོས་སུ་ལེན་པ་འདི་སྙིང་རྗེའི་བསམ་པ་དྲག་པོས་བླངས་ན་ལོངས་ངེས་ཤེས་པ་ཉམས་སུ་མྱོང་བས་གྲུབ་པ་ལགས་གསུངས། རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ཧོར་དཔོན་ཞིག་གིས་ས་སྐྱར་གདན་དྲངས་པའི་ཚེ་ས་སྐྱའི་རྒྱབ་དེར་དྲོ་འདེབས་པའི་སར་ཁྱི་རྒན་པོ་གཅིག་བྱུང་བ་ལ། ཧོར་གྱི་འབའ་ཧོར་ཆེས་རྡོ་གཅིག་བརྒྱབ་པས་འགྱེལ་ནས་སྐད་ངན་ཆེན་པོ་ཤོར་བས། སེམས་དཔའ་ཆེན་པོ་རང་ལ་བརྒྱབ་པ་བཞིན་དུ་ཨ་གསུངས་ནས་ཕྱག་ནས་དཀར་ཡོལ་འཆོར་ལ་ཁད་བྱུང་ཞིང་སྤྱན་ཆབ་མང་པོ་བཏོན། དེ་ནས་ས་སྐྱར་བྱོན་ཏེ། དགེ་བའི་བཤེས་གཉེན་དང་སྐྱེ་བོའི་ཚོགས་ཆེན་པོ་ལ། ཟབ་པ་དང་རྒྱ་ཆེ་བའི་ཆོས་གསུངས་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་དེ། གསེར་ཡིག་པས་ཚོང་དུས་ནས་མར་གདན་དྲངས་དུས། ཧོར་གྱི་གཡོག་པོ་གསུམ་ལ་ནག་ཆེན་པོ་ཐུགས་ནས་གསོད་དུ་བྱུང་བ་ལ། རྒྱལ་སྲས་འདིས་ཐུགས་ཀྱིས་མ་བཟོད་པར་ཧོར་གྱི་དཔོན་ལ་དེ་ལྟར་མ་བྱེད་ཅེས་གསུང་བྱོན་པས་སྲོག་ལས་ཐར་བར་མཛད། སྐུ་ཞང་གི་རྩིས་ཀྱི་རྟེ ན་འབྲེ ལ་ལ་དབེན་ཤྲཱིའི་གདན་གྱི་འོག་ཏུ་ཁོ་རང་གི་གཟུགས་དང༌། རལ་གྲི་དང༌། རང་ཐག་སོགས་བཅུག་པ་དབེན་ཤྲཱིས་མཐོང་ནས་རྩ་ར་ཆེན་པོ་བྱེད་དུ་བྱུང་བ་ལ་ཡང་གསུང་བྱོན་པ་ཙམ་གྱིས་གྲོལ་བར་མཛད་དེ། རིན་སྤུངས་པར་བྱོན་ནས་དབུས་སུ་འབྱོན་མ་དགོས་པར་ཡར་བྱོན་ཏེ། ཞ་ལུར་གདན་དྲངས་ནས་དགེ་བའི་བཤེས་གཉེན་དང་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་ལ་ཆོས་ཀྱི་སྦྱིན་པ་མཛད།

                    དེ་དུས་བུ་སྟོན་རིན་པོ་ཆེ་བསྙུང་ནས་གྲོངས་ལ་ཁད་པ་མ་མཇལ་ཏེ། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་བསྟན་པ་དང་སེམས་ཅན་གྱི་དོན་ལ་བཞུགས་པའི་རྟེན་འབྲེལ་དང༌། བདག་གཞན་བརྗེ་བའི་དམིགས་པ་མཛད་ནས་དེའི་ནུབ་མོ་ནས་སྐུ་བསྐྱེད་བྱུང་ནས་བསྙུང་བ་དང༌། དེ་དུས་བླ་མ་རྒྱལ་སྲས་པས་མཁན་ཆེན་བུ་སྟོན་པའི་བསྙུང་ནད་སླངས་ཟེར་བའི་གྲགས་པ་ཆེན་པོ་ཡང་བྱུང་ཞིང༌། མཁན་ཆེན་པའི་ཞབས་ཏོག་པ་གཅིག་གི་རྨི་ལམ་དུ་མདངས་དྲུང་པ་ལ་བླ་མ་རྒྱལ་སྲས་སྐུ་ལུས་ཤེལ་དཀར་ལྟར་དྭངས་པར་གྱུར་པས་གསེར་གྱི་དབུ་རྒྱན་གསོལ་ནས་དབང་བསྐུར་མཛད་པ་རྨིས་ལགས་ཞུས་པས། རྨི་ལམ་བཟང་པོ་ཡིན། ང་ཡང་མདང་ཁམས་བདེ་ཞིང་རིག་པ་དྭངས་པ་ཞིག་བྱུང་གསུངས་ནས་མཉེས་འདུག་གསུངས། ཡང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པས་ཞུ་བ་ལ་ས་སྐྱར་གདན་དྲངས་ནས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་ཚུར་འབྱོན་དུས་ལ་རྫས་ནག་པོར་ཇག་པ་བྱུང་སྟེ། སེམས་དཔའ་ཆེན་པོ་རང་གི་སྐུ་ལ་མ་རེག་ཞབས་ཏོག་པ་རྣམས་འོ་ལེ་བ་རེ་བཀྱིགས་ཏེ་ཇག་པ་ཟ་མ་ཟ་དུས། ཞབས་ཏོག་པ་གཅིག་བཀྱིགས་པ་གོལ་བྱུང་བའི་རྩ་ན། ཇག་པའི་རལ་གྲི་བཞག་འདུག་པ་ཁྱེར་ནས་བྲོས་ན་བསམ་ཡོད་ཙ་ན། སེམས་དཔའ་ཆེན་པོས་མཁྱེན་ནས་ཉིད་དེ་བློ་ཙམ་ཙུབ་མ་བྱེད་ཨང་གསུངས་པས་བྲོས་མ་ནུས་ཟེར། དངོས་པོ་འདི་རྣམས་རིན་ཆེན་སྒང་པའི་ས་ཆར་ཁྱེར། ངས་བློས་བཏང་ཡོད་པས་ཕྲོགས་པ་ཡིན་སྙམ་པའི་བློ་ཡང་མ་བྱེད་ངའི་གོས་འདི་ཁྱེར་ན་ཡང་ཁྱེར་གསུངས་པས། ཇག་པས་ཕྱག་བཙལ་ནས། ངེད་ཚོ་ཡང་ཕོངས་ནས་ཐབས་སྡུགས་པས་ཉིད་ལྟ་བུ་དང་ཐུག་ཟེར། ཇག་པ་རྣམས་རྗེས་ཟློས་བྱེ ད་དུ་བཅུག་ནས་བསྔོ ་བ་ཡང་མཛད་གསུངས། དབུས་པའི་དམག་མང་པོ་མཐོང་བ་དེ་དང༌། དཔོན་ཆེན་བྱང་པ་འདིས་འོ་སྐོ ལ་ལ་ཆོས་འབྲེལ་མ་བྱས་པའི་གོང་དུ་བཙོན་སྡུག་གེ་གཅིག་མི་གསོད་པའི་ཞུ་བ་བྱས་ཀྱང་མ་གྲུབ་པ་དེ་གཉིས་ཀྱིས་ལོ་མང་པོའི་བར་དུ་དགེ་སྦྱོར་གྱི་བསྐུལ་མ་བྱས། དེ་བར་ལ་དགེ་སྦྱོར་གང་བྱེད་ཀྱང་དེ་རྣམས་དང་དབུས་པའི་དམག་སྔོན་མ་རང་རེ་དངུལ་ཆུ་བ་འཇོམས་མི་དེ་རྣམས་ཀྱི་དོན་དུ་བསྔོས། སྨོན་ལམ་མང་པོ་བཏབ་སྟེ་ཨེ་ཕན་ནི་མི་ཤེས་གསུངས།

                   ཡང་ལན་ཅིག་རྒྱལ་སྒོའི་འགག་ན་ཤིག་ནད་ཚབས་ཅན་བྱུང་བའི་སྤྲང་རྒན་ལུས་ཀྱི་ཟུངས་ཤོར་བ་གོས་དང་སྟན་ལ་སོགས་པ་ཤིག་གི་ཕུང་པོར་གྱུར་པ་ཞིག་གི་དྲི་ཆེན་པོ་མནམ་པ་ཞིག་འདུག་པ་དེ་ལ། དྲུང་སྐུ་མཆེད་པའི་སྐྱ་བོ་ཚོས། དྲུང་ནས་སྐྱུག་བྲོ་འགག་དེར་མ་བསྡད་ཟེར་ཞིང་འབུད་པ་གཟིགས་པས། སྙིང་རྗེ་དྲག་པོ་སྐྱེས་ནས་སྤྱན་ཆབ་ཤོར་ཏེ། དེའི་ནུབ་མོ་ཁོའི་གོས་དང་སྟན་ཤིག་གི་ཕུང་པོར་གྱུར་པ་རྣམས་ནང་དུ་ཁྱེར། སྤྲང་པོ་ལ་ན་བཟའ་གཅིག་གཉིས་དང་ཟ་རྒྱུ་གནང་ནས་ཤིག་རྣམས་ལ་སྐུ་ལུས་སྦྱིན་པར་བཏང་སྟེ་ཤིག་གི་ཕུང་པོའི་གསེབ་ཏུ་གཟིམ་ནས་ཞག་གཅིག་གཉིས་སོང་བ་དང༌། སློབ་དཔོན་དང་མཆེད་གྲོགས་འགའ་རེས་ཚོར་ནས་བལྟར་བྱོན་པས་སྤྲང་པོའི་གོས་དང་སྟན་ཤིག་གི་ཕུང་པོར་སོང་བ་རྣམས་གསོལ། སྐུ་ལུས་ཐམས་ཅད་འབྲུམ་ནད་ཐུག་པོ་བྱུང་བ་བཞིན་དུ་གྱུར་འདུག་པ་མཐོང་ནས། ཁོང་རྣམ་པ་ཧ་ལས་ཏེ་ཉིད་ད་ལྟ་ལུས་གཏོང་བའི་དུས་ཙམ་ལ་མ་སླེབས་ལས་ཆེ། དེ་འདྲ་རང་ཧ་ཅང་ཐལ་དྲགས་མི་མཛད་པར་ཞུ་ཞུས་པས། སྤྱོད་འཇུག་ལས། བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེ་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པ་འམ། །བརྡེག་སོགས་ཅི་དགར་བྱེད་ལ་རག་ཅེས་དང༌། །འགྲོ་མང་རྡོག་པས་བདག་གི་སྤྱིར་འཚོག་གམ། །འགུམ་ཡང་མི་བསྔོ་འཇིག་རྟེན་མགོན་དགྱེས་མཛོད། །གསུངས་ནས་མ་གསན་པས། ཁོང་རྣམ་པས་འཇམ་པའི་དབྱངས་དོན་ཡོད་པའི་དྲུང་དུ་ཕྱིན་ཏེ་འདི་བཞིན་མཛད་ཅིང་གདའ། ངེད་རྣམས་ཀྱིས་ཞུ་བ་བྱས་ཀྱང་འདི་སྐད་གསུངས་ནས་མི་གནང་བར་འདུག །དྲུང་ནས་གསུང་བྱོན་དགོས་པར་གདའ་ཞུས་པས། འཇམ་དབྱངས་དོན་ཡོད་པས་ཀྱང་དེ་ཁར་བྱོན་ཏེ། དེ་ལྟ་བུ་རང་མི་མཛད་ཞུ། ཧ་ཅང་འོ་བརྒྱལ་དྲགས་ཅིར་འགྱུར་ཡང་མི་ཤེས་ཞུས་པ་ལ་ཡང༌། སྐྱེས་རབས་ལས། ལུས་ཙམ་གྱིས་ཀྱང་གཞན་ལ་ཕན་ཐོགས་པར། །ནམ་ཞིག་འགྱུར་ཞེས་བདག་གིས་གང་བསམས་པ། །སྨོན་ལམ་དེ་ནི་འབྲས་བུ་ཡོད་པར་བྱ། །ཞེས་དང༌། ཉིད་ཀྱི་ཞལ་ནས། གཞན་ལ་མི་ཕན་སྲེད་ཟད་བདེ་བ་ཡང༌། །དམྱལ་བའི་མེ་ལྟར་མཐོང་ནས་རབ་སྤོང་ཞིང༌། །གཞན་ལ་ཕན་ན་མནར་མེད་མེ་ནང་དུའང༌། །རབ་དགས་འཇུག་པ་རྣམས་ཀྱིས་རྗེས་སུ་སློབ། །ཅེས་གསུངས་ཏེ་མ་གསན་པར་གསོལ་པས། རིང་པོར་མ་ལོན་པར་ཤིག་རྣམས་ཡལ་ནས་སོང་ཞེས་གྲག་གོ །

                  དེ་དུས་ཧ་ཅང་སོ་ཚ་རང་དྲགས་ནས་མ་བཟུག་པའི་དུས་སུ་སྟོད་ཀྱི་ཆ་ལ་དར་གྱི་དུམ་རེ་དཀྲིས་ནས་བཞག་གསུངས། ཉིད་ཀྱི་ཞལ་ནས་གང་ཞིག་ཁྲོ་དང་ང་རྒྱལ་དབང་གྱུར་ནས། །བདག་གི་ལུས་ལ་རྨ་སྲོལ་ཆེར་གཏོད་དེ། །འཆི་བར་ངེས་པའི་གནས་སྐབས་བྱུང་གྱུར་ནའང༌། །དེ་ཚེ་དམ་བཅའ་འདི་ནི་དྲན་པར་བགྱི། །ཞེས་དམ་བཅས་པ་བཞིན་མཛད་དོ། །ཡང་བོ་དོང་དུ་སྤྲང་ཕྲུག་ཤིག་ནད་བྱུང་བ་ཞིག་གི་ཤིག་ཐམས་ཅད་བླངས་པས། སེམས་དཔའ་ཆེན་པོའི་སྐུ་ལུས་ལ་འཕུངས་ནས་ཞག་གཅིག་ལ་ཤི་འདུག་ཟེར། སེམས་དཔའ་ཆེན་པོ་ལ་བརྟེན་ནས་དེ་པ་རྣམས་གནས་གོང་མ་ཞིག་ཏུ་འཕོས་ངེས་བསམ་པ་བྱུང་ངོ༌། །ཞེས་རྒྱལ་སྲས་བདག་ཉིད་ཆེན་པོ་འདིའི་ཐུགས་སྲས་ཉན་པོ་དཔལ་རིན་གསུངས་སོ། །གཞན་ཡང་བོ་དོང་དང༌། དངུལ་ཆུ་གཉིས་སུ་སྤྲང་པོ་ཤིག་ནད་བྱུང་བ་མང་པོའི་ཤིག་ནད་བླངས་ཏེ་མྱུར་པོར་ཡལ་གྱིན་སོང་ཞེས་གྲག་གོ །དུས་ཕྱིས་ཕན་ཡུལ་གླང་ཐང་པ་ཡིན་པའི་སྟོན་སྒོམ་བྱང་ཆུབ་སེམས་དཔའ་གཅིག་ལ་ཁོང་རང་ལ་ཤིག་བྱུང་བའི་སྟེང་དུ་གཞན་གྱི་ཤིག་ནད་ཀྱང་བླངས་ཏེ་སེམས་ཅན་ལ་ལུས་དངོས་སྦྱིན་པར་བཏང་ནས་གཤེགས་པའི་དེ་མ་ཐག་ལ། བདག་གིས་ཐུགས་དམ་ལ་འདོགས་པ་ཞུ་བའི་ཕན་ཆས་ཁྱེར་ནས། ཉེ་གནས་ལ་འདི་ལྟར་ཞུས་བྱས་པས་ཉེ་གནས་དྲུང་དུ་སོང་ནས་ལོག་བྱུང་བ་ལ། ཅི་གསུང་དྲིས་པས་གོ །རྗེས་སུ་ཡི་རང༌། ཤཱཀྱ་ཐུབ་པ་རུས་སྦལ་དུ་སྐུ་འཁྲུངས་པའི་དུས་སུ། སྲིན་བུ་ཀེ་ཏ་ལ་བརྒྱད་ཁྲི་ལ་སྐུ་ལུས་སྦྱིན་པར་བཏང་བ་དང་དོན་གྱི་ཆ་མཐུན་པ་དེ་ཡིན། ཁོང་གི་སེམས་ལ་འགྱོད་པ་ཡོང་བའི་རིགས་སུ་མི་འདུག་ངོ་མཚར་ཆེ། འོ་སྐོལ་བློ་སྦྱོང་བ་ཡིན་པས་ཤིག་དེ་ཙམ་ཞིག་འཆིར་འཇུག་པ་སྙིང་རྗེ་ཡར་ལོང་ལ་ཤོག་གསུང་གིན་འདུག །དྲུང་ནས་སྐུ་བགྲེས་པ་དང༌། ཤིག་ཚན་ཆེས་དྲགས་པས་ཅི་འགྱུར་མི་ཤེས་ཞུས་ཀྱང་མི་གསན་པར་ལོང་ཤོག་གསུངས། 

                                                                                                                        རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།