ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-19 21:06:49     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

262203419828328873.jpg 

                    མདོར་ན་བདག་ཉིད་ཆེན་པོ་འདིས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་བཀའ་མདོ་རྒྱུད་མཐའ་དག་ལ་མཁས་པར་སྦྱངས་པས་ཡང་དག་པའི་ལམ་ལ་རིགས་པའི་ལམ་ནས་དྲངས་པའི་ངེས་པ་གཏིང་ཚུགས་པ་རྙེད་ཅིང་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་ཕྱིན། ངེས་འབྱུང་གི་བསམ་པ་བཅོས་མིན་དུ་འཁྲུངས་པས་ཟག་བཅས་ཀྱི་བདེ་བ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག །བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་ཐུགས་འབྱོངས་པས་སྒོ་གསུམ་གྱི་མཛད་པ་མཐའ་དག་གཞན་དོན་འབའ་ཞིག་ཏུ་གྱུར། ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཆུ་ཟླ་ལྟར་གཟིགས་པས་ཡེ་ཤེས་དང་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་དང་བདེ་སྟོང་གི་ཏིང་ངེ་འཛིན་ལ་མངའ་བརྙེས་པས་མཁའ་འགྲོ་དབང་དུ་འདུ་ཞིང་ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ། རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པས་དུས་ཀྱི་མཐའ་འདིར་ཡང་ཐུབ་བསྟན་སྤྱི་དང༌། ཁྱད་པར་རྒྱལ་བ་བློ་བཟང་གྲགས་པའི་བསྟན་པའི་གནད་མཐའ་དག་ཉིན་མོ་ལྟར་གསལ་བར་མཛད་པ་ཞིག་ཡིན་ལ། སྒྲུབ་པ་ཉམས་ལེན་གྱི་དབང་དུ་བགྱིས་ན་གངས་ཏེ་སེ། ཀམ་པོ་གནས་ནང༌། རྟ་སོ་བྲག་དཀར། བཞག་བྲག་གངས་རི། རི་བོ་དགེ་ལྡན། ཕ་བོང་ཁ་ལ་སོགས་པའི་སྒྲུབ་གནས་དུ་མར་སྐུ་མཚམས་ཡུན་རིང་དུ་མཛད་ཅིང༌། གཞན་ཡང་བྲེ ལ་བ་ཆེ་སྐབས་མ་གཏོགས་མངའ་རིས་སུ་ཕེབས་པ་ནས་བཟུང་གཞན་དོན་དུ་དགོངས་པ་གཏད་པ་ཚུན་ཆད་ལོ་རེ་བཞིན་མ་ཐ་ཟླ་བ་གསུམ་བཞི་རེ་ཙམ་མ་ཆག་པར་སྐུ་མཚམས་མཛད་ཅིང་རྒྱུན་པའི་ཐུགས་དམ་གྱི་རིམ་པ་ཡང༌། སྙན་བརྒྱུད་བླ་མའི་རྣལ་འབྱོར་ལ་བརྟེན་པའི་དབང་བཞི་ལེན་པ་དང༌། བྱང་ཆུབ་བདེ་ལམ་གྱི་སྟེང་ནས་ལམ་རིམ་གྱི་དམིགས་ཁྲིད་སྐྱོང་བ། གསང་འདུས་མི་སྐྱོད་རྡོ་རྗེ། བདེ་མཆོག་དྲིལ་བུ་ལུས་དཀྱིལ། འཇིགས་བྱེད་ལྷ་བཅུ་གསུམ་མ་གསུམ་གྱི་རྣལ་འབྱོར་རྒྱས་པ་རང་རང་གི་རྫོགས་རིམ་གྱི་ཉམས་བཞེས་དང་བཅས་པ། མྱུར་མཛད་མགོན་པོ་ཕྱག་དྲུག་པས་གཙོས་སྲུང་མ་རྣམས་ལ་གཏོར་བསྔོ་རྒྱས་པ་ཆབ་གཏོར་བརྒྱ་རྩ་ལ་སོགས་པའི་ཆོས་སྤྱོད་གཏོར་མའི་རིམ་པ། ཐབས་ཤེས་ཀྱི་ཉམས་ལེན་རྣམས་ཆག་མེད་དུ་མཛད་ཅིང་ཐུན་མཚམས་སུ་ཕྱག་དང་མཎྜལ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ཉིད་ལ་ཐུགས་དམ་གྱི་གཙོ་བོར་མཛད་པ་ཡིན་ཞིང་རྒྱུན་བསྙེན་ཡང་དཀྱིལ་འཁོར་གཙོ་བོའི་རྩ་སྔགས་རྣམས་དང༌། ཁྱད་པར་འཇིགས་བྱེད་ཀྱི་རྩ་སྔགས་ལྔ་བརྒྱ་ཙམ་རེ་ཆག་མེད་དུ་བཟླ་བ་དང༌། རྡོ་རྗེ་བཟླས་པ་དང༌། བུམ་པ་ཅན་གྱི་རླུང་སྦྱོར་ཡང་མང་དུ་མཛད་པར་སྣང་ངོ༌། །

                    ལེགས་པར་བཤད་པས་གདུལ་བྱ་བསྐྱང་པའི་རིམ་པ་ཡང༌། མངའ་རིས་སུ་ཕེབས་པ་ནས་བཟུང་གཞན་དོན་དུ་དགོངས་པ་གཏད་པ་ཚུན་ཆད་ལོ་རེ་གཉིས་ཙམ་མ་གཏོགས་ཕལ་ཆེར་ལམ་རིམ་གྱི་ཁྲིད་རྒྱས་བསྡུས་གང་ཡང་རུང་བ་རེ་མ་ཆག་པར་མཛད་ཅིང་ལམ་རིམ་ཆེན་མོའི་བཤད་ལུང་ཡང་བཅུ་ཕྲག་བརྒལ་བ་དང༌། འགྲེལ་པ་བཞི་སྦྲགས་ཀྱི་སྟེང་ནས་འདུས་པའི་རྒྱུད་ཀྱི་བཤད་པ་ཚར་ཉི་ཤུ་ལྷག་དང༌། རིམ་ལྔ་གསལ་སྒྲོན་བདེ་མཆོག་སྦས་དོན་ཀུན་གསལ་ལ་སོགས་པ་གཞུང་ཆེན་མོ་དུ་མའི་བཤད་པ་དང༌། དབང་ཁྲིད་ལུང་རྗེས་གནང་མཐའ་ཡས་པའི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ཅིང༌། ལྷག་པར་རྒྱལ་བ་མཆོག་ལ་ལོ་ཉི་ཤུ་རྩ་བཞིའི་བར་དུ་ཡོངས་འཛིན་མཛད་དེ་ཆོས་བཀའ་ཐམས་ཅད་བུམ་པ་གང་བྱོ འི་ཚུལ་དུ་ཕུལ། རྒྱལ་བ་མཆོག་ནས་ཀྱང་ཡོངས་འཛིན་རྣམས་ཀྱི་ནང་ནས་རྗེ་འདི་པ་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དོ། །

                    དེ་ནས་དགུང་ལོ་བདུན་ཅུ་དོན་ལྔར་ཕེབས་པ་ན་རྒྱལ་བ་མཆོག་ལ་ད་ནི་ན་སོ་རྒས་པས་འགོལ་ས་ཞིག་ཏུ་བསྡད་ཆོག་པ་དགོས་པས་དཔལ་འཁོར་ཆོས་སྡེ་ཕུལ་ནས་རྭ་སྒྲེང་ངེད་རང་ལ་གནང་བ་དང༌། དེར་སྡད་ཆོག་པ་དགོས་ཞེས་ཞུས་པ་ན། རྒྱལ་བ་མཆོག་ཀྱང་ཐུགས་ངལ་ཆེས་ཆེ་བར་མཛད་དེ། ཁྲི་ཆེན་གྱི་གཟིམ་ཆུང་དུ་ཕེབས་ནས་བླ་མ་དམ་པའི་སྐུ་དང་གསུང་གི་བབས་ལ་གཟིགས་ནས་ཞིང་ཁམས་གཞན་དུ་དགོངས་པ་གཏད་པ་ཡ་མི་གནང་བ་ཞུ་ཞེས་བཀའ་གནང་ཡང་ཡང་སྩལ་བ་དང་གནས་ཆེན་རྣམས་ཀྱི་རྟེན་མཐའ་དག་ལ་མཆོད་འབུལ་དང་གྲྭ་ས་ཆེན་པོ་གསུམ་གྱིས་གཙོས་པའི་དགོན་ཁག་རྣམས་ལ་མང་འགྱེད་རྒྱ་ཆེར་གནང་སྟེ་སྐུའི་རིམ་གྲོ་སྒྲུབ་པ་དང་སྒྲུབ་སྡེ་ཁག་རྣམས་སུ་སྐུ་ཚེའི་སྒྲུབ་པ་འཛུགས་པ་སོགས་ཐུགས་ཁུར་ཆེན་པོ་བཞེས། སྨན་པ་རྣམས་ལའང་གསོལ་སྨན་འབུལ་ལུགས་སོགས་གང་ཅི་ནས་བཀའ་ནན་ཡང་ཡང་ཕེབས་ཀྱང༌། ཁྲི་ཆེན་འདིས་ད་ནི་ངེས་པར་དགོངས་པ་གནང་དགོས་རྒན་པོ་རྭ་སྒྲེང་དུ་འཆི་ས་བྱེད་ཅེས་ཞུས་པ་ན་གོང་ས་ཐམས་ཅད་མཁྱེན་པ་གཟིམ་ཤག་ཏུ་ཕེབས་ནས་དེ་འདྲ་བཀའ་མི་གནང་བ་དགོས་ཞེས་དཔལ་འཁོར་ཆོས་སྡེ་ཡང་ཐུགས་ཚགས་གནང་བ་དང༌། རྭ་སྒྲེང་ཡང་ཕུལ་ཆོག་བཞུགས་ཡུལ་ཕོ་བྲང་འདི་ཁ་རང་དུ་གནང་དགོས་ཞེས་མཎྜལ་གྱིས་མཚོན་དངོས་པོ་སྤམ་ཆེ་བ་འབུལ་བ་གནང་སྟེ་སྤྱན་ཆབ་དང་བཅས་གསོལ་བ་ཤུགས་དྲག་འདེབས་པར་མཛད་ཀྱང༌། ཁྲི་ཆེན་འདི་པས་རྒྱལ་བ་ཐུགས་རྗེ་ཆེ་བདག་རང་ངོས་ནས་ཆུང་ངུ་ནས་ཆོས་བྱས་འཇམ་མགོན་བླ་མའི་བསྟན་པ་ལ་ཞུགས། སློབ་གཉེར་མཐར་ཕྱིན་པར་བྱས། བསམ་སྒོམ་ཡང་གང་འགྲུབ་བྱས་ཉམས་མྱོང་དང་དག་པའི་མཚན་མ་ཡང་མང་དུ་ཤར། ལྷག་པར་རྒྱལ་བ་མཆོག་ལ་མདོ་སྔགས་ཀྱི་ཆོས་རྣམས་ལེགས་པར་ཕུལ་གྲུབ་པས་བློ་བདེ། རྒྱལ་བ་མཆོག་གིས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་དགོས་དེ་ལས་ཞུ་རྒྱུ་མེད་ཅེས་གསན་དུ་མ་བཞེད། དེ་ནས་རྭ་སྒྲེང་དུ་ཕེབས་པའི་སྔ་ཞོགས་ནམ་སེང་ཙམ་ལ་གོང་ས་སྐྱབས་མགོན་ཆེན་པོ་ཚུར་གཟིམ་ཤག་ཏུ་ཕེབས་ཡབ་སྲས་གཉིས་གསུང་གླེང་ཤིན་ཏུ་མང་བ་དང་ཕན་ཚུན་འབྲལ་མི་ཕོད་པའི་ཚུལ་གྱིས་སྤྱན་ཆབ་མང་དུ་བསིལ་ནས་བྱིན་རླབས་ཞུ་རེས་མཛད་དེ་རྗེ་རང་གི་འབྲལ་སྤང་ལྟ་བུའི་ཐུགས་དམ་རྟེན་རྗེ་བཙུན་མཁའ་སྤྱོད་མའི་སྐུ་བྱིན་རླབས་ཅན་ཞིག་གོང་ས་རིན་པོ་ཆེར་ཕུལ་ཏེ། མགོན་པོ་ཁྱེད་ཞབས་པད་བརྟན་པ་དང༌། འཕྲིན་ལསད་ལྟའི་མུ་བཞིན་རྒྱས་པ། བདག་སྐྱེ་བ་ཐམས་ཅད་དུ་འབྲལ་མེད་རྗེས་སུ་གཟུང་དུ་གསོལ།

                   འོ། བན་རྒན་གྱི་སྨོན་ལམ་འདེབས་རྒྱུ་དེ་ཡིན་ཐུགས་རྗེས་ཟུངས་ཞེས་ཞུས་ཤིང་རྒྱལ་བ་མཆོག་ནས་ཀྱང་ཞལ་བཞེས་བཟང་པོ་གནང༌། སྐུ་ཧར་གྱི་བཞེངས་ཏེ་གཟིམ་ཆུང་མདོ་བར་དུ་ཕེབས་སྐྱེལ་མཛད་སྐབས་གོང་ས་མཆོག་གི་དབུ་རྗེ་འདི་པའི་ཐུགས་ཀའི་ཐད་དུ་གཏད་ནས་ཐུགས་སྨོན་ཡུན་རིང་གནང་ཞིང་སྤྱན་ཆབ་བསིལ། ཕོ་བྲང་ཆེན་པོའི་སྒོའི་ཉེ་འགྲམ་ནས་ཕེབས་བྱམས་ལ་གདན་དྲངས། གསོལ་དཔོན་ཆེན་མོ་གྲགས་པ་མཐའ་ཡས་སོགས་རྩེ་དྲུང་ནང་མ་རྣམས་ལ་བསླབ་བྱ་ཞལ་གདམས་མང་དུ་གནང༌། དེ་ནས་རིམ་གྱིས་རྭ་སྒྲེང་དུ་ཕེབས་ཐོག་དགུང་ལོ་བདུན་ཅུ་དོན་ལྔར་ཕེབས་པ་ལུག་ལོ་ཟླ་བ་བརྒྱད་པའི་ཚེས་བདུན་གྱི་ཉིན་ཁྲི་མཐོན་པོ་ཞིག་བཤམས་བཅུག་ནས་དེར་བཞུགས་པ་མཛད། གོང་ས་མཆོག་ནས་ཆེད་དུ་སྒྲུབ་གནང་གི་བུམ་ཆུ་དང་འཕེལ་གདུང་སོགས་གནང་བ་ཚེས་བརྒྱད་ཀྱི་སྔ་དྲོ་འབྱོར་པས་པོ་ཏ་ལ་ངོས་སུ་ཕྱག་ཐལ་མོ་སྦྱར་ནས་བཞེས་པ་གནང༌། དྲོ་གོང་སྐབས་ཆར་ཟིམ་བུ་ཞིག་འབབ་བཞིན་པ་ལ་ཞབས་རྡོ་རྗེ་སྐྱིལ་ཀྲུང༌། ཕྱག་གཉིས་མཉམ་བཞག་དང་སྐུ་དྲང་པོར་བསྲངས་ཏེ་སྟོང་པ་གསུམ་རིམ་གྱིས་ཐིམ་པའི་ཐམས་ཅད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད། གཟུགས་སྐུ་རགས་པའི་ཟ་མ་ཏོག་ནས་ཡེ་ཤེས་ཀྱི་སྐུ་ཁ་སྦྱོར་བདུན་ལྡན་གྱི་རྣམ་པ་ཅན་དུ་བཞེངས་པ། ཞིང་དག་པ་རབ་འབྱམས་ཀྱི་དཔའ་བོ་དང་མཁའ་འགྲོའི་ཚོགས་བྱེ་བ་འབུམ་གྱིས་རྨད་དུ་བྱུང་བའི་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ་དགའ་ལྡན་མི་ཕམ་ཆོས་ཀྱི་བླ་མའི་མདུན་ས་ཆེན་པོར་གཤེགས་པར་གྱུར་ཏོ། །དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་ཁྲི་ཆེན་ངག་དབང་མཆོག་ལྡན་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་གནད་རྣམས་ལ་འཁྲུལ་མེད་ཀྱི་ངེས་པ་བརྟན་པོ་བཙལ་ལ་ཉིན་རེ་བཞིན་དུ་བག་ཆགས་ཅི་ཐེབས་བྱའོ།། །།

                                                                                                                         རྩོམ་སྒྲིག་པ། མང་ར་བ། 

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།