ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-19 20:55:50     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 97058295108396316.jpg

                    ཁྲི་ཆེན་ངག་དབང་མཆོག་ལྡན་པ་ནི། མདོ་སྨད་ཀྱི་ཡུལ་གྱི་ཆ་བཙན་ཚོ་ཞེས་བྱ་བའི་ལུང་པའི་ལེ་ལག་དཀར་མོ་ཕུགས་སུ་ནང་སོ་ཕྱག་རྡོར་བཀྲ་ཤིས་དང་ཡུམ་སྦོ་ཆོག་གཉིས་ཀྱི་སྲས་སུ་ཤིང་མོ་སྦྲུལ་གྱི་ལོར་སྐུ་འཁྲུངས། འཁྲུངས་ཙམ་ནས་བཟུང་ཐ་མལ་བྱིས་པའི་སྤྱོད་པ་མཐའ་དག་རྒྱང་རིང་དུ་སྤངས་ཤིང་སྐུ་དྲང་པོར་བསྲངས་ཏེ་སྒོམ་བྱེད་པའི་ཚུལ་དང་གཟུངས་སྔགས་བཟླ་བ་སོགས་དམ་པའི་སྤྱོད་པས་དུས་འདའ་བ་ཞིག་བྱུང་ཞིང༌། ཉེ་སྐོར་དུ་མི་གཞན་གྱིས་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང༌། ཐར་ཆེན་གྱི་མདོ་གཉིས་ཀློག་པ་གསན་པའི་ཚེ་མདོ་དོན་རྣམས་ཕལ་ཆེར་ཐུགས་ལ་ཆུད་པ་ཞིག་བྱུང༌། དེ་ནས་ཁྱིམ་ན་གནས་པ་ནི་ཉོན་མོངས་པ་དང་ཉེས་པ་དུ་མའི་འབྱུང་གནས་དང༌། རབ་ཏུ་བྱུང་བ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གཟིགས་ནས་ཡབ་ཡུམ་གཉིས་ལ་ཁོ་བོ་རབ་ཏུ་འབྱུང་ངོ་ཞེས་ཡང་དང་ཡང་དུ་གསོལ་བ་ན་ཡབ་ཡུམ་གཉིས་ཀྱིས་ཀྱང་མཐུན་པའི་གྲོགས་བྱས་ཏེ་ཁྱིམ་ནས་ཁྱིམ་མེད་པར་བྱ་ཁྱུང་ཆོས་སྡེར་མཁན་པོ་ངག་དབང་ཚུལ་ཁྲིམས་ལ་གཙུག་ཕུད་ཕུལ་ནས་རབ་ཏུ་བྱུང་སྟེ་མཚན་ངག་དབང་མཆོག་ལྡན་ཞེས་བཏགས། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་དགེ་ཚུལ་གྱི་བསླབ་ཁྲིམས་ལས་ནམ་ཡང་མི་འདའ་བར་བཅས་ཁྲིམས་ཚུལ་བཞིན་དུ་བསྲུང་བར་མཛད། མཁན་པོ་དེ་ཉིད་ཚུལ་བཞིན་དུ་བསྟེན་ཏེ་ཆོས་སྤྱོད་ཀྱི་རིམ་པ་རྣམས་དང༌། རྒྱན་འཇུག་སོགས་གཞུང་ཆེན་བཞིའི་རྩ་བ་རྣམས་ཀྱང་ཕལ་ཆེར་བཟུངས། སྦྱོར་བ་རྩི་བ་སོགས་རིགས་པའི་སྒོ་འབྱེད་ལ་བརྩོན་པར་མཛད་པས་ཚེགས་མེད་པར་མཁྱེན། སྔོན་ཡུལ་རིང་པོ་ནས་སྦྱངས་པའི་བག་ཆགས་སད་པས་འཁོར་བའི་ཕུན་ཚོགས་གང་ལའང་མི་ཆགས་ཤིང༌། སྲིད་ལ་ངེས་འབྱུང་ངང་གིས་སྐྱེ་བ་དང༌། ཆོས་ཀུན་སྣང་ཞིང་སྟོང་པ་སྒྱུ་མ་ལྟ་བུའི་སྣང་བ་རང་ཤུགས་ཀྱིས་འཆར་བ་ཞིག་བྱུང༌། དེ་ནས་དགུང་ལོ་བཅོ་ལྔ་ལ་བབ་པ་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་སྐྱོང་ཕྱིར་དབུས་གཙང་དུ་སློབ་གཉེར་ལ་འབྱོན་པ་བཞེད་ནས་བྱ་ཁྱུང་མཁན་པོ་དང་ཡབ་ཡུམ་གཉིས་ལ་དེ་ལྟར་གསོལ་པ་ན་ཁོང་རྣམས་ཀྱིས་ཀྱང་མཐུན་པའི་གྲོགས་ལེགས་པར་སྦྱར་ཏེ་དབུས་སུ་ཕེབས་ནས་སེ་ར་ཐེག་ཆེན་གླིང་དུ་བྱོན། བྱེས་མཁས་མང་གྲྭ་ཚང་དུ་ཞུགས་མི་ཆེན་གྱི་རིགས་ཡིན་པས་ཐམས་ཅད་ཀྱིས་ཆོས་མཛད་མཛད་དགོས་པར་བསྐུལ་ཡང་མི་ཆེན་གྱི་ཆེ་སྒྲོབ་ཀྱིས་སློབ་གཉེར་ལ་གནོད་དོགས་ནས་ཞལ་གྱིས་མ་བཞེས་པར་ཆོས་གྲྭ་བ་སྤྱི་འགྲེ་མཛད། བྱེ ས་བླ་མ་རྒྱལ་མཚན་དོན་གྲུབ་ཡོངས་འཛིན་དུ་བསྟེན་ཏེ་ཐོག་མར་ཚད་མ་རྣམ་འགྲེལ་ལ་སྦྱངས། དེ་ནས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས་ཕར་ཕྱིན་ལ་སྦྱངས། ཕར་ཕྱིན་གྱི་རྒྱ་བོད་ཀྱི་གཞུང་ཐམས་ཅད་ལ་འདྲིས་པར་མཛད།

                    ཕར་ཕྱིན་གྱི་ཟུར་བཀོལ་བཞི་པོ་ཐུགས་ལ་བྱང་བར་བཟུངས་ནས་ཚོགས་རྒྱུགས་འབུལ་བར་མཛད། ལོ་བཅུ་དགུ་ཚུན་ལ་ཕར་ཕྱིན་གྱི་གསན་སྦྱོང་རྫོགས་པར་གྲུབ་པར་མཛད་ནས་ལོ་ཉི་ཤུ་པར་གསང་ཕུར་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དེ་ནས་དབུ་མའི་འཛིན་གྲྭར་ཞུགས་ཏེ་སེ་ར་རྗེ་བཙུན་པའི་དབུ་མའི་ཡིག་ཆ་ཡོངས་རྫོགས་ཐུགས་ལ་གཟུང༌། འཕགས་པ་ཡབ་སྲས་ཀྱི་དབུ་མའི་གཞུང་རྣམས་དང༌། རྗེ་ཡབ་སྲས་ཀྱི་དབུ་མའི་བསྟན་བཅོས་རྣམས་ལ་ལེགས་པར་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད། དེ་ནས་དགུང་ལོ་ཉེར་གཉིས་ནས་ཉེར་བཞི་པའི་བར་ལོ་གསུམ་རིང་ལ་འདུལ་མཛོད་གཉིས་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད། དགུང་ལོ་ཉེར་ལྔ་པའི་ལོ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཐོག་ཏུ་དཀའ་བཞིའི་གྲྭ་སྐོ ར་མཛད། དེ་ནས་རྗེ་རིན་པོ་ཆེའི་རྣམ་ཐར་ལྟར་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་མཛད་བཞེད་ནས་སེ་ར་རྩེར་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོའི་ཞབས་དྲུང་དུ་ཕེབས་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱས་པར་གསན་ཏེ་མཐའ་དག་ཐུགས་སུ་ཆུད་པར་མཛད་པ་ན་རྗེ་དགེ་ལེགས་རྒྱ་མཚོ་ཐུགས་ཤིན་ཏུ་མཉེས་ནས་ན་ཚོད་གཞོན་ནུ་འདི་ཙམ་ནས་ལམ་རིམ་ལ་སྒྲུབ་པ་མཐར་ཕྱིན་པ་བྱས་ན་རྟོགས་པ་ཐོབ་ནས་བསྟན་པ་ལ་ཕན་ཐོགས་པ་ཞིག་འོང་ཞེས་ལུང་བསྟན་ཡང་མཛད། སྔར་གཞུང་ལུགས་ལ་སྦྱངས་པ་གང་བྱས་པ་ཐམས་ཅད་ཚིག་གཅིག་ཀྱང་དོན་མེད་དུ་མ་སོང་བར་རང་གི་རྒྱུད་འདུལ་བའི་མན་ངག་མཆོག་ཏུ་གོ་ནས་དཔལ་ཨ་ཏི་ཤས་གསེར་གླིང་པ་ཆེན་པོ་རྩ་བའི་བླ་མ་འགྲན་གྱི་དོ་མེད་དུ་འཛིན་པ་ཇི་ལྟ་བར་རྗེ་སྒྲུབ་ཁང་པ་འདི་ནི་རྩ་བའི་བླ་མ་འགྲན་གྱི་དོ་མེད་དུ་འཛིན་པར་མཛད་དེ། རྗེ་སྒྲུབ་ཁང་པའི་མཚན་བརྗོད་པ་ན་ཕྱག་ཐལ་མོ་སྦྱོར། སྤྱན་མཆི་མ་འཁྲུག་པ་ཞིག་ཡོད་པར་གསུངས་སོ། །རྗེ་སྒྲུབ་ཁང་པ་ལ་ལམ་རིམ་གྱི་ཁྲིད་གསན་ནས་ཁྲིད་སྐྱོང་སྐབས་བླ་མའི་གསུང་ཚིག་གཅིག་ཀྱང་རས་སུ་མ་བོར་བར་ཕྱག་དང་མཎྜལ་གྲངས་གསོག་དང༌། མཆོད་པའང་སྣོད་གཞན་མེད་པར་རྫའི་ཁོག་མ་བཀྲུས་ཏེ་དེ་ཉིད་དུ་ཡོན་ཆབ་ཡང་དང་ཡང་དུ་འབུལ་བ་སོགས་རྗེ་སྒྲུབ་ཁང་པའི་རྣམ་ཐར་ཉམས་པ་མེད་པར་སྐྱོང་བར་མཛད་དོ། །

                    དེ་ནས་སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཐོབ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་སྨོན་པས་དཀའ་བ་ཁྱད་དུ་བསད་ནས་མི་ཆེན་གྱི་སྒྲོབ་གང་ཡང་མ་མཛད་པར་འཚོ་ཆས་རྣམས་ཀྱང་རང་གི་ཁྲེས་པོར་བསྣམས་ཏེ་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་མཇལ། ཞལ་གྱི་དཀྱིལ་འཁོར་མཐོང་མ་ཐག་ས་དང་པོ་ཐོབ་པ་ལྟ་བུའི་དགའ་བ་དང༌། སངས་རྒྱས་དངོས་སུ་མཐོང་བའི་དད་པ་བཅོས་མིན་འཁྲུངས། བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པས་ཐུགས་ལེགས་པར་ཚིམ་ཞིང་མཁན་ཆེན་ཐམས་ཅད་མཁྱེན་པའི་བཀའ་བཞིན་འདུལ་བའི་བཅས་མཚམས་མཐའ་དག་ཉམས་པ་མེད་པར་བསྲུངས་ཏེ་ཐུབ་པའི་རྒྱལ་ཚབ་ཆེན་པོར་གྱུར་ཏོ། །དེ་ནས་གསང་སྔགས་ལ་སྦྱོང་བར་བཞེད་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལ་ཞུགས། རྒྱུད་སྨད་ཆོས་རྗེ་དགེ་འདུན་ཕུན་ཚོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་པ་འདུས་པ་འགྲེལ་པ་འགྲེལ་བཤད་མན་ངག་ལག་ཁྲིད་དང་བཅས་པ་དང༌། མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པ་རྒྱུད་འགྲེལ་མན་ངག་ལག་ཁྲིད་དང་བཅས་པ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་མན་ངག་ལག་ཁྲིད་དང་བཅས་པ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད་ནས་དགུང་ལོ་ཉེར་བདུན་པའི་ལོ་དབྱར་གནས་ཐོག་རྒྱུད་ཆེན་དགེ་འདུན་ཕུན་ཚོགས་ལ་གསོལ་བ་བཏབ་སྟེ། ཕྱི་མིག་ལུང་གི་ཁྲིད་ཁང་དུ་ཞུགས་ནས་མཁས་གྲུབ་རིན་པོ་ཆེའི་དཀར་ཆག་ཐོའི་ཡིག་ཆུང་ལས་ཇི་ལྟར་འབྱུང་བ་ལྟར་འདུས་པའི་རིམ་གཉིས་ཀྱི་ཁྲིད་ལག་ལེན་ཆེ་ཕྲ་མཐའ་དག་ཉམས་པ་མེད་པར་ཁྲིད་པར་མཛད། རྒྱུད་ཆེན་དགེ་འདུན་ཕུན་ཚོགས་འདི་ལ་དཔལ་དབེན་ས་སྙན་བརྒྱུད་ཀྱི་མན་ངག་དང༌། སྲད་རྒྱུད་ཀྱི་མན་ངག་དང༌། རྒྱུད་སྨད་རང་གི་རྡོ་ལག་བརྒྱུད་ཀྱི་མན་ངག་གསུམ་ག་མངའ་ཞིང༌། དེ་ཡང་བཀླགས་ལུང་ཙམ་མིན་པར་དམར་ཁྲིད་ལག་རྗེས་དང་བཅས་པ་ཞིབ་ཏུ་ཁྲིད་པར་མཛད་པས་ལམ་རིམ་གཉིས་ལ་མི་འཇིགས་པའི་གདེང་ཐོབ། དེ་ནས་འཇམ་དབྱངས་བཞད་པ་རྡོ་རྗེ་ལ་ཡང་ལམ་རིམ་གྱི་ཁྲིད་དང་བསྐྱེད་རྫོགས་ཀྱི་ཁྲིད་དང་དབང་རྗེས་གནང་མང་དུ་གསན། གཞན་ཡང་དགེ་བའི་བཤེས་གཉེན་དུ་མ་ལ་དབང་ལུང་མན་ངག་མཐའ་ཡས་པ་གསན། དེ་ནས་ཡབ་ཡུམ་གྱིས་ནན་གྱིས་བསྐུལ་ཏེ་མདོ་སྨད་དུ་བྱོན་ནས་ལོ་ངོ་བཞི་ཙམ་བཞུགས་སླར་དགུང་ལོ་སོ་གསུམ་གྱི་ཐོག་དབུས་སུ་ཕེབས་ནས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ལ་གསང་བདེ་འཇིགས་གསུམ་གའི་བསྐྱེད་རྫོགས་རྣམས་ཀྱི་ཁྲིད་དང་རྗེ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་སོགས་ཆོས་བཀའ་མཐའ་ཡས་པ་གསན།

                                                                                                                           རྩོམ་སྒྲིག་པ། མང་ར་བ། 

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།