ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ལྔ་བ།
དེ་ནས་བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་ཡེ་ཤེས་རྩེ་མོས་གཙོ་མཛད་མཁན་སློབ་དགེ་འདུན་ཚང་མས་བཀྲ་ཤིས་ལྷུན་པོའི་གདན་སར་འབྱོན་དགོས་ཞེས་མགྲིན་གཅིག་གིས་གསོལ་བ་བཏབ་པ་ལྟར་གཙང་ཕྱོགས་སུ་ཕེབས། བཀྲ་ཤིས་ལྷུན་པོ་དང་ཉེ་བར་ཕེབས་པ་ན། བློ་གསལ་ལུང་རིགས་སྨྲ་བ་འདུས་པ་རྒྱ་མཚོས་མཆོད་པའི་བྱེ་བྲག་དུ་མ་ཐོགས་ཏེ་ཟམ་པ་ཤར་ནས་བཀྲ་ཤིས་ལྷུན་པོའི་བར་དུ་སེར་སྤྲེང་གིས་ཚར་དུ་དངར་བར་གྱུར་པ་ནི། སྔོན་དུས་ངང་པའི་རྒྱལ་པོ་ཡུལ་འཁོར་སྐྱོང༌། །རྙི་ལས་རབ་གྲོལ་པད་མཚོར་འཁོར་བ་ལས། །རབ་དགའ་ལྡན་པའི་ངུར་པའི་ཕྲེང་བ་ཡིས། །ཚར་དུ་དངར་ནས་གུས་པས་གར་བྱས་བཞིན། །དེའི་དུས་ཕོ་བྲང་བསམ་གྲུབ་རྩེའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་ཡིད་རབ་ཏུ་དགའ་བས་ཞལ་གྱི་དཀྱིལ་འཁོར་ལྟ་བ་ལ་འཁོད་པ་ནི་དབྱར་གྱི་ཆར་སྤྲིན་བཞིན། ཐམས་ཅད་ཀྱིས་སྐྱབས་སུ་མཆིའོ་ཞེས་པའི་སྒྲ་སྒྲོག་པ་ནི་འབྲུག་གི་གད་མོ་བཞིན་དུ་གྱུར། ལྷ་རྣམས་དགའ་བའི་ལྟས་ཁྱད་པར་ཅན་མང་པོ་དང་བཅས་ཏེ་བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་ཕྱགས་ཕེབས་པར་རྒྱུར་ཏོ། །དེ་ནས་གཟའ་སྐར་དང་འགྲུབ་སྦྱོར་བཟང་པོ་ལ་སེང་གེའི་ཁྲི་ལ་མངོན་པར་འཛེགས་ཏེ་པཎ་ཆེན་རིན་པོ་ཆེས་གཙོ་མཛད་དགེ་འདུན་ཚོགས་པས་བཀྲ་ཤིས་ཀྱི་མེ་ཏོག་གཏོར། པཎ་ཆེན་རིན་པོ་ཆེས་བླ་བྲང་སེར་པོར་ཀུན་སྤངས་མཛད། རྗེ་ཉིད་བླ་བྲང་རྒྱལ་མཚན་མཐོན་པོར་གཞི་ཕབ་སྟེ་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་ཚུལ་ནི། དེ་ནས་དགུན་ཆོས་དང་པོ་བཙུགས་ནས་ཉི་ཤར་ལ་བཞུགས་ཁྲིའི་ཐོག་ཏུ་ཕེབས་པར་མཛད་དེ་ཚད་མ་རྣམ་འགྲེལ་གྱི་གཞུང་ཆོས་གསན་པ་སུམ་བརྒྱ་ལྷག་པ་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་ཊཱིཀྐའི་ས་བཅད་གཞིར་བཞག་པ་ལ་ཐར་ལམ་གསལ་བྱེད་དང་མཁས་གྲུབ་ཊཱིཀ་ཆེན་སྐབས་སུ་གང་བབ་པའི་སྟེང་དུ་ལྷ་ཤག་སོགས་འགྲེལ་ཆེན་རྣམས་ཀྱི་བཤད་པས་བརྒྱན་ཏེ་གནང༌། ལྷག་པར་ལེའུ་གཉིས་པའི་སྐབས་སུ་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་པོ་སྟོབས་ཞུགས་ཀྱིས་སྒྲུབ་པའི་རིགས་ལམ་རྣམས་ལམ་གྱི་རིམ་པར་བསྒྲིགས་ཏེ་ཐར་འདོད་ཀྱི་ཉམས་ལེན་དུ་སྦྱར་ནས་གསུངས་པས། གདམས་པའི་མཆོག་ནི་འདི་ཁོ་ནའོ་ཞེས་བསྟན་པ་དང་སྟོན་པ་ལ་ཚད་མས་དྲངས་པའི་ངེས་པ་འདྲོངས་པ་བྱུང་སྟེ་ཉིན་མཚན་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བ་ལས་ཚེ་འདིའི་རྟོག་པ་རྒྱུན་ཆད་པའི་རིགས་གྲྭ་འགྲིམ་མཁན་ལྔ་བརྒྱ་ལ་ཉེ་བ་འདུག་གོ་ཞེས་མཐུན་པར་སྨྲ། མཁས་པ་བློ་གྲོས་རྒྱ་མཚོ་བ་ནི། སྔོན་ཆད་གངས་རིའི་ཁྲོད་འདིར་ཚད་མ་རྣམ་འགྲེལ་གྱི་གཞུང་ཆོས་ཉན་མཁན་ཕྱོགས་གཅིག་པ་འདི་བས་མང་བ་མ་བྱུང་བ་འདྲ་ཞེས་གསུངས། དེའི་རྗེས་སུ་འཇུག་པའི་ཊཱིཀ་ཆེན། དེའི་རྗེས་སུ་དྲང་ངེས་རྣམ་འབྱེད། མངོན་པ་མཛོད་རྣམས་གསུངས་ཏེ་ཆོས་གསན་མི་ཡང་ཉིས་བརྒྱར་ཉེ་བ་དང༌། གུང་ཚིགས་གྲོལ་ནས་ཕར་ཕྱིན་རྣམ་བཤད་སྙིང་པོ་རྒྱན་གྱི་ཐོག་ནས་གཟབ་བཤད་མཛད། ལུང་གྲྭ་འགྲིམ་མཁན་ཡང་ཉིས་བརྒྱ་ལྷག་པ་བྱུང༌། དེ་རྗེས་འདུལ་ཊཱིཀ་ཆེན་མོ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་མཆན་མའི་སྟེང་ནས་གཟབ་བཤད་མཛད། ཕྱི་དྲོ་འཁར་རྔ་བཏང་སྟེ་ཚོགས་པ་ཐམས་ཅད་ལ་གླེགས་བམ་རིན་པོ་ཆེའི་ཆོས་ཐུན་ལམ་པ་རེ་གནང༌། དེའི་མུས་ལ་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཉིས་བརྒྱར་ཉེ་བ་ལ་རིམ་ལྔ་གསལ་བའི་སྒྲོན་མེ་གཟབ་བཤད་ཀྱང་མཛད།
དེ་ལྟར་དགུན་ཆོས་གཉིས། དཔྱིད་ཆོས་གཉིས་དབྱར་ཆོས་དང་བཅས་ཏེ་ཆོས་ཐོག་ལྔའི་རིང་ཉིན་རེ་བཞིན་དེ་ཁོ་ནས་དུས་འདའ་བར་མཛད་དོ། །དེ་ལྟ་བུ་སྔོན་ཐམས་ཅད་མཁྱེན་པས་བཀྲ་ཤིས་ལྷུན་པོ་བཏབ་པ་ནས་བཟུང་དེང་སང་གི་བར་གྱི་ཕྱག་སྲོལ་མ་ཉམས་པ་དེ་ཉིད་སླར་ཡང་རྗེ་ཉིད་ཀྱིས་རྒྱས་པར་མཛད་པས་ན་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ལས་ཀྱང་བཀའ་དྲིན་ཆེ་བར་མཛད་དོ། །དེ་ལྟ་བུའི་ཆོསའཁོར་རྒྱ་ཆེན་པོ་བསྐོར་ནས་སླར་ཡང་དབུས་ཕྱོགས་སུ་ཕེབས་ཏེ་རྒྱལ་དུ་དགེ་འདུན་བརྒྱ་ཕྲག་མང་པོ་འཚོགས་པ་ལ་ཆོས་འཁོར་བཙུགས། དེ་ནས་བཟུང་སྟེ་ལོ་རེ་བཞིན་དགུན་དཔྱིད་གཉིས་འབྲས་སྤུངས་སུ་བཞུགས། དབྱར་སྟོན་གཉིས་རྒྱལ་དུ་བཞུགས་ནས་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་དོ། །དེ་ལྟ་བུའི་ཚུལ་གྱིས་རྣམ་དཀར་གྱི་མཛད་པས་གངས་ཅན་གྱི་སའི་ཁྱོན་ཕལ་ཆེར་ཞབས་ཀྱིས་བཅགས་ཏེ་འགྲོ་བ་མཐའ་དག་ལ་ཐུགས་རྗེའི་འཕྲིན་ལས་ཀྱི་མཐུས་ཕན་བདེས་ཁྱབ་པར་མཛད་པའི་སྐལ་བཟང་གི་སྐྱེ་བོ་མཐའ་ཡས་པ་དག་དང༌། ཐ་ན་མཚན་ཙམ་འཛིན་པའི་ཕྱོགས་མཐའི་འགྲོ་བ་གྲངས་ལས་འདས་པ་དག་ཀྱང་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་འདྲེན་པར་བཞེད་པའི་ཐུགས་རྗེ་ཆེན་པོས་ཀུན་ནས་བསྐྱོད་དེ་རྒྱལ་ལེགས་བཤད་སྒྲོག་པའི་དགའ་ཚལ་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱལ་བ་མ་ཕམ་པའི་སྐུ་ཞིག་བཞེང་བར་བྱའོ་སྙམ་དུ་དགོངས་ནས། ལུག་གི་ལོ་དཔོན་སློབ་རྒྱལ་དུ་ཕེབས་ནས་བལ་པོའི་དཔོན་མོ་ཆེ་མཁས་པ་ཉི་མ་དཔལ་གྱིས་ཐོག་དྲངས་སྤྲུལ་པའི་བཟོ་བོ་དཔོན་སློབ་བདུན་འཁོར་གཡོག་དང་བཅས་པས་དེའི་ལོ་ཆུ་ཟླ་བ་ཉིས་བརྩེགས་བྱུང་བའི་དྲུག་པ་སྔ་མའི་ཚེས་བཅུ་གསུམ་གྱི་གཟའ་སྐར་དང་འཕྲོད་སྦྱོར་སུམ་ཚོགས་པ་ལ་རྗེ་བཙུན་མ་ཕལ་པའི་སྐུ་རྒྱབ་མཐོ་དྲུག་ཅུའི་ཚད་དང་ལྡན་པ་ཞིག་བཞེང་བའི་བཟོ་ཐབ་ལེགས་པར་བཙུགས། དེའི་ཚེ་བཟོ་ར་ལ་འཇའ་ཚོན་སྣ་ལྔ་པ་ཐལ་བྱུང་དུ་ཡང་ཡང་ཟུག་པ་དང༌། འཇའི་གུར་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །སྤྲེའུའི་ལོ་གཟུངས་གཞུག་དང་བཅས་པ་གྲུབ་སྟེ་རབ་གནས་མཛད་པའི་ཚེ་རྗེ་བཙུན་བྱམས་པ་བྱོན་བྱུང་སྟེ་རྟེན་ཆེན་ལ་ཐིམ་སོང་བ་དངོས་སུ་མཐོང་གསུང་སྟེ། དེའི་དོན་གྱིས་རྟེན་ཆེན་འདི་རྗེ་བཙུན་བྱམས་པ་དངོས་སུ་བཞུགས་པ་ཡིན་ལ། གཞན་ཡང་རྗེའི་མནལ་ལམ་དུ། རྗེ་ཙོང་ཁ་པའི་ཐུགས་འདི་རྗེ་བཙུན་གྱི་ཐུགས་ཀར་ཆུག་ཟེར་བ་ཞིག་ཀྱང་བྱུང་གསུངས་སོ། །དེ་ནས་མེ་ཕོ་ཁྱིའི་ལོ་ལ་གཙོ་བོར་གོང་མ་ཆེན་པོ་དཔོན་བློན་གྱི་བཀའ་ནན་དང༌། དགའ་ལྡན་ཁང་གསར་ནས་དཔོན་ས་ཡུམ་སྲས། སེ་ར་ནས་ཆོས་ཀྱི་རྗེ་དཔོན་སློབ་རྣམ་པས་ཐོག་དྲངས་དགེ་འདུན་རྣམས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་སེ་ར་ཐེག་ཆེན་གླིང་གི་གདན་སར་ཕེབས་ཏེ་ཐོག་མར་དེར་བཞུགས་ཀྱི་དགེ་འདུན་རྣམས་ལ་གླེགས་བམ་རིན་པོ་ཆེ་ཆ་ལག་དང་བཅས་པ་གསུངས། ཀུན་མི་ཕྱེད་པའི་དད་པ་གཡོས་ཏེ་ཚོགས་ཀྱི་ཀུན་སྤྱོད་རྣམ་པར་དག་ཅིང༌། ཆོས་འཆད་ཉན་སོགས་ཆེས་ཕུལ་དུ་བྱུང་བར་གྱུར་ཏོ། །
དེ་ནས་རྗེ་ཉིད་ཀྱི་དགོངས་པ་ལ། སྔ་སོར་ཤར་ཕྱོགས་ཀོང་ཡུལ་ནས་གཙང་སྟོད་ཀྱི་བར་བོད་དབུས་གཙང་གི་སྐྱེ་འགྲོ་ཀུན་མཐོང་ཐོས་དྲན་རེག་དང༌། བཤད་པའི་སྒོ་ནས་སངས་རྒྱས་ཀྱི་འཕྲིན་ལས་སྤེལ་ཞིང་སྐལ་ལྡན་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་བཀོད་ད་ནི་རང་གི་བསྟི་གནས་དམ་པར་རྗེས་འཇུག་རྣམས་སྒྲུབ་པ་ཉམས་ལེན་ལ་སྦྱར་ཏེ་སྒྲུབ་པའི་སྒོ་ནས་སངས་རྒྱས་ཀྱི་འཕྲིན་ལས་སྤེལ་བ་འདི་མཆོག་དང་གཙོ་བོར་གསུངས་པས་གདུལ་བྱ་རྣམས་རྒྱལ་བའི་དགོངས་པ་བཞིན་དུ་སྒྲུབ་པ་ཉམས་ལེན་ལ་འགོད་པར་བྱའོ་དགོངས་ཏེ་སྐལ་བཟང་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་འགོད་ཕྱིར་དུ་ལྕགས་མོ་ཡོས་ནས་ཉེ་བར་བཟུང་ཕལ་ཆེར་རྒྱལ་རང་དུ་བཞུགས་ནས་འཁོར་རྣམས་ལ་བཀའ་སྩལ་པ། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་དང༌། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་དང༌། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་དཔོན་སློབ་ཀུན་སྒྲུབ་པ་ལ་བརྩོན་པར་མཛད་དོ། །དེ་ལྟར་དགུང་ལོ་བཅུ་གཅིག་ནས་བཟུང་དགུང་ལོ་རེ་དྲུག་གི་བར་ལ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་མདོ་སྔགས་ཀྱི་གསུང་རབ་རྣམས་ཀྱི་དགོངས་པ་འགྲེལ་པའི་ལེགས་བཤད་མཚན་བརྗོད་འགྲེལ་ཆེན། སྟོང་ཉིད་བདུན་ཅུ་པའི་རྣམ་བཤད། དབུ་མ་འཇུག་པའི་རྣམ་བཤད། སྨོན་ལམ་བདུན་ཅུ་པའི་རྣམ་བཤད། རྟེན་འབྲེལ་བསྟོད་པའི་རྣམ་བཤད། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་རྣམ་བཤད། གྲུབ་མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས། དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ། འདུལ་འཛིན་བློ་གྲོས་སྦས་པའི་མགུར་གྱི་འགྲེལ་པ། ཇ་མཆོད་རྩ་འགྲེལ། པཎ་ཆེན་ཡེ་ཤེས་རྩེ་མོའི་རྣམ་ཐར། རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར། རྗེ་རང་ཉིད་ཀྱི་རྣམ་ཐར། བླ་མ་དང་སངས་རྒྱས་བྱང་སེམས་ཀྱི་བསྟོད་ཚོགས། གདམས་མགུར་གྱི་རིམ་པ། དཔལ་གསང་བ་འདུས་པའི་རིམ་པ་དང་པོ་ཉམས་སུ་ལེན་ཚུལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་དང་པོ་ཉམས་སུ་ལེན་ཚུལ། ནཱ་རོ་ཆོས་དྲུག་གི་དམིགས་རིམ། དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས། དྲིལ་བུ་ལུགས་ཀྱི་སྦྱིན་སྲེག །དྲིལ་བུ་ལུས་དཀྱིལ་གྱི་བསྐྱེད་རིམ། འཁོར་ལོ་སྡོམ་པའི་རིམ་པ་དང་པོ་ལ་སློབ་ཚུལ། དྲིལ་བུ་ལུགས་ཀྱི་རྫོགས་རིམ། ཡི་དམ་སྒྲུབ་སྐོར་དང་རྗེས་གནང་གི་སྐོར། སྨྱུང་གནས་ཀྱི་ཆོ་ག །རབ་གནས་ཀྱི་ཆོ་ག །གནས་བརྟན་ཕྱག་མཆོད། བཅུད་ལེན་གྱི་གདམས་པ་རིམ་པ་ལྔ་པ། དཀར་གཏོར་དང་གཏོར་མ་བརྒྱ་རྩའི་རིམ་པ། བརྒྱ་བཞིའི་ཆོ་ག ། དཀར་ཆག་སྙན་ངག །དགེ་སློང་གི་བསླབ་བྱ། ཆོས་སྐྱོང་གི་སྐོར། ཆབ་ཤོག་གི་སྐོར། འཇིགས་བྱེད་ཀྱི་ཤིས་བརྗོད་སྨོན་ལམ། དོན་རྒྱན་སོ་ལྔའི་དཔེར་བརྗོད། བཀའ་གདམས་གླེགས་བམ་གྱི་བསྡུས་དོན། བརྟན་བཞུགས་ཀྱི་སྐོར། སྨན་བླའི་ཤིས་བརྗོད་སོགས་རྨད་དུ་བྱུང་བའི་ལེགས་བཤད་འདི་རྣམས་མཛད་དོ། །
དེ་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་རེ་བདུན་དུ་ཕེབས་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་ནག་པ་ཟླ་བའི་ཚེས་བརྒྱད་ཀྱི་སྐྱ་རེངས་དང་པོ་འཆར་བའི་དུས་སུ་སྐུའི་བཀོད་པ་བསྡུས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་སོགས་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་སུ་སྤྲུལ་པའི་བཀོད་པ་བྱེ་བ་ཕྲག་བརྒྱ་སྤྲུལ་ཏེ་རྒྱལ་བ་རྣམས་མཆོད་པ་དང་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་བཞུགས་སོ། །རྗེ་འདིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུད་འཛིན་བགྲང་བ་ལས་འདས་པ་བྱོན་པ་མཐའ་དག་བགྲང་བར་མི་ནུས་ཤིང༌། བྱང་ཆུབ་ལམ་གྱི་རིམ་པའི་འཕྲིན་ལས་སྤེལ་བའི་བཀའ་བབ་རྒྱུད་འཛིན་གྱི་གཙོ་བོ་ནི་ཁྲི་རིན་པོ་ཆེ་བདེ་བ་ཅན་པ་ཆོས་རྗེ་དགེ་ལེགས་དཔལ་བཟང་པོའོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྒྱལ་བ་དགེ་འདུན་རྒྱ་མཚོ་ལ་གསོལ་བ་འདེབས་ཤིང་རྗེ་འདིའི་མཛད་པ་རྣམ་ཐར་ལྟར་རྒྱལ་བའི་དམ་ཆོས་མ་ལུས་འཛིན་པའི་སྨོན་ལམ་འདེབས་ཤིང་གཙོ་བོར་བྱང་ཆུབ་ལམ་གྱི་རིམ་པ་ལ་སྦྱོང་བར་བྱའོ།། །།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn