ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་གསུམ་པ།
གཞན་ཡང་ཐུགས་དམ་པ་སོ་སོའི་མནལ་ལམ་དུ་འབྲོམ་སྟོན་པ་དང་མཇལ་བ་དང་ཉི་ཟླ་ཤར་བ་སོགས་བྱུང་འདུག་པས་གནས་དེར་ཕེབས་འཕྲལ་ཉིད་ནས་རྭ་སྒྲེང་པ་ཀུན་གྱིས། ཕ་སྟོན་པ་རིན་པོ་ཆེ་ཞེས་ཞབས་ལ་འདུད། ལྷག་པར་དྲུང་བྱང་སེམས་པ་ཞེས་སྐུ་སྐྱེ་བ་ཉི་ཤུ་ཙམ་དྲན་པ་ཞིག་ཡོད་པ་དེས་ཁོང་རང་གི་སྤྱིལ་བུར་སྤྱན་དྲངས། ལྡུམ་ར་ན་མེ་ཏོག་རྩ་བ་སུམ་ཅུ་ཙམ་ཡོད་པའི་མེ་ཏོག་ཐམས་ཅད་བཏུས་ནས་དེ་རྗེས་ཁོང་གིས་བདེན་ཚིག་བརྗོད་པ་ནི། སྐུ་སྐྱེ་རིན་པོ་ཆེ་འདི་འབྲོམ་གྱི་སྤྲུལ་པ་ཡིན་ངེས་ན་བདེན་པ་དེས་ད་ནང་ཚ་བཞེས་ཀྱི་རིང་ལ་འདིར་མེ་ཏོག་བརྒྱ་རྩ་གཅིག་འཆར་བར་ཤོག་ཅིག །མིན་ན་གཅིག་ཀྱང་མི་འབྱུང་བར་ཤོག་ཅིག །དེའི་དཔང་པོ་དཀོན་མཆོག་གསུམ་དང༌། ཇོ་བོ་ཡབ་སྲས་དང༌། ཁྱད་པར་ཆོས་སྐྱོང་ཞལ་དམར་བས་མཛོད་ཅིག་བྱས་ནང་དུ་བྱོན། དཔོན་སློབ་རྣམས་ཀྱིས་གསོལ་ཇ་འདེབས་གཅིག་གི་རིང་ལ་མེ་ཏོག་ཕྱེད་དང་ཉིས་བརྒྱ་དུས་གཅིག་ཏུ་ཤར་འདུག་པས་ཁོང་དད་པ་ཤུགས་དྲག་ཏུ་འབར་རོ། །དེ་ནས་རྗེ་དགེ་འདུན་གྲུབ་ཀྱི་ཐུགས་སྲས་པཎ་ཆེན་ཕྱོགས་ལྷ་འོད་ཟེར་འཕྱོང་རྒྱས་རི་བོ་བདེ་ཆེན་ན་བཞུགས་པ་དེས་རྗེ་འདིའི་སྙན་པ་གསན་ནས་རྗེ་དགེ་འདུན་གྲུབ་ཀྱི་བཀའ་དྲིན་བསབ་པའི་ཕྱིར་སྤྲུལ་པའི་སྐུ་འདིའི་འཕྲིན་ལས་རྒྱ་ཆེར་སྤེལ་བར་བྱའོ་སྙམ་དུ་དགོངས་ནས་རྗེ་འདི་ལྷོ་ཁ་ཕྱོགས་སུ་སྤྱན་དྲངས། ལྷོ་ཁ་ཕྱོགས་ཀྱི་ཆོས་སྡེ་མཐའ་དག་དང༌། རྗེ་དགེ་འདུན་གྲུབ་ཀྱི་སྦྱིན་བདག་འབྱོར་པ་ཅན་མཐའ་དག་བསྐུལ་ཏེ་རྗེ་འདིའི་ཞལ་བལྟ་བ་དང་གསུང་གི་བདུད་རྩི་མྱངས་སུ་གཞུག་ཕྱིར་པཎ་ཆེན་རང་གི་གཙོ་མཛད་དེ་དགེ་འདུན་རྣམས་ཀྱིས་རྒྱང་རིང་པོ་ནས་བསུ་བ་མཛད། མཇལ་མ་ཐག་ཏུ་པཎ་ཆེན་རིན་པོ་ཆེ་ལ་ས་དང་པོ་ཐོབ་པ་ལྟ་བུའི་དགྱེས་པ་ཆེན་པོ་བྱུང་བ་ཡིན་པ་འདུག
དེ་ནས་རི་བོ་བདེ་ཆེན་གྱི་གཞལ་ཡས་ཁང་གི་སྟེང་དུ་སྤྱན་དྲངས་བཀུར་སྟི་ཕུལ་དུ་བྱུང་བ་མཛད། ཐོག་མར་དཔལ་ལྡན་ལྷ་མོའི་བཀའ་ཞིག་གནང་དགོས་ཞུས་པས། དང་པོ་བོ་དོང་དུ་བྱས་ཟིན་པས་ད་བསྐྱར་ལྡབ་མི་དགོས་བྱ་བ་དང༌། གཞན་ཡང་སྔོན་རྗེ་ཉིད་བལ་པོར་པཎྜི་ཏ་ཞིག་ཏུ་འཁྲུངས་དུས་ཁྱེད་དེ་དུས་འཁོར་འདི་ལྟ་བུ་ཞིག་ཡིན་གསུངས་པས་པཎ་ཆེན་ཉིད་ཀྱང༌། ཐུགས་ཚིམ་ཞིང་མོས་གུས་ཕུལ་དུ་ཕྱིན་པ་འཁྲུངས། དེ་ནས་ཉིན་ཞིག་ན་བཟའ་ཆ་ཚང་ལ་སོགས་པའི་འབུལ་བ་བསམ་གྱིས་མི་ཁྱབ་པ་མཛད་དེ་པཎ་ཆེན་རིན་པོ་ཆེས་ཞབས་སྤྱི་བོར་བླངས་ཏེ། དགེ་བའི་བཤེས་གཉེན་པ་ལགས། ཁྱེད་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དངོས་ཡིན། བདག་རྔོག་ལེགས་པའི་ཤེས་རབ་མིན་ཡང་དེའི་གདན་ས་པ་ཡིན་པས་སྔོན་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ཡབ་སྲས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ལྟར་བདག་ཀྱང་གསོལ་བ་འདེབས་ན། བཀའ་གདམས་ཀྱི་བསྟན་པ་རྒྱས་པ་དང༌། འགྲོ་བ་མ་ལུས་པའི་ཕན་བདེ་སྤེལ་བའི་ཕྱིར་གླེགས་བམ་རིན་པོ་ཆེའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཆར་པ་གངས་ཅན་གྱི་འཛིན་མའི་ཁྱོན་ཐམས་ཅད་དུ་འབེབས་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ། དེའི་ཚེ་གངས་ཅན་གྱི་མགོན་པོ་སྤྲུལ་སྐུ་མཐོང་བ་དོན་ལྡན་དེ་ཉིད་དགུང་ལོ་ཉི་ཤུ་རྩ་གཅིག་ལ་བབ་པ། སྐུ་ཤེལ་གྱི་རི་བོ་ཐུན་མཚམས་ཀྱི་སྤྲིན་གྱིས་གཡོགས་པ་ལྟ་བུ། ཞབས་གཡས་པ་ཅུང་ཟད་བརྐྱངས་ཏེ་གངས་ཅན་པ་དག་ལ་ང་ལ་འཇུས་ཤིག་ཅེས་དོན་གྱིས་གོ་བར་བྱེད་པ་དེ་སྐལ་བ་དང་ལྡན་པའི་གདུལ་བྱའི་དབུས་ན་རྒྱུ་སྐར་རབ་ཏུ་རྒྱས་པས་བསྐོར་བའི་ཟླ་བའི་དཀྱིལ་འཁོར་ལྟར་མཐོང་བ་ཙམ་གྱིས་གདུང་བ་སེལ་བ། རི་དྭགས་ཀྱི་རྒྱལ་པོ་སེདྒེ་ལྟ་བུར་འཁོར་གྱི་དབུས་ན་འཇིགས་པ་ཀུན་དང་བྲལ་བ། གླིང་བཞིའི་དབུས་ན་ལྷུན་པོ་ལྟ་བུར་དགེ་མཚན་དུ་མས་མངོན་པར་མཐོ་བ་དེ་བཀའ་གདམས་ཀྱི་བསྟན་པ་རིན་པོ་ཆེ་གསལ་བར་བཞེད་པའི་ཐུགས་བསྐྱེད་དང༌། གངས་ཅན་གྱི་འགྲོ་བ་ཀུན་གྱི་སྡུག་བསྔལ་མ་ལུས་པ་བསལ་བར་བཞེད་པའི་ལྷག་བསམ་རབ་ཏུ་དཀར་བ་དེ་ལུད་པ་ལྟ་བུའི་འཛུམ་དཀར་གྱིས་གངས་རིའི་དཔལ་དང་ལྡན་པའི་སའི་དཀྱིལ་འཁོར་གཡོགས་པ་བཞིན་དུ་མཛད་དེ། གསུང་གི་གདངས་སྙན་པོ་འགྲོ་བ་གང་གི་མནལ་ལམ་དུ་སོང་བ་ན་དང་པོར་ལུས་ཀྱི་བ་སྤུ་གཡོ་ཞིང་མཐར་ཐར་པའི་ས་བོན་འདེབས་པར་མཛད་པས་ལྷའི་རྔ་བོ་ཆེའི་སྒྲ་བཞིན་དུ་པཎ་ཆེན་ཕྱོགས་ལྷ་འོད་ཟེར་བས་ཐོག་དྲངས་རི་བོ་བདེ་ཆེན་གྱི་སྐལ་བ་དང་ལྡན་པའི་དགེ་འདུན་རྣམས་དང༌། གཞན་ཡང་ཆོས་ཟབ་མོ་ལ་ལྷག་པར་མོས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དཔག་ཏུ་མེད་པ་ལ་གླེགས་བམ་རིན་པོ་ཆེ་ཆ་ལག་དང་བཅས་པ་དང༌། རྗེའི་གསང་བའི་རྣམ་ཐར་ཐོག་མར་སྩལ། དེའི་ཚེ་ནམ་མཁའ་ལ་འཇའ་འོད་དང་མེ་ཏོག་གི་ཆར་ཡང་དཔག་ཏུ་མེད་པ་བྱུང༌། དེར་འཁོད་པ་ཐམས་ཅད་ཀྱང་དད་པའི་ས་ལ་བཀོད་དོ། །
དེ་ནས་སྔོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཀྱང་ཕྱོགས་དེའི་སའི་ཐིག་ལེར་མཁས་པའི་དབང་པོ་སྟོང་ཕྲག་དུ་མ་དང༌། རྒྱལ་ཕྲན་བྱེ་བའི་གཙུག་རྒྱན་གྱིས་ཞབས་ཀྱི་པདྨོ་མཆོད་པ་ཆོས་སྐྱོང་བའི་མིའི་དབང་པོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྲོལ་བཟང་པོ་དེ་ཉིད་གསོ་བར་བཞེད་པས་ཆོས་གྲྭ་ཆེན་པོའི་སློབ་དཔོན་རྣམས་དང༌། སྡེ་སྣོད་འཛིན་པ་དང་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་ལ་བཀའ་གདམས་གླེགས་བམ། རིམ་ལྔ་གསལ་སྒྲོན་སོགས་བཀའ་གདམས་གསར་རྙིང་གི་གདམས་པའི་བཅུད་ཕྱུང་བའི་ཆོས་ཀྱི་ཆར་ཕབ། དེར་གནས་པའི་མཁས་པ་རྣམས་སྐུ་ན་ཕྲ་མོ་འདི་ལྟ་བུ་ལ་འདི་ལྟ་བུའི་བློ་གྲོས་ཕུལ་དུ་བྱུང་བ་ནི་རྒྱལ་བ་ཉིད་ཀྱི་འཕྲིན་ལས་གཟུགས་སུ་བགྱིས་པས་གོར་མ་ཆག་གོ་ཞེས་དད་གུས་ཕུལ་དུ་བྱུང་བ་མཛད་དོ། །དེ་ནས་གངས་རིའི་དབང་པོ་དེ་གུང་རྒྱལ་གྱི་མགུལ་ན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་གསུང་ལས་སྐྱེས་པ། ལོ་བཅུ་ཕྲག་བཞིའི་བར་དུ་སྒྲུབ་པའི་རྒྱལ་མཚན་བཙུགས་པས་རྩ་བ་དང་ཡན་ལག་གི་རླུང་ལ་རྡོ་རྗེའི་བཟླས་པ་མཐར་སོན་པས་ཆོས་འཁོར་ལྷ་སར་ལྷས་རོལ་མོ་ཕུལ་བ་འོལ་ཁའི་གངས་སུལ་དུ་གསལ་བར་གསན་པ། མདོར་ན་སེམས་དབེན་གྱི་དཔེའི་འོད་གསལ་མངོན་དུ་གྱུར་པས་ཟུང་འཇུག་གི་གོ་འཕང་ཡང་ལག་མཐིལ་ན་གནས་པ་ལྟ་བུ། གྲུབ་པའི་དབང་ཕྱུག་རྗེ་ནོར་བཟང་རྒྱ་མཚོའི་ཞབས་དྲུང་དུ་ཕེབས་ཏེ། བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་མདོ་སྔགས་གཉིས་ཀའི་ལམ་གྱི་གནད་ཡོངས་སུ་རྫོགས་པ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང༌། ཟབ་ལམ་རིམ་པ་གཉིས་ཀྱི་ཁྲིད་སོགས་མདོ་སྔགས་ཀྱི་མན་ངག་མཐའ་ཡས་པ་གསན་པས་གདམས་པའི་གཏེར་དུ་གྱུར་ཏེ། མཁས་གྲུབ་ནོར་བཟང་རྒྱ་མཚོ་འདི་ཉིད་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དོ། །དེ་ནས་ལུག་གི་ལོ་སྐྱིད་ཤོད་ལ་ཕེབས། ཐོག་མར་གསང་ཕུ་ནེའུ་ཐོག་ཏུ་གླིང་སྨན་ཆོས་རྗེས་སྤྱན་དྲངས་ཆོས་དུང་གཏོང་བའི་སྐབས་དང་འགྲིག རྟེན་འབྲེལ་ལེགས་པར་བྱུང་གསུངས། གནས་མཇལ་གནང༌། ཇོ་བོ་རིན་པོ་ཆེའི་དྲུང་དུ་ཕེབས། མཆོད་པ་དང་སྨོན་ལམ་རྒྱ་ཆེར་གནང༌། དེ་ནས་འབྲས་སྤུངས་རྗེའི་དྲུང་དུ་རིན་པོ་ཆེ་དང་ན་བཟའ་སོགས་ཀྱི་འབུལ་བ། དགེ་འདུན་ལ་མང་ཇ་སོགས་ཀྱང་གནང༌། འབྲས་སྤུངས་རྗེའི་དྲུང་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་བདག་པོ་ཆེན་པོའི་བཀའ་དང༌། དམ་ཅན་ཆོས་ཀྱི་རྒྱལ་པོའི་རྗེས་གནང་ཞིག་གསན་དུས་ཡབ་སྲས་གཉིས་ཀར་ཆོས་རྒྱལ་གྱི་གཟིགས་སྣང་བྱུང་ངོ༌། །དེ་ནས་རྗེ་འདི་དགུང་ལོ་ཉི་ཤུ་རྩ་ལྔ་བཞེས་པ་ལྕགས་ཕོ་སྤྲེའུའི་ལོ་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་ཕེབས་ནས་སྐལ་ལྡན་གྱི་གདུལ་བྱ་མང་པོ་གླེགས་བམ་རིན་པོ་ཆེ་ཆ་ལག་དང་བཅས་པ་གསུངས། དེའི་ཚེ་ཉིན་རེ་བཞིན་ནམ་མཁའ་གཡའ་དག་པ་ལ་འཇའི་གུར་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་ཞིག་བྱུང་ངོ༌། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn