ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་གཉིས་པ།
དེ་ནས་ལོ་གསུམ་དུ་འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱི་ཞབས་དྲུང་དུ་བསྙེན་ནས་གསན་པ་མཛད་པ་རགས་པ་ཙམ་བརྗོད་ན། རྩ་འཇུག་གི་བཤད་པ་མཛུབ་ཁྲིད་དང་བཅས་པ་ཞིག་ཐོག་མར་གསན། དེ་ནས་ཕར་ཚད། འདུལ་མཛོད། མངོན་པ་གོང་མ། མདོ་སྡེ་རྒྱན། རྒྱུད་བླ་མ། འབྱེད་རྣམ་གཉིས།ཚད་མ་མདོ། དྲང་ངེས་རྣམ་འབྱེད། སྙན་ངག་མེ་ལོང་སོགས་མཚན་ཉིད་ཀྱི་གཞུང་དུ་མའི་བཤད་པ་མཛུབ་ཁྲིད་དང་བཅས་པ་གསན་ཞིང༌། དེ་ཐམས་ཅད་ཀྱི་སྐྱོར་འགོ་རྗེ་འདི་པ་རང་གིས་མཛད། གཞན་ཡང་དཔལ་གསང་བ་འདུས་པའི་དབང་བཞི་རྫོགས་པར་གསན་ནས་འགྲེལ་པ་སྒྲོན་གསལ་ཆ་ལག་དང་བཅས་པ། རྒྱུད་ཀྱི་མཛུབ་ཁྲིད། རིམ་པ་ལྔ་གསལ་བའི་སྒྲོན་མེ། གདན་རྫོགས། རྗེ་བཙུན་ཤེས་རབ་སེང་གེ་ནས་བརྒྱུད་པ་གསུང་ངག་ལག་རྗེས་སུ་གྲགས་པ། བསྐྱེད་རིམ་ཊཱིཀྐ། གཞན་ཡང་ཡིག་ཆ་མང་པོའི་བཤད་པ། སྔགས་རིམ་ཆེན་མོ། བདེ་མཆོག་ཊཱིཀ་ཆེན་གྱི་བཤད་ལུང༌། བདེ་མཆོག་འདོད་འཇོ། རྫོགས་རིམ་རྣལ་འབྱོར་ཆེན་པོའི་རྣམ་བཤད། དེའི་ཁྲིད་སོགས་དང༌། ནཱ་རོ་ཆོས་དྲུག་གི་ཁྲིད། དྲིལ་བུ་རིམ་ལྔའི་རྣམ་བཤད། དེའི་ཁྲིད། རྒྱལ་ཚབ་རྗེའི་དུས་འཁོར་གྱི་ཁྲིད་ཡིག་བ་སོ་རྗེས་དུས་འཁོར་བསྐྱེད་རྫོགས། ཀྱཻ་རྡོར་གྱི་རྒྱུད་ལ་མཁས་གྲུབ་རྗེའི་ཊཱིཀ་ཆེན་སྟེང་ནས་བཤད་པ་མཛུབ་ཁྲིད་དང་བཅས་པ། གཞན་ཡང་འཇིགས་བྱེད་ཀྱི་དབང༌། ཀྱཻ་རྡོར། འཁོར་ཆེན་རྣམས་ཀྱི་བསྐྱེད་རྫོགས་ཀྱི་ཟིན་ཐུན། གསང་འདུས་ཀྱི་བསྐྱེད་རྫོགས་ཀྱི་ཟིན་ཐུན། ལམ་རིམ་ཆེན་མོ། སྙིང་པོ་དོན་གསུམ། ལྟ་ཁྲིད། རྗེ་ཡབ་སྲས་ཀྱི་བཀའ་འབུམ། འཇམ་དབྱངས་ཆོས་རྗེའི་རྣམ་ཐར། རྗེ་བཙུན་མི་ལའི་རྣམ་ཐར་སོགས་ཀྱི་ལུང་ཡང་མང་དུ་གསན་ནོ། །
དེ་ནས་ལྷ་སར་ཕེབས་ཏེ་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་པ་དང་སྨོན་ལམ་མཛད་པའི་ཚེ་དག་པའི་གཟིགས་སྣང་ངོ་མཚར་བ་མང་དུ་བྱུང༌། དེ་ནས་ལྔ་མཆོད་ཆེན་མོ་དང་བསྟུན་དངུལ་གདུང་རིན་པོ་ཆེ་མཇལ་བ་ལ་དགའ་ལྡན་དུ་ཕེབས། དེར་མཆོད་པ་ཕུལ་གསོལ་བ་བཏབ་པས་རྗེ་དང་མཇལ་ཞིང་བྱིན་གྱིས་བརླབས་པའི་མཚན་མ་བཟང་པོ་བྱུང༌། དེ་ནས་རྗེ་ཉིད་དགུང་ལོ་ཉེར་གཅིག་བཞེས་པའི་ཡོས་ལོའི་དཔྱིད་སོས་ཚིགས་སྔ་མའི་མཁན་པོ་གནས་རྙིང་རིན་པོ་ཆེ་དབུས་ཕྱོགས་ལ་བྱ་བྲལ་གྱི་ཚུལ་གྱིས་ཕེབས་པ་འབྲས་སྤུངས་སུ་སྤྱན་དྲངས། ཆོས་རྗེ་དེ་ཉིད་ཀྱིས་མཁན་པོ་དང༌། འབྲས་སྤུངས་རྗེ་ལེགས་པ་ཆོས་འབྱོ ར་བས་ལས་ཀྱི་སློབ་དཔོན། ར་ཅག་ནས་ཆོས་རྗེ་སངས་རྒྱས་བཟང་པོ་བས་གསང་སྟེ་སྟོན་པ། རིགས་པ་སྨྲ་བ་སངས་རྒྱས་བཟང་པོ་བས་དུས་བགོ་བ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་ཞིང་ཁ་སྐོར་བར་འོས་པའི་དབུས་སུ་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ཀྱི་ཆོ་འཕྲུལ་གྱི་དུས་ཆེན་ལ་དཔལ་ལྡན་འབྲས་སྤུངས་སུ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོ་བརྙེས་ཏེ་འཕགས་པ་དགྱེས་པའི་ཚངས་པར་སྤྱོད་པ་མཆོག་དང་ལྡན་པར་གྱུར་ཏོ། །དེ་ནས་འཇམ་དབྱངས་ལེགས་པ་ཆོས་འབྱོར་པའི་དྲུང་དུ་དགེ་སློང་གི་བསླབ་བྱ་ཆེན་མོ། །ཚུལ་ཁྲིམས་ལེའུའི་རྣམ་བཤད། བསླབ་བཏུས། སྤྱོ ད་འཇུག བླ་མ་ལྔ་བཅུ་པའི་ཊཱིཀྐ། རྩ་ལྟུང་རྣམ་བཤད། ཆོས་རྗེ་བྱམས་པ་གླིང་པའི་བཤེས་སྤྲིང་ཊཱིཀྐ། པཎ་ཆེན་ནགས་རིན་པ་ནས་བརྒྱུད་པའི་དུས་འཁོར་སྦྱོར་དྲུག་སོགས་ཀྱང་གསན། དེ་དུས་དབྱངས་ཅན་མའི་རྗེས་གནང་ཞུས་དུས་ལྷ་མོ་རྨི་ལམ་དུ་བྱོན་བྱུང་གསུངས། འཇམ་དབྱངས་སྨྲ་སེང་མཁས་གྲུབ་རྗེ་ནས་བརྒྱུད་པ་ཐུན་མོང་མ་ཡིན་པ། གཡག་རོང་ནས་བརྒྱུད་པའི་མི་གཡོ་དཀར་པོའི་ཆོས་སྐོར། འཇམ་དབྱངས་ཆོས་རྗེས་རྗེ་བཙུན་འཇམ་དབྱངས་ཉིད་ལ་གསན་པའི་འཇམ་དབྱངས་དཀར་པོའི་ཆོས་སྐོར་སོགས་དང༌། རྗེའི་རྣམ་ཐར་ཆེ་ཆུང༌། འཕོ་ཁྲིད་ཆེན་མོ། མདོར་བྱས། མདོ་བསྲེ། སྤྱོད་བསྡུས། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། རྣམ་གཞག་རིམ་པ་སོགས་འཕགས་སྐོར་གྱི་གཞུང་དུ་མ་སོགས་མདོར་ན་དེའི་དུས་ཆོས་རྗེ་དེ་ཉིད་གསན་རྒྱ་ཆེ་བར་གྲགས་ཤིང༌། ཆོས་རྗེ་ཉིད་ལ་བཞུགས་པ་ཐམས་ཅད་བུམ་པ་གང་བྱོར་གནང་ངོ༌། །
དེ་ལྟར་གཞུང་ལུགས་རྣམས་ལ་རྒྱ་ཆེན་ཐོས་པ་མཐར་ཕྱིན་པར་མཛད་ནས་རྭ་སྒྲེང་རྒྱལ་བའི་དབེན་གནས་དང་འོ་དེ་གུང་རྒྱལ་གྱི་དབེན་གནས་སོགས་རྗེ་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་དེ་དག་བལྟ་ཞིང༌། ཐོས་པའི་དོན་རྣམས་ཉམས་སུ་བླང་བར་བྱའོ་སྙམ་དུ་དགོངས་ཏེ་བསྟན་པ་དང་སེམས་ཅན་ཐུགས་ཀྱིས་མ་བཟོད་པའི་སྒོ་ནས་ཐུགས་ལ་སྐྱོ་ཤས་དྲག་པོ་ཡང་འཁྲུངས། དེའི་ཚེ་དབེན་པ་ལ་དགའ་བའི་ཉམས་མགུར་མཛད་པ་ནི། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མ་ལུས་རྒྱལ་བའི་ཐུགས་ཀྱི་དབྱིངས་ཆེན་པོར། །མཁྱེན་བརྩེའི་དཀྱིལ་འཁོར་རྫོགས་པའི་ཉིན་མོར་བྱེད། །གདུལ་བྱ་པདྨོའི་དཔལ་གྱུར་རྡོ་རྗེ་འཆང༌། །ཡབ་རྗེ་དམ་པའི་ཞབས་ལ་སྙིང་ནས་འདུད། །སྨྲས་པ། སྒྲིབ་མེད་མཁྱེན་བརྩེའི་འོད་སྟོང་དྲ་བ་ཅན། །ཐུབ་དབང་ཉི་མ་ནུབ་རིའི་རྩེ་ལ་འཛེགས། །ཐུབ་བསྟན་འདབ་སྟོང་རྫོགས་པའི་པད་ཚལ་ཡང༌། །དུས་ཀྱིས་བ་མོའི་རེག་པས་ཉིན་བཞིན་འཇོམས། །བསྟན་འཛིན་རྐང་དྲུག་ལྡན་པའི་ཚོགས་རྣམས་ཀྱང༌། །རྙེད་བཀུར་སྦྲང་རྩིའི་རོ་ལ་ལྷག་པར་ཆགས། །བདུད་ཀྱི་དབང་གྱུར་ལོག་སྨྲ་འབྱུང་པོའི་བྱ། །འཛེམ་མེད་མཁས་པའི་ཁྲོད་ན་རྣམ་པར་རྒྱུ། །སྐྱེ་བོ་ཕལ་ཆེར་ལེགས་ཉེས་འབྱེ ད་པའི་མིག །ལྡོངས་པས་གཡང་སའི་མཐའ་ལ་གོམ་པ་འདོར། ཁ་ཅིག་ཕྲག་དོག་དུག་ཆུས་གཞན་དག་ལས། །རང་ཉིད་རྒྱལ་བའི་སྒྱུ་ཐབས་ལྷུར་ལེན་གྱུར། །གཞན་དག་ངན་སེམས་གཡོ་སྒྱུའི་དུག་གི་ཆུས། །ཡིད་རབ་མྱོས་ཀྱང་བསྟན་འཛིན་གཟུགས་སུ་རློམ། །ཀྱི་ཧུད་གངས་ཅན་ཁྲོད་འདིར་སེང་ཆེན་ལས། །ཤྭ་ནའི་བུ་ཉིད་སྐད་གསང་མངོན་པར་མཐོ། །འདོད་དགུའི་འབྱུང་གནས་ཡིད་བཞིན་རིན་ཆེན་ལས། །མཆིང་བུའི་རྡོ་བ་ལྷག་པར་གཙིས་སུ་བྱེད། །གཅོང་རོང་ནགས་ཀྱི་ཁྲིད་ན་ཉི་མ་བས། །མེ་ཁྱེར་མཆོག་ཏུ་རློམ་པ་མཐོང་བས་སྐྱོ། །དེ་ལྟར་མི་བཟད་སྙིགས་མའི་དུས་ཀྱི་མཐའ། །དམུ་རྒོད་སྐྱེ་བོ་བྱུང་རྒྱལ་སྤྱོད་པའི་དུས། །རྒྱལ་དང་རྒྱལ་སྲས་མཁས་པའི་ཚོགས་རྣམས་ཀྱང༌། །ཞི་བའི་དབྱིངས་སུ་གཟིམ་ནས་བཏང་སྙོམས་མཛད། །འཐོར་རླུང་དྲག་པོའི་མདུན་སར་མར་མེ་ཡིས། །མུན་པའི་སྨག་རུམ་སེལ་བར་བྱེ ད་དམ་ཅི། །དེ་ཕྱིར་ཉམ་ཆུང་སྐྱེ་བོས་ཐུབ་བསྟན་གྱི། ཁུར་ཆེན་མི་བཟད་འཁྱེར་བ་ངལ་བའི་གནས། །རྩོད་པའི་དུས་འདིར་ཐམས་ཅད་མཁྱེན་པ་ལྟར། །མ་ལུས་འགྲོ་བའི་མིག་གཅིག་ཙོང་ཁ་པ། །དེ་ཡི་ལེགས་བཤད་བདུད་རྩི་མྱང་བའི་ཕྱིར། །གཅིག་པུར་དབེན་པ་བསྟེན་པ་མི་ལེགས་སམ། །རྣམ་དཀར་བསོད་ནམས་སྟོང་གིས་ལེགས་བསྐྲུན་པའི། །ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་འདི། །དོན་མེད་འཇིག་རྟེན་བྱ་བས་ཆུད་གཟོན་པ། །བདག་ལ་སྙིང་མེད་གྱུར་པར་གདོན་མི་ཟ། །རིན་ཆེན་བདུན་ལྡན་གླིང་བཞིར་དབང་སྒྱུར་བའི། །འཁོར་ལོས་སྒྱུར་བའི་དཔལ་ཡང་ཆུ་ཤིང་འདྲ། །སྐབས་གསུམ་བདག་པོའང་རང་གི་ཕུན་ཚོགས་ཀུན། །མི་བཟད་ལས་ཀྱི་དབང་གིས་འདོར་དགོས་ཀྱང༌། །ཅུང་ཟད་བདེ་བའི་དབང་གིས་སྲེད་པ་འཕེལ། །ཕལ་ཆེར་མི་བཟད་ཟུག་རྔུ་སྐྱེ་བའི་རྒྱུ། །ཉེས་བརྒྱའི་འབྱུང་གནས་འཁོར་བའི་ཕུན་ཚོགས་ལ། །མཁས་པ་སུ་ཞིག་ལྷག་པར་ཆགས་པར་བྱེད། །དེ་ཕྱིར་ཀུན་དགའ་རྒྱས་པའི་ནགས་ཀྱི་ལྗོངས། །མེ་ཏོག་མངོན་པར་རྒྱས་པའི་འཇོ་སྒེག་ཅན། །བུང་བའི་ན་ཆུང་མགྲིན་པའི་གླུ་ལེན་ཅིང༌། །རྨ་བྱ་གཞོན་ནུ་དགའ་བའི་ཟློས་གར་སྒྱུར། ཁུ་བྱུག་མགྲིན་པའི་ལམ་ནས་དྲིལ་ཆེན་འཁྲོལ། །ཀ་ལ་པིང་ཀ་གྱུར་གྱུར་གླུ་དབྱངས་སྒྲོག །དབུ་བའི་ཕྲེང་མཛེས་འབབ་ཆུའི་ན་ཆུང་མ། །ལྷུང་ལྷུང་སྒྲ་སྙན་སྒྲོག་ཅིང་ཕྱོགས་སུ་འབབ། །རབ་སྨིན་འབྲས་བུའི་ཁུར་འཆང་ལྗོན་པའི་ཤིང༌། །ལོ་མ་མེ་ཏོག་རྒྱས་པས་ཕྱོགས་ཀུན་གང༌། །སྟེང་ནས་སྟོད་གཡོགས་ཆུ་འཛིན་དཀར་པོ་གཡོ། །ངོས་ནས་མུ་ཏིག་ཆུ་བོའི་དོ་ཤལ་འབབ། །སྐེད་སྐབས་ནགས་ཚལ་སྔོན་པོའི་ཤམ་ཐབས་ཅན། །ས་འཛིན་བུ་མོས་ཕྱོགས་ཀུན་མཛེས་པར་བསྐོར། །འོག་གཞི་བཻ་ཌཱརྱ་ཡི་ནེ་འུ་གསིང༌། །ནེ་ཙོའི་གཤོག་པ་ལྟ་བུར་མཆོག་ཏུ་མཛེས། །སྣ་ཚོགས་མེ་ཏོག་དྲ་བས་ཁེབས་པ་ལ། །རི་དྭགས་སྣ་ཚོགས་བག་ཕེབས་རྣམ་པར་རྒྱུ། །འདུ་འཛིའི་ཆོམ་རྐུན་སྒྲིབ་ལ་འོངས་པ་བཞིན། །འཁྲི་ཤིང་ཕྲེང་བས་བར་མཚམས་མེད་པར་དཀྲིགས། །དེ་ལྟར་ཕུན་ཚོགས་ནགས་ཚལ་དབེན་པའི་གནས། །ལྷ་ཡི་སྐྱེད་ཚལ་ལྟ་བུར་ཉམས་དགའ་བར། །ཚེ་འདིའི་ཆོས་བརྒྱད་སྣང་བ་ཀུན་དོར་ནས། །འཁྲུལ་མེད་ཏིང་འཛིན་རོ་ལ་རྩེ་གཅིག་ཏུ། །རོལ་པའི་སྤྱོད་ཚུལ་འདི་ལ་སྙིང་ནས་སྤྲོ། །མང་དུ་ཐོས་པའི་བཟླས་བརྗོད་ལྷུར་ལེན་ཅིང༌། །བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མེས། །གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན་བསྲེགས་ནས། །རྣམ་ཀུན་མཆོག་ལྡན་ཟུང་འཇུག་སྒྱུ་མའི་སྐུར། །ལངས་ནས་སྣ་ཚོགས་སྤྲུལ་པའི་ཐབས་མཁས་ཀྱི། །ལྕགས་ཀྱུས་མ་དག་སྲིད་པའི་འཁོར་ལོ་འདི། །མཆོག་ཏུ་མི་འགྱུར་བདེ་བའི་དབྱིངས་ཆེན་པོར། །གང་དྲངས་རྣལ་འབྱོར་མཆོག་དེ་སྐལ་བ་བཟང༌། །དེ་སྐད་སྨྲ་དེ་བཞད་པའི་རྡོ་རྗེ་ཉིད། །སྔོན་བྱོན་དམ་པའི་རྣམ་ཐར་སྙིང་ལ་འགྲོགས། །སྙིགས་དུས་སྐྱེ་བོའི་སྤྱོད་པས་གཏིང་ནས་སུན། །བློ་གྲོས་ལུས་སྟོབས་རྒྱས་པས་ཅུང་ཟད་དྲེགས། །ཆུ་ཡི་ལྕིད་ཀྱིས་ལྷག་པར་ནོན་པའི་སྤྲིན། །འབྲུག་སྒྲ་བསྒྲགས་པ་མེད་པར་ལྡོག་མ་ཡིན། །དེ་ཕྱིར་སྙན་ངག་མགྲིན་པའི་གླུ་དབྱངས་མཆོག །མ་སྨྲས་པར་ཡང་བདག་བློ་ཅི་ཞིག་ཚིམ། །ཚུལ་འདི་སྐྱེ་བས་ཐོབ་པའི་བློ་གྲོས་ཀྱིས། །སྙན་ངག་དྲིལ་ཆེན་སྒྲོག་ལ་ཐོགས་མེད་པ། །ལྷག་བསམ་ཁོ་ན་སྙི ང་ལ་རབ་འགྲོགས་པ། །དབྱངས་ཅན་བཞད་པའི་རྡོ་རྗེས་གཏམ་དུ་བྱས། །ཞེས་སོ། །
དེ་ནས་ཡོས་ལོ་ཟླ་བ་དགུ་པའི་དུས་ཆེན་ལ་ཐུགས་དམིགས་གཏད་དེ་ཕུ་ཆུང་གི་གནས་མཇལ། དེའི་ལ་ལ་བརྒྱུད་དེ་ཕེབས་པ་ན་དེ་དུས་འཕགས་པའི་གྲུབ་ཐོབ་ཀུན་དགའ་རྒྱལ་མཚན་པ་ཞེས་པ་ཞིག་བྱང་རྭ་སྒྲེང་ན་བཞུགས་པའི་མནལ་ལམ་དུ། སང་འབྲོམ་སྟོན་པ་ཕེབས་པ་ཡོད་ཟེར་བ་ཞིག་བྱུང་འདུག་པས། ཁོང་གིས་ཀྱང་རྒྱང་རིང་པོ་ནས་བསུས་ནས་གུས་མཆོད་ཆེན་པོ་མཛད།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn