འདུལ་འཛིན་བློ་གྲོས་སྦས་པའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-13 19:12:44     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 90826978328408125.jpg

                    རྗེ་དགེ་འདུན་གྲུབ་པའི་སྲས་ཀྱི་ཐུ་བོ་འདུལ་འཛིན་བློ་གྲོས་སྦས་པ་ཞེས་བྱ་བའི་བདག་ཉིད་ཆེན་པོ་འདི་ནི། གཙང་སྟོད་ཆུ་སྒོའི་གཡོ་གྲོང་ཞེས་པར་ལྕགས་ཕོ་འབྲུག་གི་ལོ་ལ་སྐུ་བལྟམས། བྱིས་པའི་དུས་ཀྱི་ཚེ་སེམས་ཅན་ལ་སྙིང་རྗེ་བསྒོམས་ཙ་ན་མཆི་མ་རང་དབང་མེད་པར་འོང་བ་ཞིག་ཡོད་དེ། སྙིང་རྗེའི་དམིགས་རྣམ་རང་ནི་མ་ཤར་བར་འདུག་གསུངས། དེ་ནས་དཔལ་སྣར་ཐང་དུ་མཁན་ཆེན་གྲུབ་པ་ཤེས་རབ་སྤྱན་སྔར་རབ་ཏུ་བྱུང༌། མཚན་བསམ་འགྲུབ་གྲགས་པ་དཔལ་ལྡན་ཞེས་བཏགས། ཆེན་པོ་ལོ་ཙཱ་བ་སདྒྷ་ཤྲཱི་ལ་སློབ་དཔོན་བཅོལ་ཏེ་སྒྲ་དང་བསྟན་བཅོས་མང་དུ་གསན་ནོ། །དེ་ནས་རྒྱལ་གྱི་རྩིབས་རི་ལ་སོགས་པའི་སྒྲུབ་གནས་མང་དུ་མཐོང་བས། དེ་ནི་སྒོམ་ཆེན་ཞིག་རང་བྱ་སྙམ་དུ་དགོངས་པ་འཁྲུངས་པས། གྲོགས་ཁམས་པ་དགེ་རྒན་ཞིག་ཡོད་པ་དེ་ན་རེ། རེ་ཤིག་སློ བ་གཉེར་བྱས། དེ་ནས་བསྒོམས་ལེགས་པོ་འོང༌། ད་ལྟ་ནས་བསྒོམས་ན་གླེན་བསྒོམ་དུ་འགྲོ་ཞེས་ཟེར་བས་སློབ་གཉེར་གྱི་འཕྲོ་བསྐྱངས། ངས་དེ་དུས་རྩིབས་རིར་སྡད་ནས་བསྒོམས་ན་སྒོམ་ཆེན་བཟང་ཟེར་ཞིག་འོང་བ་ཡོད་དེ། དབུ་མའི་ལྟ་བ་ཟབ་མོ་འདི་དང་ཨེ་འཕྲད་ནི་མི་ཤེས་གསུངས། དེ་ནས་གྲོགས་འགའ་ཞིག་དང་བཅས་ཏེ་དབུས་ལ་ཕེབས་པའི་ཚེ། བསམ་ཡས་ཀྱི་རི་མཐོང་བའི་ལམ་ཁ་ཞིག་ཏུ་ཐུགས་དྲན་མེད་དུ་བརྒྱལ་བ་ཞིག་བྱུང་འདུག གྲོགས་མཆེད་རྣམས་ཀྱིས་ལེགས་པར་བོས། ཁོང་རང་གི་སྣང་བ་ལ་བཙུན་པ་ཞིག་དང་འགྲོགས་ཏེ་ཕྱིན། བསམ་ཡས་ཡིན་རྒྱུའི་གཙུག་ལག་ཁང་ཞིག་གི་རྩར་སླེབ། བཙུན་པ་དེ་དང་ལྷན་དུ་སྒོ་ལ་ཕྱིན་དུས་མི་དཀར་པོ་ཞིག་གིས་འདི་གར་འགྲོ་བ་ཡིན་ཞེས་ང་མ་གཏང༌། དེ་དུས་མནལ་ལམ་དུ་གཞན་གྱིས་བོས་པའི་སྐད་གྲག་པས་རྐྱེན་བྱས་ཏེ་དྲན་པ་རྙེད་པར་གྱུར་ཅེས་གསུངས། མི་དཀར་པོ་དེ་ནི་བླ་མ་འདིའི་ལྷག་པའི་ལྷ་གཏུམ་པོ་དཀར་པོ་ཡིན་པས་དེས་བར་ཆད་བསལ་བ་ཡིན་ཞེས་གསུངས། དེ་ནས་ཕར་ཕྱི ན་ལ་ནན་ཏན་མཛད་པས་ལོ་གསུམ་ཙམ་ལོན་ཙ་ན་ལུང་ཆོས་ལ་ཐོགས་པ་མེད་པའི་མཁྱེན་པ་ཅན་དུ་གྱུར། དེ་ནས་ད་དབུ་ཚད་སློབ་སྙམ་དུ་སེམས་ཙ་ན། གྲོགས་པོ་ཁམས་པ་དགེ་རྒན་དེ་ན་རེ། ཁྱེད་དབུ་ཚད་སློབ་ན་དགའ་ལྡན་པ་དྲག་ཟེར། དེས་རྐྱེན་བྱས་ནས་རི་བོ་དགའ་ལྡན་དུ་རྒྱལ་ཚབ་རིན་པོ་ཆེ་བསྟན་པའི་བདག་པོ་མཛད་པའི་སར་བྱོན།

                    ཆོས་རྗེ་ཤེས་རབ་སེདྒེ་དང་རྗེ་དགེ་འདུན་གྲུབ་གཉིས་དང་ཡང་དེ་དུས་མཇལ། དེ་ནས་ཐུགས་དགོངས་ལ་ཕར་ཕྱིན་ང་རང་གི་འདི་ཀས་འོང༌། དབུ་ཚད་གཉིས་མཁས་པར་བསླབ་སྙམ་ནས། རྒྱལ་ཚབ་རིན་པོ་ཆེའི་དྲུང་དུ་ལེགས་པར་མཉན། ཆོས་རྗེ་ཤེས་རབ་སེང་གེ་དང་རྗེ་དགེ་འདུན་གྲུབ་པ་གཉིས་ལ་ཡང་གསན་པས། ཕར་ཕྱིན་གྱི་དེ་སྔའི་གྲུབ་མཐའ་རྣམས་ཀྱང་འགྱུར་ཏེ། རྗེ་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ལ་ཡིད་ཆེས་རྙེད་པ་ཞིག་བྱུང༌། ལྷག་པར་རྗེ་དང་མ་མཇལ་ཡང་རྗེ་ཉིད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་བ་ཞིག་བྱུང་སྟེ་ལས་འབྲེལ་ཞིག་ཡོད་པ་འདྲ་གསུངས། གྲོགས་པོ་དགེ་རྒན་དེ་ང་ལ་དྲིན་ཆེ་བ་ཞིག་བྱུང་གསུངས། དེ་ནས་རྒྱལ་སྲས་འདུལ་བ་འཛིན་པ་འདིས་རང་ལོ་ཉི་ཤུ་རྩ་དྲུག་པ་ཤིང་མོ་སྦྲུལ་གྱི་ལོ་རྒྱལ་ཚབ་རིན་པོ་ཆེས་མཁན་པོ་དང༌། འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་ལས་ཀྱི་སློབ་དཔོན། ཤར་པ་བྱང་སེམས་རིན་རྒྱལ་བས་གསང་སྟེ་སྟོན་པ་མཛད་དེ་དགེ་འདུན་ཆོས་གསུམ་དང་ལྡན་པའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་མནོས། དེ་ནས་བརྩམས་ཏེ་ལྟུང་བ་ཕྲ་མོས་ཀྱང་མ་གོས་པར་ཚུལ་ཁྲིམས་མིག་གི་འབྲས་བུ་བཞིན་དུ་བསྲུང་བར་མཛད་པས་འདུལ་བ་པ་ཞེས་གྲགས། དེ་ནས་དགོངས་པ་ལ་འདུལ་བའི་བསླབ་བྱ་ཞིག་མ་ཉན་ན་གཞན་གྱིས་དཀའ་བཅུ་པ་ཡང་འདུལ་བའི་ལག་ལེན་མི་ཤེས་པར་སྣང་སྙམ་ནས་འོང་བས་འདུལ་བ་ལུང་སྡེ་བཞི་ནས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་མཐའ་དག་ལ་འཁྲུལ་པ་མེད་པར་ལེགས་པར་ཤེས་པ་ཞིག་བྱ་སྙམ་དུ་དགོངས་ནས་འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་ལ་བསླབ་བྱ་ཆ་ལག་དང་བཅས་པ་གསན། བྱང་ཆུབ་ལམ་གྱི་རིམ་པ་ཡང་ཐོག་མར་རིན་པོ་ཆེ་འདུལ་བ་པ་ལ་གསན་གསུངས་ཏེ། གཞན་ཡང་ཆོས་མང་དུ་གསན་ནོ། །དེ་ནས་རྒྱལ་སྲས་འདུལ་བ་འཛིན་པ་འདིས་ཆོས་རྗེ་ཤེས་རབ་སེདྒེའི་དྲུང་དུ་གསང་བ་འདུས་པའི་རྒྱུད་འགྲེལ་པ་དང་བཅས་པ། གདན་རྫོགས། གསལ་སྒྲོན་ལ་སོགས་པའི་རྗེའི་གསུང་རབ་དང་འཕགས་སྐོར་མཐའ་དག་ཚང་བར་གསན། བདེ་མཆོག་གི་རྒྱུད་ཀྱི་བཤད་པ་དང་འདོད་འཇོ། ལཱུ་དྲིལ་གྱི་རྫོགས་རིམ་ལ་སོགས་པའི་བདེ་མཆོག་གི་སྐོར་རྣམས་དང༌། གསང་སྔགས་དང་ཕར་ཕྱིན་གཉིས་ཀྱི་ལམ་རིམ། ཟབ་མོ་དབུ་མའི་ལྟ་ཁྲིད། ཚུལ་ཁྲིམས་ལེའུ། རྩ་ལྟུང་བཅུ་བཞི་པ། བླ་མ་ལྔ་བཅུ་པ་རྣམས་ཀྱི་རྗེའི་རྣམ་བཤད་དང༌། མཚན་ཉིད་ཀྱི་ཆོས་སྐོ ར་ཡང་མང་དུ་གསན་ཏེ། གཙོ་བོར་རྡོ་རྗེ་ཐེག་པའི་བཀའ་དྲིན་རྣམས་བླ་མ་འདི་ལ་རྫོགས་པར་མནོས་པས་རྩ་བའི་བླ་མ་བཀའ་དྲིན་ཆེ་ཤོས་སུ་མཛད་པ་ཡིན་ནོ། །

                    དཀའ་ཆེན་བཞིས་གཙོ་བྱས་པའི་མཚན་ཉིད་ཀྱི་པོ་ཏི་ཤིན་ཏུ་མང་བ་ནི་སློབ་དཔོན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ལ་གསན་པས་སྡེ་སྣོད་ཀྱི་ཕྱོ གས་ལ་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད་དོ། །རྒྱལ་སྲས་འདིས་མང་དུ་ཐོས་པ་རྒྱ་ཆེར་བཙལ་བའི་ཚུལ་རང་ཉིད་ཀྱི་ཞལ་ནས། ངས་སློབ་དཔོན་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ལ་འདུལ་བ་མདོ་རྩ་བའི་བཤད་པ་བསྐྱར་ཆོས་སུ་བྱས་པ་རང་ཚར་དྲུག་ཉན། ཆོས་རྗེ་གཞོན་ནུ་རྒྱལ་མཆོག་པའི་དྲུང་དུ་ཚར་གཅིག་སྟེ་བདུན་ཉན་པ་ཡིན་ཞེས་གསུངས། ཡང་བ་སོ་དགོན་པར་ལྟ་ཁྲིད་ཅིག་གསུངས་པའི་སྐབས་སུ། གཅིག་དུ་བྲལ་གྱི་བཤད་པ་རྒྱས་པ་ཞིག་མཛད་དེ། ངས་འདི་ཚོ་སློབ་དཔོན་ཐམས་ཅད་མཁྱེན་པ་ལ་ཉན་ནས་བརྗེད་མ་བཅུག་པ་ཡིན་ཞེས་གསུངས། ཡང་ངས་སློབ་དཔོན་རིན་པོ་ཆེ་ལ་ཐེག་པ་ཆེན་པོའི་བློ་སྦྱོང་འདི་ཉམས་ཁྲིད་དུ་ཚར་གཅིག་ཐོབ་པ་ཡིན་གསུངས། དེ་ནས་རྒྱལ་སྲས་འདུལ་བ་འཛིན་པ་ཆེན་པོ་བློ་གྲོས་སྦས་པ་འདི་ནི་ཐམས་ཅད་མཁྱེན་པའི་ཕྱགས་ཕྱིར་དགེ་འདུན་པའི་གྲལ་དཔོན་མཛད་ཅིང་སློབ་མའང་མང་དུ་སྐྱོང་བར་མཛད། བར་སྐབས་སུ་ལྷུན་པོ་རྩེར་བྱོན་ཏེ་འཕགས་འོད་ཡོན་ཏན་རྒྱ་མཚོ་ལས་གསང་སྔགས་ཀྱི་གདམས་པ་མང་པོ་བླངས་ཤིང༌། ཕྱག་ལེན་ཀྱང་དེ་ཉིད་ལ་ཁྲིད་པར་མཛད་དོ། །རྗེ་དགེ་འདུན་གྲུབ་དང་རྒྱལ་སྲས་འདུལ་བ་འཛིན་པ་འདི་གཉིས་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ཅིང༌། ལྷག་པར་གཙང་དུ་རྗེ་རིན་པོ་ཆེའི་བསྟན་པ་རྒྱ་ཆེར་སྤེལ་ཕྱིར་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་འདེབས་པ་སོགས་དཀའ་བ་ཆེན་པོ་མཛད་ནས་ཆོས་གྲྭ་ཆེན་པོ་ལེགས་པར་གྲུབ་སྟེ་འཛམ་གླིང་ཡངས་པའི་ཕྱོགས་མཐའ་དག་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ལ་ཆོས་ཀྱི་བཀའ་དྲིན་ཞུ་བ་བགྲང་བ་ལས་འདས་པ་འདུས་ནས་འཕྲིན་ལས་ཁྱབ་བདལ་ཆེན་པོར་གྱུར་པ་ན་རྒྱལ་སྲས་འདུལ་བ་འཛིན་པ་བློ་གྲོས་སྦས་པས་མཐོ་མཐོ་རླུང་ལ་བསྐུར་དམའ་དམའ་ཆུ་ལ་བསྐྱུར་ཟེར་བ་ལྟར་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་སྟེ་བྱ་རྙི་ལས་ཐར་བ་བཞིན་དུ་ཁབ་གུང་ཐང་ནས་ཉེ་བར་བཟུང་སྟེ། གངས་རིའི་རྒྱལ་པོ་ཏེ་སེ་དང༌། ཁ་ཆེའི་འགྲམ་མར་ཡུལ་གྱི་མཐར་ཐུག་པར་བྱོན་ཏེ། དབེན་པའི་གནས་རྣམས་སུ་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པར་མཛད་པས། སྔོན་གྱི་སྐྱེ་གནས་རྗེས་སུ་དྲན་པ་ལ་སོགས་པའི་མངོན་པར་ཤེས་པ་དང༌། ལྷག་མཐོང་གི་ལྟ་བ་ཁྱད་པར་ཅན་འཁྲུངས་ཤིང༌། རྒྱ་གར་དང་བོད་ཀྱི་པཎ་གྲུབ་དུ་མ་ཞིག་གི་གཟིགས་སྣང་ཡང་བྱུང་སྣང་ཞིང༌། ཁྱད་པར་དུ་རྗེ་བཙུན་ཙོང་ཁ་པ་དང་སྐུ་ཚེ་སྔ་མ་ལ་ཁ་ཆེའི་ཡུལ་དུ་དཔོན་སློབ་ཏུ་གྱུར་པ་ཉིད་ཀྱི་འབྲེལ་བས་རྗེ་རིན་པོ་ཆེའི་སྐུ་དང་གསུང་གི་སྣང་བ་ནི་ནམ་འདོད་དུ་འོང་བ་ཞིག་ཡིན་པར་སྣང་ངོ༌། །

                                                                                                                          རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།