པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 12:00:41     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

147064761514854958.jpg

                     དེ་ལྟར་རྗེ་འདིས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་མཛད་པའི་ཁུར་བདག་གིར་བཞེས་ཏེ་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་མདོ་སྔགས་ཀྱི་ཆོས་ལ་བསླབ་ཚུལ་འདི་ལྟར་བྱ་དགོས་སོ་ཞེས་འདོམས་ཕྱིར་ལེགས་བཤད་ཀྱི་རྩོམ་པའང་མང་དུ་མཛད་དེ། འདི་ལྟར་གསུང་རབ་དགོས་འགྲེལ་དང་བཅས་པའི་དོན་ཐམས་ཅད་གང་ཟག་གཅིག་གིས་ཉམས་ལེན་གྱི་རིམ་པར་བསྒྲིགས་པ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་གཞན་ཕན་བདུད་རྩིའི་བུམ་པ། བདེ་ལམ་མྱོང་ཁྲིད། རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་སྐུ་གསུང་ཐུགས་ཀྱི་མཛད་པ་མ་ལུས་པ་གསལ་བ་བྱེད་པའི་རྣམ་པར་ཐར་པ་འོད་དཀར་ཅན་གྱི་ཕྲེང་བའི་སྨད་ཆ། རྗེ་བཙུན་ངག་དབང་བྱམས་པ་རིན་པོ་ཆེའི་རྣམ་ཐར་དད་པའི་འདབ་བརྒྱ་བཞད་པར་བྱེད་པའི་ཉི་མ། རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་སྙིང་པོར་བཞུགས་པའི་ལྷར་བཅས་སྐྱེ་དགུའི་མཆོད་སྡོང་ཆེན་པོའི་དཀར་ཆག་འོད་ཟེར་ཕྱོགས་བརྒྱར་འགྱེད་པའི་སྣང་བྱེད། རྗེ་བཙུན་རྡོ་རྗེ་འཆང་ཆེན་བློ་བཟང་བཟོད་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་དཔག་མེད། དམིགས་བརྩེ་མའི་ལས་ཚོགས་བཅུ་གཅིག་ནག་འགྲོས་སུ་བཀོད་པ། དེའི་དོན་བཤད་པ། དགའ་ལྡན་ལྷ་བརྒྱ་མའི་སྐབས་སུ་ཉེར་མཁོའི་ཁ་ཚར། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བླ་མའི་རྣལ་འབྱོར་མཁས་གྲུབ་རྗེར་ཞལ་གཟིགས་དང་མཐུན་པ། འཕགས་པ་གནས་བརྟན་བཅུ་དྲུག་གི་རྣམ་ཐར། རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་བརྟན་བཞུགས་དང་རྗེ་རང་ཉིད་ཀྱི་བརྟན་བཞུགས་དང་འཁྲུངས་རབས་གསོལ་འདེབས་རྗེས་འཛིན་སྨོན་ལམ་གྱི་རིམ་པ་མང་པོ། མདོ་སྔགས་ཀྱི་གནད་རྣམས་ལ་དྲི་བ་ཞུས་པའི་དྲིས་ལན། འདོད་ལྷ་སྣ་ཚོགས་ཀྱི་བསྟོད་ཚོགས་གསོལ་འདེབས་མང་པོ། བསླབ་བྱ་སྤྱི་དང་དགོན་སྡེ་ཁག་གི་བཅའ་ཡིག་མང་པོ། རྟེན་གསར་བཞེངས་ཀྱི་དཀར་ཆག་དང་རྒྱབ་ཡིག་ཞལ་བྱང་སོགས། འདོད་ལྷ་སྣ་ཚོགས་ལ་བརྟེན་པའི་ལྟུང་བ་བཤགས་བསྡམ་བྱ་ཚུལ། ཆབ་ཤོག་གི་སྐོར་མང་པོ། དབེན་ས་ཆོས་ཀྱི་ཕོ་བྲང་གི་གནས་བསྟོད་སོགས་གནས་བསྟོད་མང་པོ། ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་ཀྱི་མཇུག་ཏུ་བྱ་བའི་སྨོན་ལམ་ཤིས་བརྗོད། གྲུབ་ཆེན་དྲིལ་བུ་ལུགས་ཀྱི་ལུས་དཀྱིལ་གྱི་མངོན་རྟོ གས་ངག་འདོན། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་བདག་མདུན་བུམ་གསུམ་སློབ་མ་སྟ་གོན་དང་བཅས་པ། རྟེན་གསུམ་རྣམས་ལ་སྙན་ཤལ་སྤྱན་གཟིགས་ན་བཟའ་བཅས་ཕུལ་བའི་འདོད་གསོལ་མང་པོ། བདེ་གསང་འཇིགས་གསུམ་སོགས་ལྷ་མང་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མང་པོ། འཁོར་ལོ་སྡོམ་པ་ལཱུ་ཧི་པའི་ལུགས་ཀྱི་བདག་བསྐྱེད་བསྡུས་པ། བདེ་མཆོག །འཁོར་ཆེན། དགའ་ལྡན་ལྷ་བརྒྱ་མ། དུས་འཁོར་བཅས་ཀྱི་བསྙེན་ཡིག །བླ་མ་སངས་རྒྱས་བྱང་སེམས་ལ་བརྟེ ན་པའི་འཕོ་བ་མང་པོ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་སོགས་ལྷག་པའི་ལྷ་མང་པོའི་སྒྲུབ་ཐབས་དུ་མ། མ་ཎི་རིལ་སྒྲུབ། བྲིས་འབུར་གྱི་སྐུ་སོགས་རྟེན་གསུམ་བཞེངས་ཚུལ། ལྷ་སྣ་ཚོགས་ཀྱི་ལས་བཞིའི་སྦྱིན་སྲེག་གི་ཆོ་ག  དཔལ་འཁོར་ལོ་སྡོམ་པའི་ཞི་བའི་སྦྱིན་སྲེག་དང་དྲག་པོའི་སྦྱིན་སྲེག་གི་ཁ་སྐོང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་སྦྱིན་སྲེག དཔལ་དུས་ཀྱི་འཁོར་ལོའི་ཞི་བའི་སྦྱིན་སྲེག རྡོར་དབྱིངས་ཀྱི་སྦྱིན་སྲེག སྒྲོལ་མའི་སྦྱིན་སྲེག འཇམ་དབྱངས་དཀར་པོའི་སྦྱིན་སྲེག ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཞི་རྒྱས་ཀྱི་སྦྱིན་སྲེག ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་སྦྱིན་སྲེག ཚེ་བདག་མགོན་པོ་ལ་བརྟེན་པའི་ཚེ་དབང་བྱ་ཚུལ། བཟང་སྤྱོད་ལ་བརྟེན་པའི་འཆི་བླུ། གསང་བ་འདུས་པ་སོགས་ཀྱི་ཚོགས་མཆོད། སྨྱུང་གནས་བླ་རྒྱུད་རྣམ་ཐར་ཕན་ཡོན་དང་བཅས་པ།

                    བླ་རྒྱུད་གསོལ་འདེབས་ཀྱི་སྐོར། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་སྒྲུབ་ཐབས་བདུད་རྩིའི་འབྱུང་གནས། དེའི་སྒྲུབ་ཐབས་རིན་པོ་ཆེའི་གཏེར་མཛོད། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ། དེའི་བསྐྱེད་རིམ་ཚིགས་བཅད་མ། དེའི་རྫོགས་རིམ། ཡང་དེའི་ལམ་རིམ་གཉིས་ཀྱི་ཁྲིད་མདོར་བསྡུས། དེའི་སྒོ་ནས་རབ་གནས་བྱ་ཚུལ་མདོར་བསྡུས། དེ་ལ་བརྟེན་ནས་གཤིན་པོ་རྗེས་འཛིན། དེ་ལ་བརྟེན་ནས་དུག་ཞི་བར་བྱེ ད་ཐབས། འཇིགས་བྱེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ལ་བརྟེ ན་པའི་དུག་དབང་བསྐུར་ཚུལ། དཔལ་འཁོར་ལོ་སྡོམ་པའི་དབང་དོན་ཟབ་གསང་གི་གནད་བསྡུས་པ། འཁོར་ལོ་སྡོམ་པ་དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་བླ་རྒྱུད་དང་བཅས་པ། དེའི་བུམ་བསྐྱེད་དང་མདུན་བསྐྱེད་དབང་ཆོག་དང་བཅས་པ། དགྱེས་རྡོར་ལྷ་དགུའི་སྒྲུབ་ཐབས་བདུད་རྩིའི་ཆུ་རྒྱུན། རྣམ་སྣང་མངོན་བྱང་གི་བདག་བསྐྱེད། དེའི་དཀྱིལ་ཆོག དེའི་དབང་ཆོག་སྨོན་ལམ་ཤིས་བརྗོད་དང་བཅས་པ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་བརྟེན་ནས་དུག་ཞི་བར་བྱེད་ཚུལ། ལམ་རིམ་གཉིས་ཀྱི་གནད་རྣམས་རྡོ་རྗེའི་མགུར་དུ་བཞེས་པའི་དགོངས་དོན་འགྲེལ་པར་བྱེད་པ་གསང་ཆེན་ལམ་གྱི་སྒོ་འབྱེད། གཏོར་ཆེན་དྲུག་ཅུ་བའི་ཞལ་ཤེས། རྡོ་རྗེ་མཁའ་ལྡིང་ནག་པོ་ལ་བརྟེན་པའི་རང་གཞན་གྱི་སྡིག་སྒྲིབ་སྦྱོང་ཞིང་མི་གཙང་བ་བཀྲུ་ཚུལ། ཤམྦྷ་ལར་སྐྱེ་བའི་སྨོན་ཚིག་དང་དེའི་ཞིང་བཀོད་འབྲི་ཚུལ། ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སོགས་ཆོས་སྐྱོང་མང་པོ་ལ་མཆོད་གཏོར་འབུལ་ཚུལ་དང་སྒྲུབ་ཐབས་ལས་ཚོགས་ཀྱི་རིམ་པ་དུ་མ། གསང་སྔགས་རྒྱུད་པ་གྲྭ་ཚང་གི་གཏོར་བཟོའི་རིམ་པ། གཞི་བདག་གཏོར་མ་དང་བཀའ་བསྒོའི་རིམ་པ། གསུང་ཐོར་བུ་བ་སོགས་ལེགས་བཤད་མཐའ་ཡས་པ་མཛད་དོ། །

                    དེ་ལྟར་རྗེ་འདིས་དབུས་གཙང་གི་ལྗོངས་སུ་སྐུ་ཚེ་འདིར་དངོས་སུ་འདུལ་བའི་སྣོད་རུང་གི་གདུལ་བྱ་མཐའ་དག་ལ་འཕྲིན་ལས་གང་མཛད་དགོས་པ་རྣམས་མཛད་ཟིན་ནས་སྔོན་སྟོན་པ་ཐུབ་པའི་དབང་པོས་དངོས་ཀྱི་གདུལ་བྱ་ཕལ་མོ་ཆེའི་དོན་མཛད་ཟིན་ནས་སྐུ་ཚེ་དེའི་གདུལ་བྱའི་ཐ་མ་ཀུན་ཏུ་རྒྱུ་རབ་བཟང་དང༌། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་ཕྱིར་གྲོང་ཁྱེར་རྩྭ་ཅན་དུ་བྱོན་པ་ཇི་ལྟ་བར་རྗེ་འདིས་ཀྱང་མདོ་ཁམས་ཕྱོགས་ཀྱི་གདུལ་བྱ་བགྲང་བ་ལས་འདས་པ་དང༌། རྒྱ་ཧོར་གྱི་གདུལ་བྱ་བགྲང་བ་ལས་འདས་པ་ཞིག་ལ་མཐོང་ཐོས་དྲན་རེག་གི་འབྲེལ་པ་བཞག་སྟེ་སྨིན་གྲོལ་ལ་འགོད་པར་མཛད་བཞེད་པ་དང༌། གཙོ་བོར་ནི་སྔོན་ཡུན་རིང་པོ་ནས་ཐུགས་བསྐྱེད་དེ་འཇམ་མགོན་བསྟན་པ་འཛིན་ཅིང་སྤེལ་བ་དང་སྐྱོང་བའི་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པ་སའི་ཚངས་པ་ཆེན་པོ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་དང་ཞལ་འཛོམ་སྟེ་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཕན་བདེ་སྤེལ་བ་དང༌། ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་ཕན་བདེའི་གཞི་གཅིག་པུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་ཤིང་འཕེལ་བ་དང༌། ལྷག་པར་འཇམ་མགོན་བླ་མའི་ལུགས་བཟང་དྲི་མ་མེད་པ་འདི་ཉིད་ནམ་ཡང་མི་ཉམས་ཤིང་ཆེས་ཆེར་འཕེལ་བར་བྱ་བ་སོགས་རྒྱལ་སྲས་དཔའ་བོའི་མཛད་པའི་ཚུལ་ལས་བརྩམས་ཏེ་གསང་བ་ཟབ་མོའི་བཀའ་བགྲོ་བ་མཛད་བཞེད་པས་དབང་ཕྱོགས་སུ་ཆིབས་ཁ་བསྐྱོད། ལམ་བར་དག་ཏུ་ཉི་མ་རེ་རེ་བཞིན་སྐྱེ་བོ་བགྲང་བ་ལས་འདས་པ་ཞལ་གྱི་དཀྱིལ་འཁོར་ལ་བལྟས་ཏེ་གསོལ་འདེབས་ཀྱི་ང་རོ་དབྱངས་སུ་སྒྲོགས་པ་དག་དང༌། རིན་པོ་ཆེའི་མེ་ཏོག་གཏོར་ཏེ་གསོལ་བ་འདེབས་པ་དག་དང༌། བློ་མཆོག་ཏུ་གྱུར་པ་འགའ་ཞིག་གསུང་རབ་ཀྱི་དཀའ་གནས་ལས་བརྩམས་ཏེ་དྲི་བ་ཞུ་བ་དང༌། སྔོན་བྱོན་དམ་པའི་རྗེས་སུ་སྙེག་པར་འདོད་པ་འགའ་ཞིག་མན་ངག་གི་བདུད་རྩི་ཞུ་བ་སོགས་གདུལ་བྱ་རང་རང་གི་དབང་པོ་དང༌། ཁམས་དང༌། བསམ་པ་དང༌། བག་ལ་ཉལ་དང་མཐུན་པར་ཆོས་སྟོན་པ་སོགས་མཐོ་རིས་དང་ཐར་པའི་སྒོ་ཕྱེ ་ཞིང༌། ངན་སོང་གསུམ་གྱི་སྒོ་བཀག་ནས་སྔོན་སྟོན་པ་ཐུབ་པའི་དབང་པོས་མ་ག་དྷ་བཟང་མོས་གསོལ་བ་བཏབ་པ་ལྟར་བུ་རམ་ཤིང་འཕེལ་དུ་བྱོན་པའི་མཛད་པ་རྣམ་ཐར་ཇི་ལྟ་བ་དེ་བཞིན་དུ་མཛད་དོ། །

                    དེ་ལྟར་རིམ་གྱིས་བྱོན་ནས་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་བཀྲ་ཤིས་པའི་དུས་ཚེས་དགེ་བར་ཡངས་པའི་ས་ཆེན་པོ་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་འཇམ་དབྱངས་སའི་ཚངས་པ་ཆེན་པོ་དང་ཞལ་མཇལ་ཏེ། དེའི་ཚེ་སྟོན་པ་ཐུབ་པའི་དབང་པོ་སུམ་ཅུ་རྩ་གསུམ་དུ་ཕེབས་པའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གཟི་བརྗིད་བཟོད་པར་དཀའ་བའི་ཉེ་དབང་རྣམས་ཀྱི་གཙོས་ལྷ་བགྲང་བ་ལས་འདས་པ་དག་གིས་བསྐོར་ཞིང་འཇིག་རྟེན་སྐྱོང་བ་བཞི་འཁོར་བགྲང་བ་ལས་འདས་པ་དང་བཅས་པ་དག་གི་ལྷའི་རོལ་མོ་སྣ་ཚོགས་པ་དཀྲོལ་ཞིང་ལྷའི་གདུགས་དང༌། ལྷའི་རྒྱལ་མཚན་དང༌། ལྷའི་བ་དན་དང༌། ལྷའི་མེ་ཏོག་གི་ཕྲེང་བ་དག་གིས་མཆོད་ཅིང་བསུས་ནས་རྣམ་པར་རྒྱལ་བའི་ཁང་བཟང་ཆེན་པོར་ཕེབས་པ་ཇི་ལྟ་བ་དེ་འདྲ་བར་སྲིད་འབྱོར་གྱི་ཡོ་ལང་བསམ་གྱིས་མི་ཁྱབ་པ་དང་བཅས་སའི་ཚངས་པ་ཆེན་པོ་དང་ཞལ་འཛོམ་སྟེ། སྐྱེ་འགྲོའི་བདེ་སྐྱིད་དང་རྒྱལ་བའི་བསྟན་པ་ཇི་ལྟར་སྤེལ་བའི་ཚུལ་ལས་བརྩམས་ཏེ་བཀའ་བགྲོ་བ་ཡང་དང་ཡང་དུ་མཛད་ཅིང༌། འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་བསྟན་འགྲོ་ཡོངས་ཀྱི་སྤྱི་དཔལ་དུ་སྐུ་ཚེ་ཁྲི་ཕྲག་མང་པོར་མི་ཤིགས་རྡོ་རྗེའི་གཡུང་དྲུང་ལྟར་བརྟན་པ་དང༌། མཛད་པ་འཕྲིན་ལས་རྣམས་དབྱར་གྱི་ལང་ཚོ་དར་ལ་བབ་པའི་མཚོ་ཆེན་ལྟར་ཆེས་ཆེར་འཕེལ་བ་དང༌། འཇམ་མགོན་བླ་མའི་བསྟན་པ་འཛིན་ཅིང་སྐྱོང་བ་ལ་ནམ་ཡང་འགྱུར་བ་མེད་པར་རྡོ་རྗེའི་ཁམས་ལྟར་བརྟན་པའི་འཕྲིན་ལས་མཛད། རྒྱ་མཚོའི་གླིང་བར་ཚུན་ཆད་ནས་ཞལ་གྱི་དཀྱིལ་འཁོར་བལྟ་བའི་ཕྱིར་ལྷགས་པ་དག་ལ་དགེ་བའི་རྩ་བ་བསྐྲུན་པར་མཛད་དེ་སྐུ་ཚེ་འདིའི་དངོས་ཀྱི་མཛད་པ་མཐའ་དག་རྫོགས་པ་ན་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་སྤྱིར་འདུས་བྱས་ཐམས་ཅད་ནི་སྡོད་པའི་མཐུ་མེད་ཅིང༌། ལྷག་པར་སྙིགས་མའི་དུས་ཀྱི་མི་རྣམས་ནི་ཡུན་རིང་པོར་སྡོད་པའི་མཐུ་མེད་པས་འདི་ལྟར་མི་རྟག་གོ་ཞེས་འདོམས་པའི་ཕྱིར་དང༌། སྐྱེ་བོ་དམ་པ་འཇིག་རྟེན་དུ་འབྱུང་བ་དཀོན་ནོ་ཞེས་འདོམས་པ་དང༌། སྐྱེ་བོ་དམ་པ་དང་མཇལ་ནས་ཆོས་ཀྱི་བདུད་རྩི་ཐོབ་པ་ནི་ཤིན་ཏུ་དཀོན་ནོ་ཞེས་འདོམས་པ་དང༌། ལམ་སྟོན་པའི་བཤེས་གཉེན་དམ་པ་དང་མཇལ་བའི་ཚེ་ཆོས་ཀྱི་བདུད་རྩི་ཐོབ་མ་ཐག་ཕྱི་ཤོལ་མི་བྱ་བར་མྱུར་བ་མྱུར་བར་ལམ་ལ་བསླབས་ཏེ་རྒྱུད་སྨིན་ཅིང་གྲོལ་བར་བྱ་དགོས་སོ་ཞེས་འདོམས་པ་སོགས་ཀྱི་ཕྱིར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །

                    དེ་ལྟར་ཐ་མལ་པ་རྣམས་ཀྱི་སྣང་ངོར་ཞིང་བརྗེ་བའི་ཚུལ་བསྟན་ཀྱང་ངེས་པའི་དོན་དུ་ནི་འཁོར་བ་མ་སྟོང་གི་བར་དུ་མྱ་ངན་ལས་འདས་པ་མེད་ཅིང་ཆོས་སྟོན་པའི་གསུང་འགག་པ་མེད་པར་རྒྱུན་མི་ཆད་དུ་འབྱུང་ལ་ཐ་མལ་པ་རྣམས་ཀྱི་སྣང་ངོར་ཡང་རྗེ་འདིས་སྤྲུལ་པ་རྒྱུན་མི་ཆད་པ་འབྱུང་ངོ་ཞེས་གོ་བར་མཛད་དེ། བཀྲ་ཤིས་ལྷུན་པོ་ནས་དབང་ཕྱོགས་སུ་ཆིབས་བསྐྱོད་ཁར་དགེ་འདུན་ཐམས་ཅད་ཀྱིས་མྱུར་དུ་འབྱོན་པར་གསོལ་བ་བཏབ་པ་ན་ཁོ་བོ་ལོ་གསུམ་ནས་གདན་ས་འདིར་སླེབ་པ་ངེས་པར་འོང་ཞེས་ཡང་དང་ཡང་དུ་གསུང་བར་མཛད་ཅིང༌། དེའི་ཚེ་བཀྲ་ཤིས་ལྷུན་པོའི་གྲྭ་རྒན་ཞིག་གིས་གདུང་བ་ཆེན་པོས་གསོལ་བ་བཏབ་པ་ན་རྗེ་འདིའི་ཞལ་ནས་ཁོ་བོས་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཇི་ལྟར་བརྗོད་པ་དེ་ལྟར་ལོ་གསུམ་ནས་ངེས་པར་འདིར་སླེབས་འོངས་པས་སེམས་ངལ་མ་བྱེད་ཅེས་གསུངས་པ་ན། གྲྭ་རྒན་དེས་སླར་ཡང་དེས་ན་ཐུགས་རྗེ་ཆེ། འདིར་ཕེབས་དུས་ཕྱོགས་གང་ངོས་ནས་ཕེབས་པ་འོང་ཞེས་ཞུས་པ་ན་ཅུང་ཞིག་དགོངས་པ་ལ་ཞུགས་ནས་ང་འདིར་འོང་དུས་མྱང་ཕྱོགས་ནས་འོང༌། དེ་ནས་ཚོང་དུས་ནས་བརྒྱུད་འདིར་སླེབས་འོང་ཞེས་གསུངས་འདུག་པ་ལྟར། དེང་སང་གི་གདུལ་བྱ་རྣམས་ཐུགས་བརྩེ་བས་མ་བོར་བར་ཞིང་གཤེགས་མ་ཐག་དགའ་ལྡན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་དག་ཏུ་སྤྲུལ་པས་བྱོན་ཏེ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཆོད་ཅིང་བཀའ་བགྲོ་བར་མཛད་ནས་མྱུར་བར་པ་སྣམ་སྐྱིད་ཤོངས་སུ་སྤྲུལ་པའི་སྐུ་བཟུང་སྟེ་སྔར་དགེ་འདུན་འདུས་པའི་ཚོགས་དང་དད་ལྡན་གྲྭ་རྒན་དེ་ལ་ཇི་ལྟར་ཞལ་བཞེས་མཛད་པ་ལྟར་ཕག་ལོ་ཟླ་བ་བདུན་པའི་ནང་དུ་དབང་ཕྱོགས་སུ་ཆིབས་བསྐྱོད་པ་ནས་ལོ་གསུམ་སོང་བ་སྟག་ལོ་ཟླ་བ་བཞི་པའི་ནང་དུ་པ་སྣམ་སྐྱིད་ཤོངས་སུ་སྐུ་བལྟམས། སྐུ་བལྟམས་མ་ཐག་ཏུ་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་དང་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་གཉིས་བཀའ་བགྲོས་ཏེ་སྤྲུལ་སྐུ་འཁྲུལ་མེད་དུ་ངོས་བཟུང་ནས་དགའ་ལྡན་ལེགས་བཤད་ཆོས་གླིང་དུ་སྤྱན་དྲངས། དེ་ནས་མི་རིང་བར་ཞ་ལུ་ཚོང་དུས་ཀྱི་ལམ་ནས་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ཆོས་གྲྭ་ཆེན་པོར་སྤྱན་དྲངས། རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ཆིབས་བསྐྱོད་དེ་མངའ་གསོལ། མེ་ཏོག་གི་ཆར་ཕབ། རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ཞེས་མཚན་གསོལ། མཚན་དོན་དང་མཐུན་པར་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ལྷུན་པོའི་སྤོར་མཆོག་གི་སྤྲུལ་སྐུའི་ཉིན་བྱེད་གསར་དུ་ཤར་ནས་འཕྲིན་ལས་ཀྱི་སྣང་བ་མཁའ་ཁྱབ་ཏུ་འཕྲོ་བཞིན་པར་བཞུགས་སོ།། །།

                                                                                                                                       རྩོམ་སྒྲིག་པ། མང་ར་བ།

              གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།