རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 10:58:17     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

68269665559478536.jpg 

                     དེའི་ཚེ་གདུལ་བྱ་གཞན་དག་ལ་ཆོས་གང་ཤེས་རྒྱུད་ལ་སྦྱོར་དགོས་སོ་ཞེས་འདོམས་པའི་ཕྱིར་རང་རྒྱུད་ལ་བསྐུལ་མ་འདེབས་པའི་གསུང་མགུར་ཡང་འདི་ལྟར་མཛད་དེ། ན་མོ་གུ་རུ། ཕུལ་བྱུང་ཡོན་ཏན་དང་ལྡན་པས། །ཀུན་གྱི་སྤྱི་གཙུག་གིས་མཆོད་ཀྱང༌། །ཉམ་ཆུང་ལ་ལྷག་པར་བརྩེ་བའི། །བླ་མ་ལ་སྙིང་ནས་འདུད་དོ། །རང་ཉིད་ལ་རང་གིས་བརྩེ་ན། །རང་སེམས་ལ་རང་གིས་གྲོས་འདེབས། །རང་མཚང་ལ་རང་གིས་རྒོལ་བའི། །རང་ཚིག་འདི་རང་གིས་གསན་དང༌། །སྔོན་མཐའ་མི་མངོན་པའི་འཁོར་བ། །འཁོར་བའི་བདེ་འབྱོར་ཀུན་སྤྱོད་ཀྱང༌། །སེམས་ལ་ཚིམ་པ་ཞིག་མ་བྱུང༌། །མི་བཟོད་སྡུག་བསྔལ་ཀུན་མྱོང་ཡང༌། །ད་དུང་ཐར་འདོད་ཅིག་མ་སྐྱེས། །ལུས་རྟེན་བགྲང་ཡས་ཤིག་བླངས་ཀྱང༌། །ཆོས་ལྡན་མི་ལུས་ཤིག་མ་ཐོབ། །བླང་དོར་མ་ནོར་བར་སྟོན་པའི། །མཚན་ལྡན་བླ་མ་དང་མ་མཇལ། །ངེས་པར་སྲིད་ཞི་ལས་སྒྲོལ་བའི། །ཐུབ་བསྟན་ཆོས་སྒོ་རུ་མ་ཚུད། །ད་རེས་སྟབས་ལེགས་ཀྱི་དབང་གིས། །དལ་འབྱོར་ཕུན་ཚོགས་འདི་ཐོབ་ནས། །གཞོན་ནུ་ནས་རབ་ཏུ་བྱུང་སྟེ། །ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ། །བཤེས་གཉེན་དུ་མ་དང་མཇལ་ཞིང༌། །མདོ་སྔགས་གཞུང་ལུགས་ཀྱི་སྙིང་པོ། །ངེས་འབྱུང་སེམས་བསྐྱེད་དང་ལྟ་བ། །རིམ་གཉིས་ཉམས་ལེན་གྱི་གནད་རྣམས། །ཕྱོགས་འགྲོ་རེ་ལེགས་པར་གོ་དུས། །གོ་ཡུལ་སེམས་རྒྱུད་དང་འབྲེལ་ཕྱིར། །མི་རྟག་སྐྱོ་ཤས་ཀྱིས་བསྐུལ་ནས། །ཕ་ཡུལ་ཉེ་དུ་དང་མཛའ་གྲོགས། །ལྟོས་མེད་རྒྱབ་བསྐྱུར་ཅིག་བྱས་ནས། །སྤང་གཤོང་རི་སུལ་དང་ཤིང་དྲུང༌། །ཆགས་མེད་དབེན་གནས་ཀུན་འགྲིམ་ཞིང༌། །ཟས་གོས་སྲོག་འཚོ་ཙམ་བརྟེན་ནས། །ལོང་མེད་བརྩོན་འགྲུས་ཤིག་རྩོམ་རན། །མདུན་མ་གཏན་ལེགས་དང་གཏན་ཉེས། །ད་རེས་ཚེ་མཇུག་འདིར་ཐུག་འདུག །ལོང་ཡོད་སྙིང་ཁམས་འདི་དོར་ནས། །ཞེ་བཅད་སྙིང་རུས་ཤིག་བསྐྱེད་རན། །དམ་ཆོས་བྱེད་འདོད་ཅིག་ཡོད་ཀྱང༌། །འདི་སྣང་ཡེང་ཡེང་ལ་ཟད་ནས། །དལ་འབྱོར་སྟོང་ལོག་ལ་ཆ་བས། །འཕྲལ་དུ་ཐག་ཆོད་ཅིག་བྱ་རན། །ཆུ་ལ་དབྱུ་གུ་ཡིས་བྲིས་འདྲའི། །འདི་སྣང་བློ་བྲིད་ཀུན་དོར་ནས། །བླ་མའི་གདམས་ངག་འདི་བསྒོམ་རན། །སྣོད་བཅུད་མི་རྟག་ཅིང་མི་བརྟན། །ནམ་མཁའི་འཇའ་ཚོན་དང་འདྲ་བར། །ཧ་ཅང་ཞེན་པ་འདི་དོར་ནས། །སྙིང་པོ་དམ་ཆོས་ཤིག་བྱ་རན། །མཚར་སྡུག་ལང་ཚོ་དང་ལྡན་ཞིང༌། །ནད་མེད་ལོངས་སྤྱོད་ཀུན་འཛོམ་ཡང༌། །མ་ངེས་གློ་བུར་དུ་འཆི་བས། །འདུ་འཛི་བཙན་ཆོད་དུ་སྤོང་རན། །འཛོམ་དུས་ཁ་གསག་ལ་མཁས་པའི། །མཛའ་གྲོགས་བཞིན་འཛུམ་ཅན་མང་ཡང༌། །ན་ཚ་དབུལ་ཕོངས་ཀྱིས་གདུངས་ཚེ། །མི་ཕན་གྲོགས་ངན་ཀུན་འདོར་རན། །ཟས་གོས་སྨན་བཅོས་ཀྱིས་བསྐྱངས་ཀྱང༌། །ན་ཚ་སྡུག་བསྔལ་གྱི་འབྱུང་ཁུངས། །མི་གཙང་འདོར་ངེས་ཀྱི་ལས་འདི། །འདོར་ཚེ་འགྱོད་མེད་ཅིག་བྱ་རན། །ཐབས་ཚུལ་སྣ་ཚོགས་ཀྱིས་བསྒྲུབས་ཀྱང༌། །གསོག་བསྲུང་སྡུག་བསྔལ་དང་སྡིག་པས། །འདི་ཕྱི་གཉིས་ཀ་ལ་འཕུང་བའི། །ནོར་རྫས་འཆིང་ཐག་འདི་གློད་རན། །འཇིགས་རུང་དུག་སྦྲུལ་གྱི་ཚང་འདྲའི། །སྲིད་གསུམ་འཁོར་བ་འདི་རྒྱུ་བཅས། །ད་རེས་བསླབ་གསུམ་གྱི་ཉམས་ལེན། །བརྩོན་པ་ཤུགས་དྲག་གིས་སྤོང་རན། །བདེ་འདོད་སྡུག་བསྔལ་ལ་འཇིགས་ཀྱང༌། །དགེ་སྤོང་སྡིག་པ་ལ་རེམ་པའི། །བླང་དོར་གོ་ལོག་གི་ཕ་མ། །སྒྲོལ་འདོད་བྱང་སེམས་མཆོག་བསྐྱེད་རན། །སྔོན་ཆད་ལས་རོ་ལ་སོང་བའི། །འཁོར་བའི་བྱ་བ་ལ་བསམས་ན། །བྱ་སླ་དོན་ཆེན་གྱི་སྤྱོད་པ། །རྒྱལ་སྲས་རྣམ་ཐར་ལ་བསླབ་རན། །རྒྱུ་རྐྱེན་སྣ་ཚོགས་ཀྱིས་བཅོས་པའི། །བཅོས་མའི་ཀུན་རྫོབ་ལ་བལྟོས་ཚེ། །རྫུན་པ་བདེན་གྲུབ་ཏུ་འཛིན་པའི། །གཡོ་ཅན་བདག་འཛིན་འདི་འདུལ་རན། །གྲངས་མེད་བསྐལ་པ་ལ་མི་བལྟོས། །སྙིགས་དུས་ཚེ་ཐུང་གཅིག་ཁོ་ནར། །ངེས་པར་སངས་རྒྱས་ཉིད་སྟེར་བའི། །གསང་སྔགས་ཟབ་ལམ་ཞིག་སྒོམ་རན། །སྣང་བ་གདོང་འདེད་ཀྱི་བན་ཆུང༌། །དཔོན་མེད་གཡོག་མེད་ཀྱི་བློ་བདེ། །དགྲ་མེད་གཉེན་མེད་ཀྱི་ཡུལ་དུ། །རེ་མེད་དོགས་མེད་ཅིག་བྱ་རན། །བློ་ཕུགས་དམ་ཆོས་ལ་གཏད་ནས། །མི་མེད་ལུང་སྟོང་ལ་གནས་པའི། །བློ་འགེལ་དཀོན་མཆོག་ལ་བྱས་ནས། །ཆེ་གཉམ་ངོ་འཛིན་གྱིས་ཅི་བྱེད། །དཔང་པོ་རང་སེམས་ལ་བཅོལ་ནས། །དགེ་སྦྱོར་ལ་ངོ་ལྐོག་མེད་ན། །མི་མང་གི་ཁ་ལོག་བྱུང་ཡང༌། །འཆི་དུས་སུ་འགྱོད་པ་ཅི་ཡོད། །དད་པ་སྐྱོ་ཤས་གཉིས་འདྲེས་ནས། །སེམས་རྒྱུད་དམ་ཆོས་དང་འདྲེས་ན། །ལྟོ་གོས་ཇི་ལྟར་དུ་ཕོངས་ཀྱང༌། །གཞན་འབྱོར་ལ་སྨོན་རྒྱུ་ཅི་ཡོད། །ཚང་ལ་མ་ནོར་བའི་ལམ་མཆོག །ཚུལ་བཞིན་སྒྲུབ་པ་ལ་རེམ་ན། །ཉམས་རྟོགས་ཡོན་ཏན་གྱིས་དབུལ་ཡང༌། །ཆོས་རྫུ་འདི་བྱེད་དོན་ཅི་ཡོད། །དལ་འབྱོར་འདི་ཤིན་ཏུ་རྙེད་དཀའ། །རྙེད་པ་འདི་ཡུད་ཙམ་མི་རྟག །ཕྱི་མ་འདི་ཤུལ་རིང་ཡ་ང༌། །འདི་སྣང་ལ་ཡེངས་ལོང་མི་འདུག །ཅུང་ཟད་གཞུང་ལུགས་ལ་སྦྱངས་པ། །ཚེ་མཇུག་སྒྲུབ་པ་ལ་བསྒྲིལ་བར། །བླ་མ་ལྷས་བྱིན་གྱིས་རློབས་ཤིག །ཆོས་སྐྱོང་ཚོས་འཕྲིན་ལས་སྒྲུབ་མཛོད། །ཅེས་སོ། །

                    དེ་ནས་སླར་ཡང་བླ་མ་དོན་ཡོད་མཁས་གྲུབ་ལ་ཡུན་རིང་པོར་གསོལ་བ་བཏབ་ནས་ཟླ་བ་གཅིག་དང་ཞག་ཉི་ཤུའི་རིང་ལ་གསང་ཆེན་རྒྱུད་སྡེའི་སྙིང་པོའི་བཅུད་བསྡུས་པ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་སྒྲུབ་པའི་ཐབས་རྡོ་རྗེ་འཆང་དངོས་སུ་བྱོན་ཡང་དེ་ཕན་ཆད་དུ་གསུང་དུ་མེད་པའི་མན་ངག་མཐར་ཐུག་རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད་གསན། དེའི་ཚེ་གྲུབ་དབང་དོན་ཡོད་མཁས་གྲུབ་རིན་པོ་ཆེ་ནས་བླ་མ་རིན་པོ་ཆེ་འདི་ཆོས་གྲྭར་སེངྒེའི་ཁྲི་ལ་བཞུགས་སུ་གསོལ་ནས་ཚེ་དཔག་མེད་ཀྱི་སྐུ་དང༌། ཞལ་དཀར་ཡུ་རིང་ཞོས་གང་བ་བཅས་ཕྱག་ཏུ་ཕུལ་ནས། རྗེ་དོན་ཡོད་མཁས་གྲུབ་པ་སྐྱ་བཙུན་དུ་མའི་འཁོར་དང་བཅས་པ་ལ། རྒྱན་འཇུག་དང་རྩ་ཤེ་སྤྱོད་འཇུག་རྣམས་ཀྱི་ལུང་གསུང་བར་གསོལ་བ་འདེབས་པར་མཛད་པ་བཞིན་རྗེ་འདིས་ཀྱང་ལེགས་པར་སྩལ། རྗེ་དོན་ཡོད་མཁས་གྲུབ་པས་འཁོར་རྣམས་ལ་ལུང་བཞི་པོ་དེ་རྣམས་ལས་རང་རང་གིས་ཇི་ལྟར་འདོད་པ་རེ་འདོན་དགོས་པས་ཁས་ལེན་སྐོང་བར་མཛད་ནས། རྗེ་བཙུན་བླ་མ་འདི་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་བར་མཛད་དོ། །དེ་ནས་ཆབ་མདོ་འཕགས་པ་ལྷས་སྤྱན་དྲངས་ནས་ཆབ་མདོར་ཕེབས་ཏེ། རྒྱལ་བ་འཕགས་པ་ལྷས་གཙོ་མཛད་ཆབ་མདོའི་དགེ་འདུན་རྣམས་ལ་ལམ་རིམ་གྱི་ཁྲིད་དང༌། ལམ་རིམ་ཆེན་མོའི་བཤད་ལུང་དང༌། འགྲེལ་པ་བཞི་སྦྲགས་སོགས་ཆོས་བཀའ་མཐའ་ཡས་སྩལ་ཞིང་ཕྱོགས་དེའི་དད་ལྡན་མང་པོས་དངོས་པོ་ཕུལ་བའི་རིགས་རྣམས་ལ་བཀའ་དང་བསྟན་བཅོས་ཀྱི་པུསྟི་ཀ་མང་པོ་གསེར་དངུལ་ལས་བཞེངས་པར་མཛད་པའི་ལྷག་རྣམས་འཕྲལ་ཆས་སུ་མཁོ་བ་འགའ་ཞིག་མ་གཏོགས་ཁང་པ་ཞིག་ཏུ་བཞག་ནས་ལྡེ་མིག་རྒྱལ་བ་འཕགས་པ་ལྷའི་ཕྱག་ཏུ་ཕུལ་ཏེ། གཞུང་བཞིའི་འདོན་པ་གྲ་ཇེ་རྒྱས་སུ་མཛད་དེ་རྒྱལ་བའི་བསྟན་པ་འབའ་ཞིག་ཐུགས་ལ་བརྣགས་ནས་སྐལ་བ་དང་ལྡན་པ་དག་ལ་ཆོས་གནང་བ་ལས་ཟང་ཟིང་གི་དངོས་པོ་གང་ཡང་བདག་གིར་མི་མཛད་པར་དད་རྫས་དང་གཤིན་རྫས་ཅི་བྱུང་ཐམས་ཅད་ཆུད་མ་ཟོས་པར་དགེ་ཕྱོགས་སུ་གཏོང་བར་མཛད་པ་འདི་འདྲ་བའི་རྣམ་པར་ཐར་པ་ནི་ཕྱི་རབས་ཆོས་བྱེད་རྣམས་ལ་ཁ་ཡར་ལྟའི་མིག་ལྟོས་སུ་ཆེ་ཞིང་སྐྱེ་བོ་ཕལ་ཆེར་ཟང་ཟིང་གི་དངོས་པོ་འབའ་ཞིག་དོན་དུ་གཉེར་བའི་དུས་མཐའ་འདི་འདྲ་བར་འདི་ལྟ་བུའི་རྣམ་པར་ཐར་པ་ནི་རྒྱལ་བའི་བསྟན་པ་ལ་བྱ་བ་བླ་ལྷག་ཏུ་མཛད་པའི་རྣམ་པར་ཐར་པའོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།