རྗེ་དགེ་ལེགས་རྒྱ་མཚོའི་ཐུགས་སྲས་མཁར་རྡོ་མཁན་པོ་བཟོད་པ་རྒྱ་མཚོའི་རྣམ་ཐར།
རྗེ་དགེ་ལེགས་རྒྱ་མཚོའི་ཐུགས་སྲས་མཁར་རྡོ་མཁན་པོ་བཟོད་པ་རྒྱ་མཚོ་ནི། ཆོས་འཁོར་ལྷ་སར་ཡབ་སྔགས་འཆང་ངག་དབང་ཚུལ་ཁྲིམས་དང༌། ཡུམ་ཨ་ལྕེ་སྐྱིད་སྐྱིད་གཉིས་ཀྱི་སྲས་སུ་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོར་འཁྲུངས། ཡབ་ཡུམ་གཉིས་ཀྱིས་ཤེས་རབ་རྒྱ་མཚོ་ཞེས་མཚན་བཏགས། དམ་པ་འདི་རང་ཚེ་རབས་སྔ་མ་ནས་སྦྱངས་པའི་བག་ཆགས་ཡོད་པ་དང༌། ཡབ་ཡུམ་གཉིས་ཀྱང་ཆོས་དང་མཐུན་པས་སྨྲ་ཤེས་ཙམ་ནས་ཡེ་གེ་དྲུག་པ་བཟླ་བ་དང༌། ཆོས་སྤྱོད་སྣ་ཚོགས་འདོན་པ་དང༌། ལོག་ཡིག་སློབ་པ་དང༌། མི་དགེ་བཅུ་ཕྲ་མོ་ནས་སྤོང་བ་དང༌། ཕྱག་དང་བསྐོར་བ་སོགས་སྒོ་གསུམ་དགེ་ལ་སྦྱོར་བ་ཞིག་བྱུང༌། དེ་ནས་དགུང་ལོ་དྲུག་བདུན་ལོན་ཏེ་བསམ་བློ་རྙེད་པ་ན་ཁྱིམ་ལ་བཙོན་རའི་འདུ་ཤེས་སྐྱེས་ཏེ། སྐད་ཅིག་ཀྱང་འདུག་མི་ཕོད་པར་སེ་འབྲས་གང་རིགས་ཤིག་ཏུ་ཞུགས་ཏེ་ཆོས་རྣམ་དག་ཅིག་བྱ་འདོད་པ་ནར་མར་བྱུང་སྟེ། ཡབ་ཡུམ་གཉིས་ལའང་དོན་དེ་ལྟར་གསོལ་བ་ན་ཡབ་ཡུམ་དེ་གཉིས་ཀྱང་ཆོས་དང་མཐུན་པས་བཀག་པ་མ་བྱས་པར་དམ་པ་འདི་རང་གི་ཐུགས་བཞེད་ལྟར་ཆོས་སྒོར་འཇུག་པའི་མཐུན་རྐྱེན་སྦྱར་ཏེ་དགུང་ལོ་བཅུ་གསུམ་གྱི་ལོ་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་བྱེས་མཁས་མང་གྲྭ་ཚང་དུ་ཞུགས་ནས་བྱེས་པའི་དཔོན་སློབ་རྒྱལ་མཚན་དོན་གྲུབ་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་བཟོད་པ་རྒྱ་མཚོ་ཞེས་བཏགས། ལོ་དེའི་རིང་ལ་ཆོས་སྤྱོད་རྣམས་བཟུང༌། དགུང་ལོ་བཅུ་བཞི་ལ་ཆོས་གྲྭ་འགྲིམས་ཏེ་ཐོག་མར་བསྡུས་གྲྭར་ཞུགས་ཏེ་སྦྱོར་བ་རྩི་བར་མཛད་པས་གཞན་གྱིས་བསྐུལ་བ་ལ་མ་བལྟོས་པར་ཐུགས་བརྩོན་ཤིན་ཏུ་ཆེ་བས་རིང་པོ་མ་ཐོགས་པར་སྦྱོར་བ་ལ་བྱང་བར་གྱུར་ནས་ཕར་ཕྱིན་ལ་སྦྱངས།
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཕར་ཕྱིན་གྱི་ཡིག་ཆ་རྣམས་ཐུགས་ལ་བཟུང༌། ཉིན་མཚན་ཀུན་ཏུ་ཐུགས་བརྩོན་ཤིན་ཏུ་ཆེ་བར་མཛད་པས་ལོ་གསུམ་ཙམ་གྱི་རིང་ལ་ཕར་ཕྱིན་གྱི་གཞུང་ལ་མཁས་པར་གྱུར་ཅིང༌། ལས་རྒྱུ་འབྲས་དང་ས་ལམ་བགྲོད་ཚུལ་སོགས་ཕར་ཕྱིན་གྱི་གཞུང་དོན་ཉམས་སུ་ལེན་ཚུལ་ལ་ངེས་ཤེས་གཏིང་ཚུགས་པ་རྙེད་ནས་སྒྲུབ་པ་སྙིང་པོར་བྱེད་འདོད་ཤུགས་དྲག་པོ་འཁྲུངས་ཏེ་དགེ་རྒན་དང་གྲོགས་རྣམས་ལ་དེ་བཞིན་གྱི་འཕྲོས་བྱས་པ་ན་སྒྲུབ་པ་ལ་བསྐུལ་བ་སུ་ཡང་མ་བྱུང་ཞིང༌། ཐམས་ཅད་ཁ་མཐུན་པར་རེ་ཤིག་སྒྲུབ་པ་བྱེད་པ་མི་ཡོང་ཚུལ་གླེང་བ་ན། དམ་པ་འདི་ལ་རྟ་བཟང་པོ་ལྕག་གིས་བྲབས་པ་ལྟར་སྒྲུབ་པ་ལ་བསྐུལ་མར་གྱུར་ཏེ། འདི་དག་གིས་ཟེར་བ་ལྟར་དལ་འབྱོར་ལན་ཅིག་ཐོབ་པའི་སྐབས་འདིར་ཉམས་ལེན་ཁོ་ཐག་ཆོད་པ་ཞིག་བྱེད་རྒྱུ་མ་བྱུང་བར་ཤི་ན་དལ་བ་སྟོང་ཟད་དུ་འགྲོ་བ་འདུག་ཅིང༌། དེ་རིང་རང་ཡང་མི་འཆི་བའི་གདེང་མི་འདུག་པས་འཕྲལ་དུ་སྒྲུབ་པ་རྣམ་དག་ཅིག་བྱའོ་སྙམ་པའི་འདུན་པ་ཤུགས་དྲག་འཁྲུངས། སྔ་སོར་གྲྭ་སར་ཞུགས་ཙམ་ནས་ཕར་ཕྱིན་གྱི་ལམ་གྱི་འགྲོ་ལུགས་དང༌། དབུ་མ་ལ་སྦྱངས་ཏེ་ཟབ་མོ་དབུ་མའི་ལྟ་བ་ལ་གོ་བ་ཆགས་ཙམ་བྱུང་ན་དེ་ནས་སྒྲུབ་པ་རྣམ་དག་ཅིག་བྱེད་སྙམ་པ་ནར་མར་ཡོད་ཐོག་ནམ་འཆི་ཆ་མེད་དྲན་པ་དང༌། ཚེ་འདིར་ཆགས་པའི་སྐྱེ་བོ་རྣམས་ཀྱི་བྱེད་སྤྱོད་དང་བརྗོད་ཚུལ་དེ་དག་གིས་རྐྱེན་བྱས་ཏེ་དབུ་མའི་གཞུང་ལ་སྦྱོང་ལོང་མ་བྱུང་བར་སེ་ར་རྩེའི་རྗེའི་སྒྲུབ་ཁང་ན་བླ་མ་བཟང་པོ་ཞིག་བཞུགས་འདུག་གོ་ཟེར་བ་གསན་པས་ལུས་ཀྱི་སྤུ་གཟིང་ཞེས་བྱེད་ཅིང་སྨྲ་མི་ཤེས་པའི་དད་གུས་ཆེན་པོ་འཁྲུངས་ཏེ་ང་ཡང་བླ་མ་དམ་པ་དེའི་ཞབས་དྲུང་དུ་ཕྱིན་ཏེ་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱེད་སྙམ་པ་བྱུང་སྟེ། མཁའ་འགྲོ་ཆོས་སྐྱོང་དཔང་དུ་བཞག་སྟེ་དེ་ལྟར་བྱེ ད་པའི་དམ་བཅའ་དྲག་པོ་མཛད།
དེ་ནས་བྱེས་པ་བླ་མའི་དྲུང་དུ་ཕེབས་ཏེ་སྤྱན་མཆི་མ་དང་བཅས་རྒྱུ་མཚན་ཞིབ་ཏུ་ཞུས་ནས་དགོངས་པ་ནན་གྱིས་ཞུས་ཏེ་དགུང་ལོ་བཅུ་བདུན་གྱི་ཐོག་སེ་ར་རྩེར་རྗེ་སྒྲུབ་ཁང་པ་མཇལ་དུ་ཕེབས། རྗེ་བཙུན་མི་ལས་ལྷོ་བྲག་མར་པ་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྗེ་སྒྲུབ་ཁང་པ་ལ་ལུས་ངག་ཡིད་གསུམ་ཕུལ་ཏེ་རྒྱལ་བ་ཙོང་ཁ་པའི་བསྟན་པའི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པ་ལ་ཚེ་དང་སྒྲུབ་པ་མཉམ་པ་ཞིག་ཡོང་བར་གསོལ་བ་བཏབ། རྗེ་སྒྲུབ་ཁང་པས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ། དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱའི་དོན་ཐམས་ཅད་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་བསྡུས་པ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱས་པར་གནང༌། སྐྱེས་བུ་ཆེན་པོའི་སྐོར་ལ་ཐེག་ཆེན་སེམས་བསྐྱེད་སྦྱོང་བའི་མན་ངག་ཇོ་བོ་རྗེ་དཔལ་ལྡན་ཤ་ཏི་ཤའི་སྙན་བརྒྱུད་རྒྱལ་བའི་སྲས་པོ་བཟང་པོ་དཔལ་གྱི་ཁྲིད་ཡིག་སྡོམ་ཚིག་ལྟ་བུར་མཛད་པ་བློ་སྦྱོང་དོན་བདུན་མའི་ཁྲིད་དང༌། ལམ་རིམ་གྱི་གེགས་སེལ་བོགས་འདོན་དུ་གཅོད་ཀྱི་ཁྲིད་དང༌། གྲུབ་ཆེན་མི་ཏྲ་ལ་མགོན་པོ་སྤྱན་རས་གཟིགས་ཀྱིས་མདོ་སྔགས་གཉིས་ཀའི་ལམ་གྱི་གནད་བསྡུས་ནས་བསྟན་པ་སྙིང་པོ་དོན་གསུམ་གྱི་ཁྲིད་རྣམས་མྱོང་ཁྲིད་དུ་བྱས་ཏེ་ལེགས་པར་གསན། དགུང་ལོ་ཉི་ཤུ་ལ་བབ་པ་ན་སྔར་དགེ་ཚུལ་གྱི་མཁན་པོ་བྱེས་བླ་མ་རྒྱལ་མཚན་དོན་གྲུབ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། རྗེ་སྒྲུབ་ཁང་པའི་བཀའ་ལྟར་སེ་ར་རྩེར་རང་ཤོང་གི་ཁང་བུ་ཞིག་གསར་དུ་བཟོས། ལོ་བཅུ་དགུ་ནས་ཉི་ཤུ་རྩ་གསུམ་གྱི་བར་ལོ་ལྔའི་རིང་ལ་ཕྱི་ནང་གི་གཡེང་བ་གང་ཡང་མེད་པར་འཚོ་བ་དཀའ་ཐུབ་ལ་གནས་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་ཆིག་བསྒྲིལ་དུ་འབད་ཅིང༌། གེགས་སེལ་བོགས་འདོན་གཅོད་ཀྱི་དམིགས་སྐོར་དང་བློ་སྦྱོང་གི་ཉམས་བཞེས་ལ་འབད་པས་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་རྩོལ་བཅས་ཀྱི་མྱོང་བ་ལེགས་པར་ཐོན། དེ་ནས་ཉམས་ལེན་ལ་བོགས་འདོན་ཕྱིར་རྗེ་ཐམས་ཅད་མཁྱེན་པ་འཁོར་དག་པ་རྣམ་བརྒྱད་དང་བཅས་པས་གང་དུ་མཐོང་བའི་ཆོས་ལ་རྟོགས་པ་མཆོག་བརྙེས་པའི་ས་འོལ་ཁའི་སྒྲུབ་གནས་རྣམས་སུ་བསྒྲུབ་པ་བྱ་ཕྱིར་ཕེབས་ཏེ་ཐོག་མར་འོན་གྱི་སྒྲུབ་ཕུག་ཅིག་ཏུ་ལོ་གཅིག་བཞུགས། དགེ་སྦྱོར་ལ་བོགས་ཤིན་ཏུ་ཆེ་བ་བྱུང་ཞིང༌། མགོན་པོ་ཕྱག་དྲུག་པ་སོགས་ལྷའི་གཟིགས་སྣང་ཡང་ཁ་ཡར་བྱུང༌། དུས་དེ་ཙམ་ནས་བཟུང་དམ་པ་འདིའི་ཡོན་ཏན་ལ་འཁོར་བའི་སློབ་མ་དད་པ་ཅན་ཡང་མང་དུ་བྱུང་སྟེ་གང་དང་གང་དུ་སློབ་མ་དད་པ་ཅན་གྱིས་གསོལ་བ་བཏབ་པ་དེ་དང་དེ་དག་ལ་རང་རང་གི་དབང་པོ་དང་འཚམ་པའི་ཆོས་ཅི་རིགས་པ་གནང་ཞིང་རྒྱུན་དུ་ནི་རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་ལྟར་གཅིག་པུ་དབེན་པར་གནས་ཏེ་འགའ་ཞིག་ཏུ་རྡེའུའི་བཅུད་ལེན་དང༌། འགའ་ཞིག་ཏུ་མེ་ཏོག་བཅུད་ལེན་དང༌། འགའ་ཞིག་ཏུ་ཆུའི་བཅུད་ལེན་མཛད། རྒྱུན་དུ་རྩམ་པ་མ་ཆད་ཙམ་རེ་དང་ཐུག་པས་ཆོག་ཤེས་པར་མཛད་ཅིང༌། འཕགས་པའི་རིགས་བཞི་དང༌། དགེ་སྦྱོང་གི་ཆོས་བཞི་ལ་གནས་ཏེ་འོལ་ཁ་ཆོས་ལུང་སོགས་རྗེའི་སྒྲུབ་གནས་རྣམས་སུ་སྒྲུབ་པ་ལ་བརྩོན་པར་མཛད། དེ་ནས་ཆོས་འཁོར་རྒྱལ་གྱི་གནས་རྣམས་དང༌། རྩྭ་རིའི་གནས་རྣམས་སུ་སྒྲུབ་པ་མཛད་པས་དགེ་སྦྱོར་ལ་བོགས་ཆེ་བར་བྱུང་ཞིང་དག་པའི་གཟིགས་སྣང་ཡང་མང་དུ་བྱུང༌། དེ་ནས་ཚུར་ཕེབས་ཏེ་ཡེར་པ་ལྷ་རི་སྙིང་པོ་དང༌། འཕན་ཡུལ་གྱི་བཀའ་གདམས་གོང་མའི་གནས་རྣམས་དང་ལྷག་པར་རྭ་སྒྲེང་དུ་སྒྲུབ་པ་ཡུན་རིང་དུ་མཛད།
གནས་དེ་དང་དེ་དག་ཏུའང་བཤེས་གཉེན་དམ་པ་མང་པོ་ལ་དབང་ལུང་མན་ངག་མང་དུ་གསན། དེ་ནས་མཁར་རྡོར་ཕེབས་ཏེ་ཟིལ་གནོན་དམིགས་པ་སྐོར་གསུམ་གྱི་སྒོ་ནས་གཞི་བདག་དམ་ལ་བཏགས་ཏེ་སླར་སྒྲུབ་སྡེ་ཆགས་པའི་རྟེན་འབྲེལ་བསྒྲིགས། དེ་ནས་དགེ་སྦྱོར་ལ་བོགས་དབྱུང་བ་དང་གདུལ་བྱ་སྐལ་བ་དང་ལྡན་པ་དག་པ་ཕན་གདགས་ཕྱིར་གཙང་ཕྱོགས་ལ་བྱོན་ཏེ། རྒྱལ་བ་དབེན་ས་པ་ཡབ་སྲས་ཀྱིས་གྲུབ་པ་བརྙེས་པའི་ས་དབེན་དགོན་དང༌། ཤངས་མདོ་རྒོད་ཚང་སོགས་སུ་བཞུགས་ཏེ་དབེན་ས་པ་ཡབ་སྲས་ཀྱི་རྣམ་ཐར་བསྐྱངས། དྲུང་པ་ཡབ་སྲས་ཀྱི་ཐུགས་སྲས་བླ་མ་བརྩོན་འགྲུས་རྒྱ་མཚོ་ལ་བླ་མ་མཆོད་པའི་ཁྲིད་སོགས་དབེན་ས་སྙན་བརྒྱུད་ཀྱི་མན་ངག་མང་དུ་གསན། བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ། དེ་ནས་སྣར་ཐང༌། གངས་ཅན་ཁྲོ་ཕུ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་སྒྲུབ་གནས་དངུལ་ཆུ་ཆོས་རྫོང་རྣམས་མཇལ་ཞིང་གནས་འབྲེལ་མཛད། དེ་ནས་རྟ་ནག་ལ་ཕེབས་ཏེ་རྗེ་འགོས་ལོ་ཆེན་པོའི་སྒྲུབ་གནས་ཞལ་གཟིགས་དང༌། གྲུབ་ཆེན་ཆོས་རྡོ་རྗེ་འཁྲུངས་པའི་གནས་དང༌། རྒྱལ་བ་དགེ་འདུན་རྒྱ་མཚོ་འཁྲུངས་པའི་གནས་དང༌། དྲུང་པ་རྟ་ཕུག་པའི་བཞུགས་གནས་རྟ་ཕུག་རྡོ་རྗེའི་གུར་ཁང་རྣམས་མཇལ་ཏེ། གནས་དེ་དག་ཏུ་སྒྲུབ་པ་མཛད་པས་དགེ་སྦྱོར་ལ་བོགས་ཆེ་བར་བྱུང་ཞིང་ལྷག་པར་རྟ་ཕུག་ཏུ་རི་ཁྲོད་པ་དད་ལྡན་མང་པོ་ལ་ལམ་རིམ་དང་བློ་སྦྱོང་སོགས་ཆོས་མང་དུ་སྩལ། རྟ་ཕུག་རི་ཁྲོད་པ་རྣམས་ཀྱིས་གསོལ་བ་བཏབ་སྟེ་དྲུང་པ་རྟ་ཕུག་པའི་རྣམ་ཐར་མདོར་བསྡུས་པ་ཞིག་ཀྱང་བརྩམས། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་རྩེར་སྒྲུབ་ཁང་པ་ཆེན་པོ་མཆོད་ཅིང་བསྙེན་བཀུར་བས་མཉེས་པར་མཛད་དེ་མདོ་སྔགས་ཀྱི་ཆོས་མང་དུ་གསན། སེ་ར་ནས་ཆོས་དོན་གཉེར་ཅན་བྱུང་བ་རྣམས་ལ་དབང་ལུང་ཁྲིད་འགའ་ཡང་མཛད།
དེ་ནས་མཁར་རྡོའི་སྒྲུབ་སྡེ་ཆགས་ཏེ་མཁར་རྡོར་གཞི་ཕབ་ནས་བཞུགས། སྙན་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་རྒྱས་ཏེ་ཕྱོགས་ཕྱོགས་ནས་འདུས་པའི་དད་ལྡན་རྣམས་ལ་དབང་ལུང་མན་ངག་རྒྱ་ཆེར་སྩལ། བསྟན་པའི་དོན་དུ་ཕྱག་རྗེས་སུ་མཁར་རྡོའི་སྒྲུབ་སྡེར་སྤོང་ཁང་མང་དུ་བརྩིགས་ཤིང་ལྷ་ཁང་མང་དུ་བཞེངས། བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་འགྲོད་པའི་བདེ་ལམ་གྱི་ཚོགས་ཞིང་མན་ངག་ཞལ་ཤེས་ལྟར་བྲིས་ཐང་པར་དུ་བརྐོས། རྒྱལ་བ་ཙོང་ཁ་པ་གཙོ་བོར་བྱས་པའི་ལམ་གཙོའི་ཁྲིད་དང་མཐུན་པའི་ཚོགས་ཞིང་གི་ཐང་སྐུའང་པར་དུ་བརྐོས། བཀའ་གདམས་ལྷ་བཞི་སོགས་སྐུ་པར་མང་པོ་དང༌། དཀྱིལ་ཐང་མང་པོ་དང༌། གསུང་པར་ཡང་མང་པོ་བཞེངས། དད་ལྡན་ཁྱིམ་པ་དག་ལའང་ཕན་གདགས་པ་མང་དུ་མཛད་ཅིང༌། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་གསུང་རྩོམ་ཡང་དམ་པ་རང་ཉིད་ཀྱི་རྣམ་ཐར། བླངས་དོར་མུན་སེལ། བླ་མ་མཆོད་པའི་ཁྲིད། བླ་མ་མཆོད་པའི་ཁྲིད་ཀྱི་ལྷན་ཐབས། ཕ་བོང་ཁའི་དཀར་ཆག །བདེ་ལམ་གྱི་ཞལ་ཤེས་ལྷན་ཐབས། རྡོར་སེམས་ཁྲིད་ཡིག །ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། མཁར་རྡོ་བསམ་གཏན་གླིང་གི་དཀར་ཆག །མེ་ཏོག་བཅུད་ལེན་གྱི་གདམས་པ། རྒྱུན་འཁྱེར་གཅོད་ཀྱི་སྙིང་པོ། གནས་བཅུའི་ཆོ་ག །རྒྱུན་འཁྱེར་ཚོགས་མཆོད་སྙིང་པོ། རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཡིག །རྡོར་སེམས་བུམ་སྒྲུབ། མགུར་མ་ཕྱོགས་བསྡེབས། བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོའི་དོན་བསམ་པ་མདོ་ལུང་གསལ་བའི་ཉི་མ། བདེ་ལམ་ལྷག་མཐོང་གི་ལྷན་ཐབས། རྗེ་དགེ་ལེགས་རྒྱ་མཚོའི་རྣམ་ཐར། སྒོམ་སྡེ་དགེ་བཤེས་ཀྱི་རྣམ་ཐར། གསོལ་འདེབས་བརྟན་བཞུགས་སོགས་ཐོར་བུ་འགའ་ཡར་རྣམས་མཛད། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་སྐུའི་བཀོད་པ་བསྡུས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ།། །།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn