རྗེ་སྒྲུབ་ཁང་བ་དགེ་ལེགས་རྒྱ་མཚོའི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 14:25:58     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

193020473643635551.jpg

                    དེ་ནས་བཟུང་སྟོན་དཔྱིད་གཉིས་ལ་ལམ་རིམ་གྱི་ཁྲིད་ཚར་རེ་ཕལ་ཆེར་གནང༌། དཔོན་སློབ་ཐམས་ཅད་བཤད་སྒྲུབ་ཤིན་ཏུ་འཕེལ། སེམས་བསྐྱེད་མཆོད་པ་དང་མཎྜལ་རྣམས་ལ་བསྔགས་བརྗོད་ཆེན་པོ་མཛད་པས་དར་རྒྱས་ཆེ་རུ་སོང༌། དེ་ནས་སྔར་མནལ་ལམ་དུ་བྱུང་བའི་དོག་བདེའི་ནང་གི་མཆོད་རྟེན་ཡོད་པ་རྩད་དཔྱད་པས། ཕུར་བུ་ལྕོག་ཏུ་མཆོད་རྟེ ན་འགའ་ཞིག་འདུག་པས་དེར་རྗེ་འདི་ཉིད་ཀྱིས་ས་འདུལ་དང་བཀོད་པ་མཛད་ནས། སྦྱིན་བདག་ཁྲ་འབུར་སོགས་ཀྱིས་དེར་གཟིམ་ཁང་བརྩིགས། དམ་པ་འདི་དགུང་ལོ་དྲུག་ཅུ་ཐམ་པ་བཞེས་པ་ལྕགས་ཕོ་འབྲུག་གི་ལོ་ཕུར་བུ་ལྕོག་ཏུ་བྱོན། ཉིན་མང་པོའི་བར་མདོ་སྡེ་བསྐལ་བཟང་བཀླགས་ཤིང་མཆོད་པ་གཟབ་པ་ཕུལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་ཚུལ་གྱི་གསུང་བཤད་རྣོ་ལ་རྒྱས་པར་གནང་ནས་མདོ་སྡེ་བསྐལ་བཟང་དཔང་དུ་བཞག་ནས་སྦྱོར་དངོས་རྗེས་གསུམ་ཚང་བའི་སེམས་བསྐྱེད་རེ་དཔོན་སློ བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་མཛད་དོ། །བསྐལ་བཟང་ལས་དེ་བཞིན་གཤེགས་པ་གྲགས་པ་སྔོན་ཐ་ག་པར་གྱུར་པའི་ཚེ་རས་ཀྱི་ཁ་ཚར་ཕུལ་ནས་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་འོད་འཕྲོ་རྩྭའི་སྒྲོན་མེ་ཕུལ་ནས་སེམས་བསྐྱེད་པར་གསུངས་པ་ཡི་གེར་བྲི ས་ནས་མགུལ་དུ་བཞེས། ངེད་རང་ཚོ་སེམས་བསྐྱེད་པའི་རྫས་ལ་མ་ཐོགས་དད་པ་ལ་ཐོགས་གསུངས་པ་སོགས་གསུང་ཆོས་རུས་པ་ཅན་མང་དུ་གནང༌། དེ་ནས་རྒྱལ་དགའ་ཚལ་དབུ་མཛད་ཀྱིས་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ལ་གསོལ་བ་བཏབ་ནས་ལམ་རིམ་གྱི་མན་ངག་ཆེས་གསལ་བ་མྱུར་ལམ་ཞེས་བྱ་བ་གནང་བ་གསན་ནས་རྒྱལ་དུ་ཕེབས་ཏེ་བྲག་རྩ་བླ་མ་བློ་བཟང་རྒྱལ་མཚན་ལ་སྔགས་རིམ་ཆེན་མོ། འདུལ་བའི་གླེང་འབུམ་ཆེན་མོ། པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་མྱུར་ལམ་རྣམས་ཀྱི་ལུང་གསན་ཅིང་བྱམས་ཆེན་གྱི་མདུན་དུ་སེམས་བསྐྱེད་དང༌། བསྟན་པ་རྒྱས་པའི་བསྔོ་སྨོན་མཛད་ནས་འོལ་ཁར་ཕེབས་དྲུང་རམ་པ་བློ་བཟང་ཆོས་རྒྱལ་ལ་སྨོན་ལམ་མཐའ་ཡས་པའི་གཅོད་སོགས་བཀའ་ཆོས་ཅི་རིགས་གསན་ནས་སེ་ར་རྩེར་ཕེབས་སྔར་བཞིན་བཤད་སྒྲུབ་ཀྱི་འདུས་སྡེ་རྣམས་ལེགས་པར་བསྐྱངས་སོ། །

                    དེ་ནས་ཕུར་བུ་ལྕོག་ཏུ་དགེ་སློང་བརྒྱད་སྡེ་ཞིག་འཛུགས་པའི་ཐུགས་འདུན་ཡོད་པ་བཞིན་མེ་ཁྱི་ལོ་ཧོར་ཟླ་གསུམ་པའི་མཇུག་གཟའ་སྐར་འཕྲོད་སྦྱོར་ལེགས་པ་ཞིག་ནས་བཟུང་འབད་རྩོལ་ཆེར་མེད་པར་ཐར་འདོད་དུ་མ་རྗེ་བླ་མ་ཉིད་ཀྱི་ཐུགས་རྗེས་འུར་གྱིས་འདུས་ནས་ཐོག་མར་བརྒྱད་སྡེ་དང༌། དེ་ནས་རིམ་གྱིས་འདུས་ནས་དགེ་འདུན་ཉི་ཤུ་ལོངས་པའི་སྒྲུབ་སྡེ་ཕུན་སུམ་ཚོགས་པ་ཆགས་པས་དད་ལྡན་བསོད་ནམས་གསོག་པའི་ཞིང་ས་མཆོག་ཏུ་གྱུར་པ་འདི་བྱུང་ངོ༌། །འདི་སྐབས་ནས་བཟུང་སྒྲུབ་སྡེ་ཀྱིས་ཐོག་མར་ཕྱག་འཚལ་བ་དང་སྦྲགས་པའི་ཡན་ལག་བདུན་པ་མཎྜལ་དང་བཅས་ཕུལ་ནས་སེམས་བསྐྱེད་པ་དང༌། ཚོགས་འདུ་སོགས་གང་དུ་ཕེབས་ཀྱང་མཎྜལ་བསྣམས་པའི་སྲོལ་བཙུགས། ཕུར་བུ་ལྕོག་གི་སྒྲུབ་སྡེ་ཆགས་ནས་འདུ་ཁང་ལོགས་བྲིས་གྲུབ་རྗེས་རྗེ་བཙུན་བླ་མ་ངག་དབང་བྱམས་པས་དབུ་མཛད་དགེ་སློང་རྣམས་ཀྱིས་ཟླ་བ་གཅིག་གི་བར་འདུ་ཁང་དུ་དགོང་མོ་རེ་རེ་བཞིན་བརྐྱང་ཕྱག་ལྔ་བརྒྱ་རེ་ལ་ཉུང་ཐ་བྱས་ནས་བསག་སྦྱངས་ལ་བརྩོན་པར་མཛད་པས་ཐུགས་ཤིན་ཏུ་མཉེས་ནས་ང་ལས་ཁྱེད་ཚོ་སྙིང་རུས་ཆེ་བ་འདུག །ཆུང་ངུའི་དུས་ནས་རྗེ་བླ་མ་ལ་བློ་སྙིང་གཏད་ནས་རི་ཁྲོད་ཅིག་ལ་འགྲོ་བསམ་པ་ཡོད། སྙིང་རུས་ཁྱེད་ཚོ་ཙམ་མེད་གསུངས། ལམ་རིམ་ཆེན་མོའི་བཤད་ལུང་དང་འཇམ་དཔལ་ཞལ་ལུང་གི་ཁྲིད་རྒྱས་པར་གནང༌། དེ་ནས་ར་ཁ་བྲག་སྒྲུབ་སྡེ་ཆགས་ཏེ་སེ་ར་རྩེ་དང་ཕུར་བུ་ལྕོག་གི་དགེ་འདུན་རྣམས་ཀྱང་སྤྱན་དྲངས་ནས་སེམས་བསྐྱེད་མཆོད་པ་རྒྱས་པར་མཛད། ཐོག་མར་དགེ་སློ ང་བཅུ་གཉིས་ཆགས། དེ་ནས་རིམ་གྱིས་ཇེ་འཕེལ་དུ་གྱུར་ཏོ། །དེ་ནས་བཟུང་སྒྲུབ་སྡེ་སོ་སོར་ཟླ་བ་ཡར་ངོ་མར་ངོའི་གསོ་སྦྱོང་དང་དབྱར་གནས། དགག་དབྱེ་སོགས་བསྟན་པ་རིན་པོ་ཆེའི་རྩ་བ་སོ་སོར་ཐར་པའི་ཕྱག་ལེན་རྣམ་པར་དག་པ་འཛུགས་པར་མཛད། ས་མོ་གླང་ལོའི་ཟླ་བ་དང་པོ་ནས་གྲུབ་སྡེ་ཕན་ཚུན་སོ་སོར་སེམས་བསྐྱེད་མཆོད་པ་ཞུ་མི་དུ་མ་བྱུང་བ་ལ་སྤྱན་དྲངས་པ་བཞིན་སྐྱ་སེར་མང་པོ་ལ་ཐེག་པ་ཆེན་པོའི་སེམས་རིན་པོ་ཆེའི་གསུང་བཤད་གནང༌། ཟླ་བ་གསུམ་པའི་ནང་དུ་ལྷ་རི་བླ་མ་ལྷོ་རྟིང་སྐྱེས་བླ་མ་སེ་འབྲས་དགེ་གསུམ་རྒྱུད་སྟོད་སྨད་ཀྱི་དགེ་བའི་བཤེས་གཉེན་མང་པོ་དང་སྒྲུབ་སྡེ་གསུམ་གྱི་དགེ་སློང་རྣམས་གཙོ་བོ་བྱས་པའི་ཐར་འདོད་ཉིས་བརྒྱ་མ་ལོངས་ཙམ་ལ་བྱང་ཆུབ་ལམ་གྱི་རིམ་པའི་མྱོང་ཁྲིད་ཟླ་བ་གཅིག་གི་བར་དུ་གནང་ངོ༌། །

                   དེ་ནས་མ་འོངས་པའི་བརྟན་རྒྱུན་ལ་དགོངས་ཏེ་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་བརྗོད་བྱ་ལག་ལེན་དུ་འདེབས་ཚུལ་སྤོང་བ་པའི་ཁྲིམས་སུ་བཅའ་བ། པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་དཔལ་བཟང་པོས་མཛད་པ་དེ་ལ་དམ་པ་ཉིད་ཀྱིས་ཅུང་ཟད་ཁ་བཀང་སྟེ་སྒྲུབ་སྡེ་སོ་སོར་གནང་ནས་སྒྲིག་ལམ་དེ་ག་སོར་གནས་དགོས་ཚུལ་གྱི་བསླབ་སྟོན་རྒྱས་པར་གནང་སྟེ། ར་ཁ་བྲག་ཏུ་དབྱར་ཞལ་བཞེས་མཛད། དགག་བྱེ་ཚར་ནས་ར་ཁ་བྲག་དང་ཕུར་བུ་ལྕོག་ཏུ་བདེ་མཆོག་དྲིལ་བུ་ལྷ་ལྔའི་ཆོ་ག་བཙུགས། ཞག་བདུན་གྱི་རིང་ཚོགས་འཁོར་མཆོད་པ་དགེ་འདུན་རྣམས་ལ་བསྙེན་བཀུར་ལེགས་པར་མཛད་དོ། །དེ་ནས་ཕུར་བུ་ལྕོག་ཏུ་ཕེབས་ཐར་པ་དོན་གཉེར་ཅན་མང་པོ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། སྒྲུབ་སྡེ་སོ་སོར་སྐྱ་སེར་མང་པོས་སེམས་བསྐྱེད་མཆོད་པ་དུ་མ་ཕུལ་བར་བྱང་ཆུབ་སེམས་ཀྱི་གདམས་ངག་དང་སེམས་བསྐྱེད་བསྔོ་སྨོན་ཡང་དག་མཛད། དགེ་སློང་དངོས་གྲུབ་ཀྱིས་ཞུས་ནས་ཉུང་ཤས་ཤིག་ལ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་གནང༌།མནལ་ལམ་དུ་མི་མང་པའི་སྐྱོན་བྱུང་གསུངས། བར་སྐབས་ཤིག་མཁར་རྡོ་མཁན་པོ་བཟོད་པ་རྒྱ་མཚོས་གདན་དྲངས་ནས་སེམས་བསྐྱེད་མཆོད་པ་མཛད། གནས་དེར་དགེ་འདུན་གྱི་སྡེ་ཡུན་རིང་གནས་པའི་ཐུགས་སྨོན་མཛད་དེ་ཉིན་འཁོར་དུ་ཕུར་བུ་ལྕོག་ཏུ་ཕེབས། དེ་ནས་སྒྲུབ་སྡེ་གསུམ་གྱི་དགེ་འདུན་ཐམས་ཅད་ལ། སྤྱིར་ཆོས་ལམ་རིམ་འདི་ལ་ལོང་བས་གླང་མཇུག་ལྟར་བྱེ ད་དགོས། ཁྱ ད་པར་དུ་ཚད་མེད་བཞིའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་དགོས། སྒྲུབ་སྡེ་སོ་སོས་སྒྲིག་ལམ་འདུལ་བའི་བསླབ་བྱ་གཞིར་བཞག་བྱས་ཏེ་ཐེག་པ་ཁུར་བླངས་དགོས་ཚུལ་རྒྱས་པར་གསུངས། ཤིན་ཏུ་ཐུགས་སྐྱོ་བའི་རྣམ་པ་མཛད་ཅིང༌། ཡང་སྒོས་ཁྱད་པར་ཅན་དུ་བྱང་ཆུབ་ཀྱི་སེམས་འདི་ལ་ཐམས་ཅད་ཀྱིས་མ་འབད་ན། བྱང་ཆུབ་ཀྱི་སེམས་ཀྱི་སྐད་ཆ་དེ་ཙམ་ཞིག་བྱས་པ་གོ་རྒྱུ་ཅི་ཡང་མེད་པ་འདི་འདྲ་ང་རང་སོ་ན་སོང༌། སོ་བུད་པ་དང་བཅས་གོ་བརྡ་མ་འཕྲོད་པ་ཡིན་པ་འདྲ་བསམ་པ་ཡོང་གི་འདུག་གསུང་བ་སོགས་ཐེག་ཆེན་བསྟན་པ་ཉམས་པ་ཐུགས་ཀྱིས་མ་བཟོད་ནས་གནད་དུ་བསྣུན་པའི་ཞལ་ཏ་མང་དུ་གནང་བས་དེར་ཚོགས་པ་ཐམས་ཅད་ལ་བོགས་ཆེ་བར་བྱུང་ངོ༌། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།