དྲུང་པ་རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་གྱི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-05 11:21:54     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

222654797547263026.jpg 

                    དེ་ནས་ནུབ་གཅིག་མནལ་ལམ་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཐོག་མའི་བློ་སྦྱོང་གི་ལྗགས་ལུང་ཡོངས་གནང་བ་གསལ་བར་རྨིས་པ་ཞིག་བྱུང༌། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་མཇལ་བ་ན་དྲུང་པས་ཐོག་མའི་བློ་སྦྱོང་གི་ལུང་ཐོབ་བམ་གསུངས། སྔར་མ་ཐོབ་ཞུས་པ་ན་འོ་ན་ད་ལྟ་ལུང་ཞིག་བྱེད་དགོས་ཡོད་པས་ཤོག །རི་ཁྲོད་པ་ལ་འདི་གལ་ཆེ་གྲུབ་ཆེན་གནས་བཅུ་འདི་ཡང་ཐོག་མའི་བློ་སྦྱོང་ཐོས་པའི་རྐྱེན་གྱིས་བློ་ཆོས་ལ་འཁུལ་ཏེ་རྟོགས་པ་མཐོན་པོར་སོང་བ་ཡིན་གསུངས་ནས་དགྱེས་བཞིན་དུ་ལུང་གནང༌། དེ་ནས་དགུང་ལོ་སུམ་ཅུ་སོ་གཉིས་སུ་ཕེབས་པ་ན་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་འདུལ་བའི་བསླབ་བྱ་རྣམས་ཀྱང་རྒྱས་པར་སློབ་པར་མཛད། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ལ་ཐོག་མ་མཇལ་བ་ནས་བཟུང་ཆོས་བཀའ་མཐའ་ཡས་པ་གསན་ཞིང་ཚོགས་ཆེན་དུ་གནང་བའི་གྲས་ལ། སྒྲུབ་ཐབས་བརྒྱ་རྩའི་ནང་གི་ལྷ་རྣམས་ཀྱི་རྗེས་གནང་དང་ལྗགས་ལུང༌། ལྷོ་བྲག་གྲུབ་ཆེན་གྱི་བཀའ་འབུམ། འཇམ་དབྱངས་ཆོས་སྐོར། ཇོ་བོའི་ཆོས་ཆུང་བརྒྱ་རྩ། རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་སྟོད། བསླབ་བཏུས། བྱང་ཆུབ་གཞུང་ལམ། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། མཁས་གྲུབ་རིན་པོ་ཆེས་མཛད་པའི་འཇིགས་བྱེད་ཀྱི་བསྐྱེད་རིམ། སྟོན་པའི་རྣམ་ཐར་ཆེན་མོ། དགའ་ལྡན་ཆོས་འབྱུང༌། གཙུག་ཏོར་གདུགས་དཀར་གྱི་མདོ་སོགས་ཀྱི་ལུང༌། སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་རྗེས་གནང༌། འཇམ་དབྱངས་དཔའ་གཅིག ཨ་ར་པ་ཙ་ན། འཇམ་དབྱངས་དཀར་པོ། འཇམ་དཔལ་ནག་པོ། འཇམ་དབྱངས་སྨྲ་སེང༌། དུས་མཚན་མ། ཀུ་རུ་ལླེ། དབྱངས་ཅན་མ། སྒྲོལ་དཀར་ལྗང༌། རི་ཁྲོད་མ། གཙུག་ཏོར་གདུགས་དཀར། རྣམ་རྒྱལ་མ། སྨེ་བརྩེགས། སེང་གདོང་མ།  ཛམ་སེར་ནག །ཐུབ་པ་རྡོ་རྗེ་གདན་མ། མི་གཡོ་བ་སྔོན་པོ། སྤྱན་རས་གཟིགས་ཕྱག་བཞི་པ། སེང་གེ་སྒྲ། རྟ་མགྲིན་གསང་སྒྲུབ། ལྕགས་རལ་ཅན། སྣ་ཚོགས་ཡུམ་རྣམས་ཀྱི་རྗེས་གནང༌། གསང་འདུས། འཇིགས་བྱེད་བདུད་ལས་རྣམ་རྒྱལ། འཇིགས་བྱེད་བཅུ་གསུམ་མ་རྣམས་ཀྱི་དབང༌། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་ནང་གསང་གསུམ། ཞལ་བཞི་པ། ལྷ་མོ། གུར་མགོན། རྣམ་སྲས། བེག་ཙེ། ཕྱག་རྡོར་འཁོར་ཆེན། གཏུམ་པོ། ཨུ་ཙརྱ། གོས་སྔོན་ཅན་རྣམས་ཀྱི་རྗེ་གནང་གསན། གཟིམ་ཆུང་དུ་སྒེར་དུ་གནང་བ་ལ་གསང་འདུས་མི་བསྐྱོད་པའི་དབང༌། བདེ་མཆོག་ལཱུ་ཧི་པའི་དབང༌། འཇིགས་བྱེད་བཅུ་གསུམ་མའི་དབང༌། མི་འཁྲུགས་པའི་དབང༌། ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་གཅོད་ཀྱི་ཁྲིད་རྣམས་གསན་ཞིང༌། ལྷག་པར་ལམ་རིམ་གྱི་ཁྲིད་དཔལ་དབེན་ས་སྙན་བརྒྱུད་ཀྱི་མན་ངག་སྐྱེས་བུ་ཆུང་ངུ་ཡན་དམ་པ་འདི་གཅིག་བུ་ལ་གཟིམ་ཆུང་དུ་རྒྱས་པར་གནང་ཞིང༌། སྐྱེས་བུ་འབྲིང་ཚུགས་ནས་དྲུང་པ་རྒྱལ་ཚབ་པ་ཡང་དེར་ཕེབས་པ་དང་ཐུག་སྟེ་དྲུང་པ་གཉིས་པོ་ལ་ལམ་ཁྲིད་ཡོངས་རྫོགས་སྙན་བརྒྱུད་ཀྱི་མན་ངག་གེགས་སེལ་བོགས་འདོན་དང་བཅས་པ་ཚང་བར་གནང་ཞིང་དེའི་ཚེ་གང་གནང་བ་ཐམས་ཅད་བདག་ཉིད་ཆེན་པོ་འདིས་ཐུགས་སུ་ཆུད་པར་མཛད་དོ། །

                   དེ་ནས་དྲུང་པ་འདིས་ལམ་རིམ་ཆུང་བ་ཐུགས་འཛིན་མཛད་ནས་ཉིན་རེ་བཞིན་གཟིམ་ཆུང་དུ་ཕེབས་ཏེ་འདིས་པ་གཅིག་པུ་ལ་ལམ་རིམ་ཆུང་བ་འགོ་ནས་མཇུག་རྫོགས་ཀྱི་བར་ཚིག་གཅིག་ཀྱང་མ་ལུས་པ་མཐའ་དག་པར་གཟབ་བཤད་གནང་ཞིང་དཀའ་བའི་གནད་རྣམས་དྲི་གཏུགས་ཀྱི་སྒོ་ནས་མཐའ་ཆོད་པར་མཛད་དོ། །དེ་ལྟར་ན་དམ་པ་འདི་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ནང་ཐུགས་ཀྱི་སྲས་ཤིན་ཏུ་གཅེས་པར་མཛད་པ་ཞིག་གོ །དྲུང་པ་འདིས་ཉིན་གཅིག་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་མཇལ་བར་བྱོན་ཏེ་སྐུ་མདུན་དུ་གཅིག་པུ་ཡུན་རིང་བཞུགས་རྒྱུ་བྱུང་བ་ན་བདག་ལ་ཇོ་བོ་རྗེ་དང་བཀའ་གདམས་ལྷ་བཞི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིག་གནང་དགོས་ཞེས་གསོལ་བ་བཏབ་པ་ན་དགྱེས་བཞིན་དུ་ད་ལྟ་རང་བྱས་པས་ཆོག་གསུངས་ནས་ཇོ་བོ་རྗེ་བཀའ་གདམས་ལྷ་བཞི་དང་བཅས་པའི་བླ་མའི་རྣལ་འབྱོར་ཞིག་ཐུགས་ཐོག་ནས་གནང་བ་དྲུང་པ་འདི་པས་གང་གསུང་ཐམས་ཅད་འཛིན་ཐུབ་པ་བྱུང༌། དེ་ནས་བཟུང་སྟེ་སྐུ་ཚེ་ཧྲིལ་པོར་ཉིན་རེ་བཞིན་ཇོ་བོ་རྗེ་ལ་གསོལ་བ་འདེབས་པ་དང་བཀའ་གདམས་ལྷ་བཞིའི་སྙིང་པོ་རྣམས་བརྒྱ་རྩ་རེ་འཆག་མེད་བཟླ་བར་མཛད། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་འདི་པ་ལ་ད་རི་ཁྲོད་ལ་སོངས་ལ་སྒྲུབ་པ་གྱིས་བཀའ་སྩལ། དྲུང་པ་འདི་པས་བདག་གིས་ཐོས་པ་མཐར་མ་ཕྱིན་པས་སྒྲུབ་པ་ཚད་ལྡན་ཞིག་འོང་ངམ་ཞེས་ཞུས་པ་ན། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་སྔོན་ཐོས་པ་བྱས། དེ་ནས་རི་ཁྲོད་དུ་ཐུགས་དམ་བྱེད་ཟེར་བ་མང་པོ་ཡོང་གི་འདུག་ཀྱང་དེ་ཐོག་ཏུ་འགྲོ་བ་དང་མཐར་ཐོན་པ་མི་ཡོང་བ་འདུག །རི་ཁྲོད་དུ་ཕྱིན་ནས་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་དུ་བྱེད་དགོས་པ་ཡིན། དགེ་བའི་བཤེས་གཉེན་པོ་ཏོ་བ་དེ་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གཟིགས་པ་ཡིན་ཡང་ད་ལྟའི་ཆོས་གྲྭའི་འཆད་ཉན་ལྟ་བུ་མིན། རེ་ཞིག་རི་ཁྲོད་དུ་དྲུང་པ་རྒྱལ་ཚབ་ལ་བརྟེ ན་ལ་དོགས་དཔྱོད་ཞུ་ཡིན་བྱེད། མཉམ་དུ་མ་སྡོད། ཚེ་བློས་བཏང་གི་རི་ཁྲོད་མཐར་ཕྱིན་པ་ཞིག་བྱེད་དགོས་གསུངས། དེ་ནས་འདི་པས་བཀའ་བཞིན་ཞུ་ཞེས་ཞུས་ཏེ་རི་ཁྲོད་དུ་འབྱོན་པར་ཐག་བཅད། ཐོན་ཁར་ཕྱག་དབང་ལ་བྱོན་པ་ན་ཐུགས་དགྱེས་བཞིན་དུ་བྱང་དར་དམར་པོ་ལ་མདུད་པ་མང་པོ་གནང་བ་ཞིག་དང༌། དབུ་ལོ་བུབས་ཕྱེད་གནང་སྟེ་འདི་གཉིས་ལུས་ལ་ཐོགས་སླར་ཆོས་གང་འདུག་ཀྱང་སྙན་གསན་བྱེད་མི་དགོས་ཡོང་ཆོག་ཅེས་བཀའ་ཕེབས། དེ་ནས་དྲུང་པ་འདི་པས་བླ་མའི་བཀའ་བཞིན་དུ་མཐོ་མཐོ་རླུང་ལ་བསྐུར། དམའ་དམའ་ཆུ་ལ་བསྐྱུར་ཟེར་བ་ལྟར་གང་ལའང་ཆགས་ཞེན་མེད་པར་ཆོས་གོས་གསུམ་དང་ལྷུང་བཟེད་གདིང་བ་ཆུ་ཚགས། ཉེར་མཁོའི་གླེགས་བམ་པོད་གཅིག་འབྲལ་སྤང་གི་སྐུ། ཉིན་གཉིས་ཀྱི་རྒྱགས་ཕྱེ་མ་གཏོགས་གཞན་གང་ཡང་མེད་པར་སྦ་དཀར་བསྣམས་ཏེ་རྟ་ནག་ཕྱོགས་ཀྱི་རི་ཁྲོད་ལ་ཕེབས་སོ། །དེ་ནས་རྟ་ནག་ཕུའི་རི་ཁྲོད་དབེན་པ་ཞིག་ཏུ་འཚོ་བ་དཀར་ཐུབ་ལ་བརྟེན་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད་ཅིང་བཞུགས་སོ། །དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་རྟ་ནག་ཕྱོགས་སུ་ཕེབས་པ་ན་འདི་པས་སྐུ་མདུན་དུ་མཇལ་བར་བྱོན་པའི་ཚེ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་དགྱེས་བཞིན་དུ་ཞལ་ཏ་མང་དུ་གནང་ཞིང༌། ལྷག་པར་ལན་ཅིག་འདི་པ་གཅིག་པུ་ལ་བླ་མ་མཆོད་པའི་ཁྲིད། འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ལྟ་བ་སྐྱོང་ཚུལ་དང་བཅས་པ་ཆེས་ཞིབ་པ་ཞིག་གནང༌། དེ་ནས་སྔར་ལྟར་རི་ཁྲོད་དབེན་པ་དེ་རང་དུ་སྒྲུབ་པ་ལ་བཞུགས་ཏེ་རྩམ་པ་རླུང་འཛིན་ཙམ་རེ་ལས་མེད་ཀྱང་ཐུགས་རིག་ཤིན་ཏུ་དྭངས་ཤིང་དགེ་སྦྱོར་འཕེལ་བ་བྱུང༌། སྐབས་འགར་རྩམ་པ་རླུང་འཛིན་ཙམ་ཡང་མེད་པར་རྡེའུའི་བཅུད་ལེན་བརྟེན་ཏེ་དཀའ་ཐུབ་དྲག་པོའི་སྒོ་ནས་སྒྲུབ་པ་སྙིང་པོར་མཛད།

                   སྐབས་ཤིག་རྩམ་པ་འབུལ་མི་ཕྲན་བུ་ཞིག་བྱུང་སྟེ་རྩམ་པ་རླུང་འཛིན་ཙམ་རེ་གསོལ་ཞིང་ཡོད་པ་ལ་གཙང་སོག་འཁྲུགས་པའི་དམག་ཟིང་གིས་གཞིས་ཀ་རྩེའི་ཆུ་ལྷོ་བྱང་ཐམས་ཅད་དུ་སྐྱེ་འགྲོ་རྣམས་སྡུག་བསྔལ་གྱིས་ཉམ་ཐག་ཅིང་མུ་གེ་ཤིན་ཏུ་ཆེ་བ་ཞིག་བྱུང་བས། ནུབ་གཅིག་ཇག་རྐུན་པ་མི་བཞི་འདི་པའི་སྒྲུབ་ཕུག་ཏུ་སླེབ། ཐོག་མར་འདི་པ་ཟིན་ནས་སྙིང་གར་གྲི་བཙུགས་ཏེ་བསྡིགས་མོ་བྱས། དེ་ལ་འདི་པས་ཁོང་ཁྲོ་གང་ཡང་མ་མཛད་པར་ཁོང་རང་ཚོ་གང་བྱེད་དུ་བཞག་པ་ན་ཇག་རྐུན་པ་དེ་རྣམས་ཀྱི་ནང་ནས་གཅིག་གིས་འདི་པ་མནན། གཞན་རྣམས་ཀྱིས་མེ་སྦར་ཏེ་ཆས་དངོས་གཡེང་བ་ན་འདི་པ་ལ་ཆས་དངོས་གང་ཡང་མེད་པས་ཇག་པ་དེ་རྣམས་ཀྱིས་དགེ་སློང་གི་རྩམ་པ་ག་ན་ཡོད་ཟེར། དེ་ལ་དམ་པ་འདི་པས་རྩམ་པ་ཉུང་ཟད་ཅིག་ཡོད་པ་ཤིང་དེའི་གསེབ་ན་ཡོད་གསུངས། ཁོང་ཚོས་ཡིད་མ་ཆེས་པར་འདི་པ་འཁྱིག་རྩིས་བྱས་པ་ལ་འཁྱིག་པའི་ཐག་པ་མ་རྙེད་པ་ན་འདི་པས་ཕྱིའི་ཡོལ་བ་དེ་ལ་ཐག་པ་ཡོད་གསུངས་པས་རྐུན་མ་ཚོས་ཕྱེའི་ཡོལ་བ་དེ་ཤེད་ཀྱིས་འཐེན་པ་ན་ཐག་པ་གར་སོང་མ་བྱུང་བར་ཡོལ་བ་ས་ལ་བབས། དེ་ནས་དམ་པ་འདི་པས་ཁྱེད་རང་ཚོས་ཅིས་ཀྱང་འཁྱིག་འདོད་ན་སྔས་ཀྱི་འོག་ན་སྐེ་རགས་ཡོད་གསུངས་པས་རྐུན་མ་ཚོས་སྐེ་རགས་བླངས་ཏེ་འཁྱིག་རྩིས་བྱས་པ་ན་དམ་པ་འདིས་ཁྱེད་ཚོ་རང་ཡིད་མི་ཆེས་པ་བྱེད་མི་དགོས། ངས་གང་ཡང་བྱས་མི་ཡོང་གསུངས་པ་ན་རྐུན་མ་ཚོས་ང་ཚོ་ཡིད་མི་ཆེས་པ་འདུག་པས་ཅུང་ཟད་ཅིག་འཁྱིག་དགོས་ཟེར་ནས་དམ་པ་འདི་པ་གཅེར་བུར་བཏོན་ནས་ཕྱག་གཉིས་བཀྱིགས་ཏེ་བཞག སྒྲུབ་ཁང་དེ་ན་ཡོད་པའི་ཤིང་གི་ཚལ་བུ་ཡན་ཆད་ཁྱེར་བའི་གྲབས་བྱས། དེ་ནས་དམ་པ་འདི་པས་ད་ཁྱེད་རང་རྣམས་ཐུག་པ་སྐོལ་ལ་ཐུངས་གསུངས་པས་ཐུག་པ་སྐོལ་ལོང་མི་འདུག་ཟེར། དེ་ནས་དམ་པ་འདི་པས་ངའི་འབྲལ་སྤང་གི་སྐུ་འདྲ་དེ་དང་ཆོས་གོས་དེ་ཞོག ཁྱེད་ཚོ་ལ་ཕན་གང་ཡང་མི་ཐོགས། གཞན་མ་གང་ཡོད་ཁྱེར་གསུངས་པས་རྐུན་མ་དེ་ཚོས་དགེ་སློང་གིས་ཆོས་གོས་དང་སྐུ་འདྲ་བཞག་ཡོད་དོ། །གླེགས་བམ་འདིའི་ནང་ངེད་ཚོ་ལ་ངན་སྔགས་བྱེད་རྒྱུ་འདྲ་ཡོད་ཤས་ཆེ་བས་ཁྱེར་རྒྱུ་ཡིན། ངེད་ཚོས་མི་ཟས་མ་མྱོང་བ་ཟླ་བ་གཉིས་སོང༌། སྲོག་བློས་མ་ཐོངས་པར་འདི་འདྲ་བྱེད་དགོས་བྱུང༌། དགེ་སློང་གིས་ངེད་ཚོ་ལ་ངན་སྔགས་མ་བྱེད་ཅིག་ཟེར་ནས་སོང༌། དེ་ནས་དམ་པ་འདི་པས་སྤྱིར་འཁོར་བའི་ཆོས་ཉིད་དང༌། ལྷག་པར་སྐྱེ་བོ་ཉམ་ཐག་དེ་ཚོ་གཟིགས་པས་ཁོང་ཁྲོ་མི་སྐྱེ་བར་མ་ཟད་ཐུགས་སྐྱོ་ལ་ཉམས་དགའ་བ་ཞིག་བྱུང་ནས་ཇག་རྐུན་དེ་ཚོ་ལ་དམིགས་ནས་སྤྱོད་འཇུག་སྨོན་ལམ་ཞིག་འདོན་པར་མཛད། 

 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།