མདོ་སྨད་ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་(ཚིགས་བཅད་མ)བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 09:24:47     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

 

IMG_3303.JPG

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྡེ་བ་ཞབས་དྲུང་ཆོས་ཀྱི་རྗེ། །བདག་ལ་ཐུགས་རྗེས་ཉེ་བར་དགོངས། །བླ་མ་བསོད་ནམས་རྒྱ་མཚོ་ནི། །ས་ཕོ་སྟག་ལོར་ཨ་མདོར་བྱོན། །དེ་ནས་ད་ལོའི་ཆུ་འབྲུག་ལ། །རྒྱལ་དབང་བློ་བཟང་རྒྱ་མཚོའི་དཔལ། །བྱོན་པ་ཡན་ལ་ལོ་གྲངས་ནི། །བདུན་ཅུ་དོན་ལྔ་ངེས་པར་སོང་། །སྤྲུལ་སྐུ་བསོད་ནམས་རྒྱ་མཚོའི་དུས། །གཟིམ་ཁང་གོང་གི་སྤྲུལ་བའི་སྐུ། །བསོད་ནམས་ཡེ་ཤེས་དབང་བོ་དང་། །སྟོང་སྐོར་ཡོན་ཏན་རྒྱ་མཚོ་དང་། །མདུང་རྩེ་ཀུན་དགའ་དཔལ་བཟང་སོགས། །སངས་རྒྱས་བྱང་སེམས་དུ་མ་ཡིས། །མདོ་སྨད་ཕྱོགས་འདིར་ཡོངས་སུ་གང་། །དེ་ནས་རིང་བོར་མ་ལོན་པར། །ཆབ་མདོའི་རྗེའི་དྲུང་སྤྲུལ་བའི་སྐུ། །དགེ་འདུན་བསྟན་པ་རྒྱ་མཚོ་དང་། །རྒྱལ་སྲས་དོན་ཡོད་ཆོས་རྒྱ་མཚོ། །བྱོན་ནས་བསྟན་འགྲོའི་དོན་ཆེན་མཛད། །ཁྱད་པར་ཆུ་མོ་ཡོས་ལོ་ལ། །སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་ཕེབས། །དེ་ནས་ལོ་གྲངས་ལྔ་བཅུ་སོང་། །རྒྱལ་སྲས་དོན་ཡོད་ཆོས་རྒྱ་མཚོས། །ཤིང་ཕོ་འབྲུག་ལོར་དགོན་ལུང་བཏབ། །དེ་ནས་ལོ་གྲངས་ཞེ་དགུ་ལོན། །ཆོས་རྗེ་འོད་ཟེར་རྒྱ་མཚོ་ཡིས། །ཆུ་བྱིའི་ལོ་ལ་སྐུ་འབུམ་དུ། །གྲྭ་ཚང་བཙུགས་ནས་བསྟན་པ་སྤེལ། །དེ་ནས་ལོ་གྲངས་ཞེ་གཅིག་སོང་། །ཆོས་རྗེ་ཤེས་རབ་མཆོག་ལྡན་གྱིས། །ས་མོ་ལུག་ལ་གྲོ་ཚང་དུ། །གྲྭ་ཚང་བཙུགས་ཤིང་དགོན་ཡང་བཏབ། །ས་མོ་ལུག་ལོ་དེ་ཉིད་ལ། །ཆོས་རྗེ་དགེ་འདུན་རིན་ཆེན་པས། །ཐང་རིང་དགོན་བཏབ་གྲྭ་ཚང་བཙུགས། །དེ་ནས་ལོ་གྲངས་སོ་བཞི་སོང་། །ཆོས་རྗེ་བསྟན་པ་རིན་ཆེན་པས། །ཆུ་མོ་ཕག་ལོ་བྱ་ཁྱུང་དུ། །མཚན་ཉིད་གྲྭ་ཚང་ལེགས་པར་བཙུགས། །དེ་ནས་ལོ་གྲངས་སུམ་ཅུ་སོང་། །ཆོས་རྗེ་ཀུན་དགའ་ལེགས་པ་ཡིས། །མེ་ཕོ་སྟག་ལོར་རྡོ་བིས་སུ། །གྲྭ་ཚང་བཙུགས་ཤིང་བསྟན་པ་སྤེལ། །དེ་ནས་ལོ་གྲངས་ཉེར་བདུན་སོང་། །སྐལ་ལྡན་རྒྱ་མཚོས་ལྕགས་རྟ་ལ། །རོང་བོའི་ཆོས་སྡེར་གྲྭ་ཚང་བཙུགས། །དེ་ནས་ལོ་གྲངས་ཉེར་གསུམ་སོང་། །མེ་ཕོ་ཁྱི་ལོར་རྨ་མགུར་དུ། །སྤྲུལ་སྐུ་བློ་གྲོས་རྒྱ་མཚོ་དང་། །ཆོས་རྗེ་འོད་ཟེར་བཀྲ་ཤིས་གཉིས། །ཐུགས་མཐུན་བཤད་པའི་གྲྭ་ཡང་བཙུགས། །དེ་ནས་ལོ་གྲངས་བདུན་ཙམ་སོང་། །ཆོས་རྗེ་ཀུན་དགའ་རྣམ་རྒྱལ་གྱིས། །སྟག་ལུང་དགོན་དུ་གྲྭ་ཚང་བཙུགས། །ལོ་གྲངས་ལྔ་བཅུ་ལྷག་ཙམ་སོང་། །སེམས་ཉིད་ཐེའི་དུང་ཁ་ཏི་ཁ། །བལ་ཅུའི་དགོན་དང་སེ་ར་ལུང་། །ད་ལྟ་མཚན་ཉིད་བཤད་པའི་གྲྭ། །ལེགས་པ་གནས་པ་མང་དུ་ཡོད། །སྔོན་ཚེ་ཅོ་ནེའི་གཡེར་བ་དང་། །མེན་ཇོའུ་ཆོས་སྡེ་ཆོས་རྫོང་དང་། །མཛོ་མོ་མཁར་དང་བིས་མདོ་དང་། །ཧ་ད་བྱ་མདོའི་དགོན་སོགས་སུ། །མདོ་སྔགས་བཤད་གྲྭ་ཡུན་རིང་དར། །ལྕགས་མོ་ཡོས་ལོ་སྐུ་འབུམ་དུ། །མཁས་པ་ལེགས་པར་རྒྱ་མཚོ་ཡིས། །སྔགས་ཀྱི་བཤད་གྲྭ་འཛུགས་པར་མཛད། །དགོན་ལུང་ཆོས་རྗེ་ཟུར་བཞུགས་པ། །མཁས་པ་དོན་གྲུབ་རྒྱ་མཚོ་ཡིས། །བྱ་ཁོག་གསེར་ཁོག་ཞེས་བྱ་བར། །གྲྭ་ཚང་གསར་དུ་འཛུགས་པར་ཐོས། །དགོན་ལུང་རི་ཁྲོད་དགོན་པ་དང་། །ཐང་རིང་དང་ནི་སླས་སྔོ་དིང་། །བྱ་ཁྱུང་བྲག་ལ་སོགས་པ་ཡི། །ཐག་ཉེའི་རི་ཁྲོད་དགོན་རྣམས་སུ། །སྡོམ་བརྩོན་མང་པོས་སྒྲུབ་ལ་གཞོལ། །སྐྱེས་རིའི་གསེར་ཁང་དབེན་གནས་དང་། །འུར་དགུའི་ཤ་རྫོང་དགོན་པ་དང་། །དན་ཏིག་ཡང་ཏིག་འབུམ་གླིང་དང་། །བཀྲ་ཤིས་འཁྱིལ་ལ་སོགས་པ་ཡི། །སྒྲུབ་བརྒྱུད་དགོན་ཡང་ཤིན་ཏུ་མང་། །ད་ལྟར་ཨ་མདོའི་ས་ཕྱོགས་འདིར། །སྒྲུབ་པ་མཛད་མཁན་མང་ན་ཡང་། །ཀུན་གྱི་ནང་ན་ཉི་ཟླ་བཞིན། །འགྲན་ཟླ་མེད་པ་ཆོས་ཀྱི་རྗེ། །བློ་བཟང་བསྟན་པའི་རྒྱལ་མཚན་དང་། །དགོན་ལུང་ཆོས་རྗེ་ཀུན་སྤངས་པ། །འདན་མ་ཚུལ་ཁྲིམས་རྒྱ་མཚོའོ། །རྡོ་རྗེ་འཆང་དབང་དགེ་སློང་ཚུལ། །སྐྱིད་ཤོད་སྡེ་བ་ཆོས་ཀྱི་རྗེ། །བསྟན་འཛིན་བློ་བཟང་རྒྱ་མཚོ་བ། །ས་ཕོ་རྟ་ལོར་ཁམས་སུ་ཕེབས། །དེ་ནས་ལོ་གྲངས་སོ་ལྔ་སོང་། །སྟོང་སྐོར་འཇམ་དབྱངས་རྒྱ་མཚོ་དང་། །སྤྲུལ་སྐུ་རྒྱལ་བ་རྒྱ་མཚོ་དང་། །དེ་སྤྲུལ་མདོ་རྒྱུད་རྒྱ་མཚོ་སོགས། །སྟོང་སྐོར་སྤྲུལ་བའི་སྐུ་རྣམས་དང་། །རྒྱལ་བའི་སྲས་པོ་སེམས་དཔའ་ཆེ། །ངག་དབང་ཕྱོགས་ལས་རྣམ་རྒྱལ་དང་། །བྱམས་པ་རྒྱ་མཚོའི་སྤྲུལ་བའི་སྐུ། །དགེ་འདུན་དཔལ་བཟང་རྒྱ་མཚོ་དང་། །རྒྱལ་ཁང་རྩེ་བའི་སྤྲུལ་སྐུ་དང་། །འཇམ་དབྱངས་ཆོས་རྗེའི་སྐུ་སྐྱེ་དང་། །དབེན་ས་སྤྲུལ་པའི་སྐུ་མཆོག་དང་། །སྤྱན་རས་གཟིགས་དང་དབྱེར་མེད་པ། །ཆོས་རྗེ་དེ་མོ་སྤྲུལ་བའི་སྐུ། །ལྷ་དབང་བསྟན་པའི་རྒྱལ་མཚན་དང་། །སངས་རྒྱས་བྱང་སེམས་དཔག་མེད་ཀྱིས། །སྔ་ཕྱིར་ཨ་མདོར་བསྟན་པ་བསྐྱངས། །བདེ་མཆོག་ཕོ་བྲང་གཉའ་གོང་བྲག །བྱམས་མགོན་བཞུགས་གནས་འབུམ་གླིང་དང་། །བྱ་ཁྱུང་སྐུ་འབུམ་སྤྲུལ་བའི་སྡེ། །དན་ཏིག་ཡང་ཏིག་ལ་སོགས་པ། །ངོ་མཚར་ཅན་གྱི་གནས་ཀྱང་མང་། །སྔོན་ཚེ་སྟོན་པ་སངས་རྒྱས་ཀྱིས། །བསྟན་པ་བྱང་ནས་བྱང་དུ་རྒྱས། ། གསུངས་པའི་ལུང་བསྟན་དུས་ལ་བབ། །དེས་ན་ཕྱོགས་འདིར་མངོན་པ་དང་། །མི་མངོན་སྦས་པའི་རྣལ་འབྱོར་བ། །དཔག་ཏུ་མེད་པ་བཞུགས་པར་ངེས། །དེ་ཕྱིར་སྐྱེས་བུ་གང་ཡིན་ལ། །སྐུར་བ་མ་འདེབས་དག་སྣང་སྦྱོང་། །ད་ལྟར་ཐུབ་བསྟན་ཉི་མ་ཤར། །སངས་རྒྱས་བྱང་སེམས་དཔག་མེད་བཞུགས། །འདི་འདྲ་སྐལ་བ་བཟང་སྙམ་དུ། །ཡང་ཡང་སོམས་ལ་དགའ་བ་སྒོམ། །བསྟན་འཛིན་སྐྱེས་བུ་མཐའ་དག་ལ། །དག་སྣང་ཕྱོགས་མེད་སྐྱེ་གྱུར་ཅིག །

ཅེས་པ་འདི་ཡང་༧ སྐལ་ལྡན་རྒྱ་མཚོས་ཞིབ་ཏུ་རྩད་བཅད་ནས་གཟུ་བོར་གནས་པའི་བློས་བྲིས་པའོ། ། ། །

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn     


བརྒྱུད་འགོད།