ཞབས་དྲུང་ལྷ་པ་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 07:46:50     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 900932782721890016.jpg

                    བློ་བཟང་ཐུགས་རྗེའི་ཡེ་ཤེས་འོད་སྟོང་གིས། །གང་གི་བློ་གྲོས་པདྨོ་ཁ་ཕྱེ་ནས། །སྐལ་ལྡན་འཕྲིན་ལས་སྦྲང་རྩིའི་དགའ་སྟོན་ཅན། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ། ཞབས་དྲུང་ལྷ་པ་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ནི། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་སྲས་ཞབས་དྲུང་ལྷ་པ་བློ་བཟང་བསྟན་པ་དར་རྒྱས་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཞིང་གཤེགས་གོང་དང༌། གཤེགས་ནས་སྤུར་སྦྱོང་བའི་སྐབས་ཀྱི་རྟགས་དང་མཚན་མ་དང༌། ལྷ་དང་བླ་མ་མང་པོས་ལུང་བསྟན་པ་ལྟར་སྤྲུལ་པའི་སྐུ་འདི་ཉིད་དབུས་ཕྱོགས་སུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་སྔོན་གྱི་བག་ཆགས་བཟང་པོའི་མཐུ་བརྟས་པས་སྲིད་པའི་ཕུན་ཚོགས་གང་ལའང་མ་ཆགས་པར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་རབ་ཏུ་བྱུང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་སྲས་མང་པོའི་ཞབས་ལ་གཏུགས་ཤིང༌། ལྷག་པར་དྲུང་པ་ཡབ་སྲས་ལ་མདོ་སྔགས་ཀྱི་གདམས་ངག་མཐའ་ཡས་པ་གསན་ཞིང༌། ལུང་དང་རྟོགས་པའི་མངའ་བདག་རིན་ཆེན་དོན་གྲུབ་ལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་གྲུབ་ཆེན་ནམ་མཁའ་རྡོ་རྗེ་ལ་བརྒྱུད་པའི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ཞལ་ཤེས་ཆ་ལག་དང་བཅས་པ་རྒྱས་པར་གསན་ཏེ་ཉམས་སུ་བཞེས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། གྲུབ་ཆེན་ནམ་མཁའ་རྡོ་རྗེ་ནས་བརྒྱུད་པའི་མན་ངག་བླ་མ་རིན་ཆེན་དོན་གྲུབ་ཀྱིས་ཟིན་བྲིས་མཛད་པའི་ལམ་རིམ་གྱི་ཁྲིད་ཡིག་ཁྱད་པར་ཅན་ཞིག་ཀྱང་ཡོད་དོ། །ཞབས་དྲུང་རིན་པོ་ཆེ་འདི་སྔོན་སྦྱངས་ཀྱི་བག་ཆགས་སད་པས་ངེས་འབྱུང་སྐྱོ་ཤས་ཆེ་ཞིང་སྡོམ་པ་གསུམ་གྱི་བཅས་མཚམས་རྣམ་པར་དག་པ་དང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་ལ་མངའ་བས་སྐལ་བ་དང་ལྡན་པ་མཐའ་ཡས་པ་ཐར་པ་དང༌། ཐམས་ཅད་མཁྱེན་པའི་ས་བོན་འདེབས་ནུས་པ་ཞིག་བྱུང་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱིས་ཀྱང་སྤྱན་མཐོང་ཤིན་ཏུ་ཆེ་བར་མཛད་དེ་ཞབས་དྲུང་རིན་པོ་ཆེ་འདི་ལ་ལམ་རིམ་གྱི་ཁྲིད་དང༌། བླ་མ་མཆོད་པའི་ཁྲིད་དང༌། སྙིང་པོ་དོན་གསུམ་གྱི་ཁྲིད་དང་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་རྣམས་དགྱེས་བཞིན་དུ་གནང་ཞིང་སྣར་ཐང་བྱང་ཆེན་གྱི་བླ་མར་བསྐོ་བར་མཛད་དེ་འདི་པ་བྱང་ཆེན་དུ་བཞུགས་སྐབས་སྐྱ་སེར་མང་པོ་ལ་ཕན་ཆེ་བར་གཟིགས་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་གཟིམ་ཆུང་ཡིད་དགའ་ཆོས་འཛིན་དུ་ཞབས་དྲུང་དུ་རིན་པོ་ཆེ་འདི་གཅིག་པུ་ལ་སྨྱུང་གནས་ཀྱི་སྡོམ་པ་ཡང་སྩལ། ཞབས་དྲུང་རིན་པོ་ཆེ་འདི་པས་ཀྱང་པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་བཞིན་བསྒྲུབས་ཏེ་ལོ་རེ་བཞིན་སྣར་ཐང་བྱང་ཆེན་དུ་སྐྱ་སེར་བརྒྱ་ཕྲག་མང་པོ་ལ་སྨྱུང་གནས་ཀྱི་སྡོམ་པ་གནང་ཞིང༌། གཞན་ཡང་དགེ་བའི་བཤེས་གཉེན་དོན་གཉེར་ཅན་རྣམས་ལ་ཆོ་འཕྲུལ་གྱི་དུས་དང་ཆོས་འཁོར་བསྐོར་བའི་དུས་ལ་སོགས་པ་དུས་ཁྱད་པར་ཅན་རྣམས་ལ་སྨྱུང་གནས་ཀྱི་སྡོམ་པ་གནང་སྟེ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཆེས་ཆེར་དར་བར་མཛད། ལྷག་པར་མདོ་སྔགས་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་རྒྱལ་བ་ཐམས་ཅད་གང་ནས་བྱོན་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡང་ཡང་སྩལ་ཏེ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད།

                   ལམ་གྱི་རིམ་པ་ལ་བློ་སྦྱངས་ཏེ་ཐབས་བརྟན་པར་གྱུར་པ་རྣམས་ལ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྙིང་པོའི་དོན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ངེས་དོན་གྱི་མདོ་སྡེའི་དོན་ལེགས་པར་བཀྲལ་བ་རྟེན་འབྱུང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དྲི་མ་མེད་པའི་རིགས་ལམ་ནས་དྲངས་ཏེ་མཐའ་དག་པར་འདོམས་པ་ལ་ཟླ་དང་བྲལ་བ་ཞིག་སྟེ། བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱིས་གཙོས་སྡེ་སྣོད་འཛིན་པ་མང་པོ་ཞིག་གིས་ཞབས་དྲུང་རིན་པོ་ཆེ་འདི་པ་ལ་ལམ་རིམ་གྱི་ཁྲིད་ཞུས་པའི་ཚེ་བཤེས་གཉེན་བསྟེན་ཚུལ་ནས་ལྷག་མཐོང་གི་བར་དམིགས་སྐོར་རེ་རེ་ནས་མྱོང་ཁྲིད་དུ་བྱས་ཏེ་ཟླ་སྦྲེལ་གྱི་བར་རྒྱས་པར་གནང་ཞིང༌། ལྷག་པར་ཟབ་མོ་དབུ་མའི་ལྟ་བ་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བ་རིགས་པའི་རྣམ་གྲངས་མཐའ་ཡས་པས་གཏན་ལ་ཕབ་ནས་འདོམས་པར་མཛད་ཅིང༌། སྒོམ་ཚུལ་གྱི་མན་ངག་སྙིང་པོའི་དོན་མགོན་པོ་འཇམ་པའི་དབྱངས་ཀྱིས་རྗེ་བདག་ཉིད་ཆེན་པོ་ལ་ཇི་ལྟར་སྩལ་བའི་སྙན་བརྒྱུད་ཀྱི་མན་ངག་ལྟར་འཁྲིད་པར་མཛད། ལམ་རིམ་ཁྲིད་གྲུབ་ནས་སྤྱིར་ལམ་གྱི་ལུས་ཡོངས་སུ་རྫོགས་པ་དང་ཁྱད་པར་དབུ་མའི་ལྟ་བ་མཐར་ཐུག་པ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་ཁུངས་དང་སྦྱར་བ་བརྒྱད་སྟོང་པའི་གཟབ་བཤད་མཛད་པས་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པ་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ། །བདག་ཉིད་ཆེན་པོ་འདིའི་སྐུ་ཚེ་རིལ་པོའི་མཛད་པ་རྣམ་ཐར་ཞིབ་ཏུ་སྟོན་པའི་ཡི་གེ་མ་མཐོང་བས་སླར་རྙེད་ན་འདིར་བསྟན་པར་བྱའོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་ཞབས་དྲུང་རིན་པོ་ཆེ་སྤྲུལ་པའི་སྐུ་བློ་བཟང་འཕྲིན་ལས་ལ་གསོལ་བ་འདེབས་ཤིང༌། བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ལ་སྒྲུབ་པ་སྙིང་པོར་བྱས་ཏེ་དལ་བ་དོན་ལྡན་དུ་བྱའོ།། །།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།