པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་ལྔ་བ།
དེ་ནས་གཙང་དུ་ཕེབས་བཀྲ་ཤིས་ལྷུན་པོའི་དབྱར་ཆོས་ཀྱི་ཐོག་དབུ་མའི་གཞུང་ལ་སྦྱོང་བར་བཞེད་དེ་ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱིས་མཛད་པའི་དབུ་མའི་སྤྱི་དོན་དང༌། སེ་ར་རྗེ་བཙུན་པས་མཛད་པའི་དབུ་མའི་སྤྱི་དོན་ཆེན་མོ་དང༌། དབུ་མའི་ས་ལམ་རྣམ་གཞག་ཡོངས་རྫོགས་ཐུགས་ལ་བཟུང་སྟེ་ཉིན་ལྟར་སྔ་དྲོའི་ཆ་ལ་བླ་བྲང་ཉིད་དུ་མཚན་ཉིད་ཞབས་ཕྱི་རྣམས་དང་བགྲོ་གླེང་མཛད། དགོང་མོ་བསྐལ་བཟང་ཁྱམས་ར་ཆེན་མོར་འདུས་ཚོགས་ཀྱི་རིགས་ལུང་དང་བསྟུན་ནས་ཟུར་བཞི་བླ་མ་རྣམས་དང་བཅས་རིགས་ལུང་འཆག་མེད་མཛད། ཕུན་ཚོགས་རྒྱ་མཚོས་མཛད་པའི་དབུ་མའི་མཐའ་དཔྱོད་དང༌། སྒོམ་སྡེས་མཛད་པའི་དབུ་མའི་ཊཱིཀྐ་གཉིས་ཀྱང་ཐུགས་ལ་བཟུང༌། གཞན་ཡང་འཇམ་དབྱངས་དགའ་བློས་མཛད་པའི་དབུ་མའི་མཐའ་དཔྱོད་དང༌། རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་ལྟ་ཁྲིད་ཆེན་མོ་དང༌། ཆོས་རྗེ་བདེ་ལེགས་ཉི་མས་མཛད་པའི་དབུ་མའི་སྤྱི་དོན་རྣམས་ཀྱང་ཐུགས་ལ་བཟུང་ཞིང༌། འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ཡང་ཕལ་ཆེར་ཐུགས་ལ་བཟུང་སྟེ་ཟབ་མོ་དབུ་མའི་ལྟ་བ་གཏན་ལ་འབེབས་པ་ལ་སློབ་དཔོན་ཟླ་བ་གྲགས་པ་སླར་ཡང་འཇིག་རྟེན་འདིར་བྱོན་པ་ལྟར་ལུང་དང་རིགས་པའི་དབང་ཕྱུག་ཆེན་པོར་གྱུར་ཏོ། །དེ་ནས་རྡེ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་སྤྱན་དྲངས་ཏེ་རིན་པོ་ཆེའི་མཎྜལ་སོགས་མཆོད་སྤྲིན་མཐའ་ཡས་པས་མཆོད་ནས་འཇམ་མགོན་བླ་མའི་བསྟན་པའི་སྙིང་པོ་གྲུབ་ཆེན་དབེན་ས་པ་ཡབ་སྲས་ཀྱི་སྙན་བརྒྱུད་ཀྱི་མན་ངག་ཞལ་ཤེས་དང་བཅས་གསན་ཞིང་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་དབང་གི་སྟ་གོན་དང༌། དངོས་གཞི་བཅས་གསན།
དེ་ནས་རིམ་གྱིས་བདེ་མཆོག་ལཱུ་དྲིལ་གཉིས། ཚེ་དཔག་མེད་ལྷ་དགུ་སོགས་ཀྱི་དབང་སོ་སོར་སྟ་གོན་དང་བཅས་པ། ནམ་མཁའ་སྒོ་འབྱེད་ཀྱི་དབང༌། བདེ་མཆོག་ལཱུ་དྲིལ་གཉིས་དང་རྡོ་རྗེ་འཇིགས་བྱེ ད་ཀྱི་རྫོགས་རིམ་གྱི་ཁྲིད། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད། ཡེ་ཤེས་མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་ཀྱི་རྒྱལ་པོ། དཔལ་ལྡན་དམག་ཟོར་རྒྱལ་མོ། དཔལ་མགོན་ཞལ་བཞི་པ། རྒྱལ་ཆེན་རྣམ་སྲས་རྣམས་ཀྱི་རྗེས་གནང༌། ཐུན་དྲུག་གི་རྣལ་འབྱོར་གྱི་བཤད་ལུང་དང་བཅས་པ་དང༌། བླ་མ་མཆོད་པའི་ཟབ་ཁྲིད་སྙན་བརྒྱུད་མན་ངག་ཞལ་ཤེས་ཡོངས་རྫོགས་དང༌། མགོན་པོའི་བཀའ་ཆེན་བཅུ་གསུམ་གྱི་རྗེས་གནང༌། ཁྱུང་ནག་མེའི་སྤུ་གྲིའི་རྗེས་གནང༌། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་རྒྱལ་པོའི་དབང་གི་སྟ་གོན་དངོས་གཞི་དང་བཅས་པ། དེ་ཉིད་ཀྱི་སྒྲུབ་དཀྱིལ་ཡོངས་སུ་རྫོགས་པའི་ཆོག་སྒྲིག་རྡོ་རྗེ་འཛིན་པ་རང་ཉིད་ཀྱིས་མཛད་པའི་ལུང༌། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་དང་བཅུ་གསུམ་མ་གཉིས་ཀྱི་དབང་བཞི་ཡོངས་རྫོགས་སོ་སོར་སྟ་གོན་དང་བཅས་པ་དང༌། སྔགས་བཏུ་བའི་རྗེས་གནང༌། ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་གྱི་སྟེང་ནས་ཁྲིད་ལུང་སྦྲགས་མ་དང་རྐང་པའི་འཁྲུལ་འཁོར་གྱི་སྐབས་སུ་འདི་སྐོར་གྱི་ལག་ལེན་རྣམས་ལེགས་པར་གསན། བསྲེ་བ་སྐོར་དགུ་ལ་གསུང་བཤད་འཐུས་འདོམས་ཆེ་བ་ཞིག་ཀྱང་གནང་གསུང༌། གཞན་ཡང་ཕྱག་རྡོར་གཏུམ་ཆེན་དང་གཏུམ་ཆུང་གཉིས་ཀྱི་རྗེས་གནང༌། དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དབང་བཞི་ཡོངས་སུ་རྫོགས་པ། ཕྱག་རྡོར་གོས་སྔོན་གྱི་རྗེས་གནང༌། འཇམ་དབྱངས་ནག་པོའི་རྗེས་གནང༌། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་བློ་སྦྱོང་གི་ཁྲིད་ཡིག་སྟེང་ནས་ཁྲིད་ལུང་སྦྲགས་མ། སྒོམ་སྡེ་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རྫོགས་ཀྱི་ལུང་རྣམས་གསན་ཞིང་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་དབང་ཡང་གསན། ལྷག་པར་དགའ་ལྡན་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་གསན།
དེ་ནས་དགུང་ལོ་ཉེར་གཉིས་པ་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ་རྒྱལ་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་བླ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་ཡིད་དགའ་ཆོས་འཛིན་དུ་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཁན་སློབ་ཟུང་འབྲེལ་དང༌། སྔགས་གྲྭ་ཞལ་སྔ་ནས་སློབ་དཔོན་རིན་པོ་ཆེ་བློ་བཟང་མགོན་པོས་གསང་སྟོན། དཀྱིལ་ཁང་ཞལ་སྔ་ནས་མགོན་པོ་དཔལ་བཟང་གིས་གྲིབ་ཚོད་པ། ཐོས་བསམ་གླིང་ཞལ་སྔ་ནས་བློ་བཟང་བྱམས་པས་ལྷུན་བཟེད་འབྲིམ་པ། ཤར་རྩེ་ཞལ་སྔ་ནས་བློ་བཟང་དཔལ་འབྱོར་སོགས་ཁ་སྐོར་དུ་འོས་པ་དག་གིས་ཁ་སྐོང་བ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་ཏེ་ཐུབ་པའི་དབང་པོ་སླར་ཡང་གངས་རིའི་ལྗོངས་འདིར་བྱོན་པ་ཇི་ལྟ་བར་གྱུར་ཏོ། །ཚུལ་དེ་ལ་ནི་རྗེ་ཉིད་ཀྱི་ཞལ་ནས། མཁན་ཆེན་རྡོ་རྗེ་འཛིན་པའི་དེད་དཔོན་གྱིས། །བདག་བློའི་གྲུ་ཆེན་ལྷག་པ་ཚུལ་ཁྲིམས་ཀྱི། །བསླབ་པ་ཡོངས་རྫོགས་རིན་ཆེན་གཏེར་གྱིས་བཀང༌། །བཀའ་དྲིན་ཆེ་འོ་དཀོན་མཆོག་རྒྱལ་མཚན་ཞབས། །གཞན་ཡང་སྲིད་ཞིའི་གཙུག་རྒྱན་རྡོ་རྗེ་འཆང༌། །མཁན་ཆེན་རྣམ་གཉིས་བཀའ་དྲིན་ལ་བརྟེན་ནས། །བྱང་སེམས་རིག་འཛིན་སྡོམ་པའི་ནོར་བུས་ཀྱང༌། །རྙེད་དཀའི་དལ་འབྱོར་གྲུ་ཆེན་བྱུར་བུར་གཏམས། །སྡོམ་གསུམ་ཆུ་གཏེར་ལས་འོངས་ཚུལ་ཁྲིམས་ནི། །རྣམ་གསུམ་རིན་ཆེན་གྱིས་གང་གཟིངས་བཟང་པོ། །ཉོན་མོངས་ཆུ་སྲིན་ཆོམ་རྐུན་མ་རུངས་པས། །མི་འཇིགས་དྲན་ཤེས་སོ་བཅས་བརྩོན་པས་བསྲུང༌། །ཅི་ཡི་ཕྱི ར་ན་འཇམ་མགོན་བླ་མ་ཡིས། །ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བ་ཟླ་བའི་འོད། །སྐྱེ་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །ཅེས་སོགས་བསྔགས་པའི་ཚུལ་ལ་ངེས་པ་རྙེད་ཅིང༌། །ཐུབ་པའི་བསྟན་པ་ཡང་དག་གཟུང་བར་ཡང༌། །ལེགས་པར་རྟོགས་པས་འབད་དེ་བསྲུང་བར་སྨོན། །དེའང་ཚེ་འདིར་རྙེད་བཀུར་སྙན་གྲགས་དང༌། །ཕྱི་མ་མངོན་མཐོའི་བདེ་འབྲས་ཐོབ་ཆེད་མིན། །འཕྲལ་ཡུན་བསྟན་འགྲོར་ཕན་བདེ་བསྒྲུབ་པ་སོགས། །འཇམ་དཔལ་དཔའ་བོའི་སྤྱོད་པ་ཇི་ལྟར་སྨོན། །འདི་ལས་བྱུང་བའི་དགེ་ཚོགས་འོད་དཀར་གྱིས། ཁམས་གསུམ་འཁོར་བའི་གནས་ཀུན་ཁྱབ་གྱུར་ནས། །མར་གྱུར་འགྲོ་བའི་མ་རིག་མུན་སངས་ཏེ། །སྒྲིབ་བྲལ་ངེས་ལེགས་ལམ་བཟང་ཐོབ་གྱུར་ཅིག །ཅེས་གསུངས་སོ། །
རྗེ་འདིས་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་མཛད་པ་རྣམ་ཐར་ལྟར་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་མཛད་བཞེད་ནས་རྣམ་འགྲེལ་དང་དབུ་མ་གཉིས་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ནས་ཕར་ཕྱིན་གྱི་གཞུང་ལ་སྦྱོང་བར་བཞེད་དེ། པཎ་ཆེན་ཤནྟི་པའི་ཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད་ཡོངས་རྫོགས། ཟུར་བཀོལ་རྟེན་འབྲེལ། བསམ་གཟུགས། དགེ་འདུན་ཉི་ཤུ་ཐོད་བརྒལ། ས་ལམ་རྣམ་གཞག་རྣམས་ཡོངས་རྫོགས་ཐུགས་ལ་བཟུང་སྟེ་ཉིན་ལྟར་རིགས་ལུང་འཆག་མེད་མཛད། དེ་ནས་སེ་ར་རྗེ་བཙུན་པས་མཛད་པའི་ཕར་ཕྱིན་གྱི་སྤྱི་དོན་ཡང་ཕལ་ཆེར་བཟུང་ཞིང༌། གཙོ་བོར་ལེགས་བཤད་གསེར་ཕྲེང་དང་རྣམ་བཤད་སྙིང་པོ་རྒྱན་གཉིས་ལ་གཟིགས་ཏེ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་རྗེ་བཙུན་བྱམས་པ་མགོན་པོས་ཉམས་ལེན་གྱི་རིམ་པར་བསྒྲིགས་པའི་གཞུང་མངོན་རྟོགས་རྒྱན་གྱི་དགོངས་པ་བྱང་ཆུབ་ལམ་རིམ་དང་སྦྱར་ཏེ་གཏན་ལ་འབེབས་པ་ལ་གདེང་ཐོབ་པར་མཛད།
དེ་ནས་འདུལ་བ་ལ་སྦྱོང་བར་བཞེད་དེ་སེ་ར་རྗེ་བཙུན་པས་མཛད་པའི་འདུལ་བའི་ཡིག་ཆ་ཡོངས་རྫོགས་བཟུང་ཞིང་སྔ་སོར་འདུལ་བ་མདོ་རྩ་བ་ཡོངས་རྫོགས་ཐུགས་ལ་བཟུང་བ་བར་སྐབས་ཅུང་ཟད་མཉེལ་བའང་སྐབས་འདིར་གསོས་ཏེ་འདུལ་བ་མདོ་རྩ་བ་ཞལ་ཏོན་དུ་མཛད་ཅིང༌། དེ་དང་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་རྩ་འགྲེལ་སྦྱར་ཏེ་མཐའ་དག་པར་གཏན་ལ་ཕབ། འདུལ་བ་ནས་ཇི་ལྟར་གསུངས་པ་ལྟར་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་དང༌། ཟས་དང་གོས་དང་སྨན་དང་གནས་མལ་ཇི་ལྟར་ལོངས་སྤྱོད་པའི་ཚུལ་རྣམས་ཕྲ་མོའང་མ་འཕྱུགས་པར་ཕྱག་ལེན་ལ་ཐེབས་པར་མཛད་དེ་འཕགས་མཆོག་ཉེ་བར་འཁོར་གངས་རིའི་ཁྲོད་འདིར་སླར་ཡང་བྱོ ན་པ་ཇི་ལྟ་བར་གྱུར་ཏོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn