པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བའི་རྣམ་ཐར་བཞི་བ།
རྗེ་འདི་པ་ནི་སྔོན་བསྐལ་པ་བགྲངས་བ་ལས་འདས་པ་ནས་ཐུགས་བསྐྱེད་དེ་ཞིང་འདིར་ཐུབ་པའི་བསྟན་པ་སྤེལ་བའི་སླད་དུ་བསམས་བཞིན་དུ་བྱོན་པ་ཡིན་པ་དང༌། ཐ་མལ་པ་རྣམས་ཀྱི་སྣང་ངོར་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉིད་ཐུགས་དམ་གྱི་མཐིལ་དུ་མཛད་དེ་སྤྱིར་འགྲོ་བ་མཐའ་དག་དང༌། ཁྱད་པར་བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་འགྲོ་བ་རྣམས་ལ་ཡུལ་ཕྱོགས་དང་གྲུབ་མཐའི་ཕྱོགས་ལྷུང་གང་ཡང་མེད་པར་ཐམས་ཅད་བྱམས་བརྩེས་སྐྱོང་བར་མཛད་པས་མཆོག་དམན་བར་མ་ཐམས་ཅད་ཀྱིས་བསྙེན་བཀུར་བའི་ཞིང་མཆོག་ཏུ་བཟུང་སྟེ་རང་རང་གི་གཅེས་པའི་ནོར་རྣམས་རྗེ་འདིའི་ཕྱག་ཏུ་འབུལ་ཅི་ཐུབ་བྱེད་པས་ཟང་ཟིང་གི་ཡོ་བྱད་མཐའ་ཡས་པ་བྱུང་བ་དེ་དག་ཐམས་ཅད་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང༌། རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་མཐའ་དག་ལ་བསྙེན་བཀུར་ནར་མར་མཛད་ཅིང༌། དེ་ཐམས་ཅད་ཀྱང་བསྔོ་བས་རྒྱས་ཐེབས་པར་མཛད་དེ། དེའི་ཚེ་བསྔོ་བའི་ཚིགས་བཅད་ཀྱང་འདི་ལྟར།
ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་ཡ། གསེར་སྦྱངས་བཙོ་མའི་ལྷུན་པོ་རྣམ་མང་ཕྲས། །བཏབ་པ་ཇི་བཞིན་མཚན་དཔེའི་དཔལ་འབར་བ། །ཤཱཀྱའི་ཏོག་སོགས་རྒྱལ་བ་སྲས་བཅས་ལ། །ཕྱག་འཚལ་ཡིད་སྨོན་འགྲུབ་པའི་གྲོགས་མཛོད་ཅིག །བདག་གིས་སྐུ་གསུང་ཐུགས་རྟེན་བཞེངས་མཆོད་དང༌། །དགེ་འདུན་བསྙེན་བཀུར་དབུལ་ཕོངས་ཚིམ་བྱས་སོགས། །དགེ་བ་འདི་དག་གིས་མཚོན་བདག་གཞན་གྱིས། །སྔོན་ནས་ད་ལྟའི་བར་བསྒྲུབས་དགེ་ཚོགས་མཐུས། །འབྲུ་ཀུན་སྐྱེ་ལ་ས་བཞིན་ཡིད་ཅན་ལ། །ཕན་བདེ་བླ་མེད་སྟེར་ལ་མེད་མི་རུང༌། །ཐུབ་པའི་བསྟན་པ་ལུང་རྟོགས་ཉི་འོད་ཀྱིས། །འཆི་མེད་ལམ་བཞིན་ཕྱོགས་ཀུན་ཁྱབ་གྱུར་ཅིག །འཇིག་རྟེན་ཁམས་སུ་མི་འདོད་བསྐྱེད་པའི་གཞི། །ཕན་ཚུན་རྩོད་སོགས་མི་དགེའི་ཚོགས་ཞི་ཞིང༌། །རྫོགས་ལྡན་གསར་དུ་བཞད་པའི་དགའ་སྟོན་ལ། །འགྲོ་ཀུན་གཏན་དུ་སྤྱོད་པ་ཉིད་གྱུར་ཅིག །གྲངས་མེད་བགྲོད་ཀྱང་བཟོད་པའི་ལམ་ཆེན་བཞིན། །སྡུག་བསྔལ་གྱིས་མནར་འགྲོ་ཚོགས་སྒྲོལ་བའི་ཁུར། །ལྕི་ཡང་བཟོད་པའི་བྱང་ཆུབ་སེམས་མཆོག་དང༌། །ནམ་ཡང་འབྲལ་བ་མེད་པ་ཉིད་གྱུར་ཅིག །ཐུབ་པས་འགྲོ་ཀུན་དོན་ཆེད་གྲངས་མེད་པའི། །བསྐལ་པ་གསུམ་དུ་སྐུ་ལུས་ལོངས་སྤྱོད་སོགས། །བཏང་བས་ཚོགས་གཉིས་ཡོངས་རྫོགས་བྱང་ཆུབ་བརྙེས། །བདག་གི་སྤྱོད་པའང་དེ་དང་མཚུངས་པར་ཤོག །ཇི་ལྟར་སྨོན་བཞིན་བསོད་ནམས་ཡེ་ཤེས་ཀྱི། །རླབས་ཆེན་ཚོགས་དག་ཡོངས་སུ་རྫོགས་གྱུར་ནས། །སྐྱོན་བྲལ་ཡོན་ཏན་ཀུན་གྱི་དཔལ་ལྡན་པའི། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །དེ་ཐོབ་པས་ཀྱང་འཁོར་བར་འཁྱམས་པའི་འགྲོ། །མ་ལུས་ཀུན་མཁྱེན་རྒྱལ་བའི་གོ་འཕང་ལ། །འགོད་པའི་བརྩོན་འགྲུས་ཐུབ་པ་མཆོག་ཉིད་དང༌། །མི་མཉམ་མེད་པ་ཉིད་དུ་བདག་གྱུར་ཅིག །ཅེས་སོ། །
དེ་ནས་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ཟླ་བ་དྲུག་པའི་ནང་དུ་དབུས་ཕྱོགས་སུ་ཆིབས་ཁ་བསྐྱོད་དེ་རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ལ་གསེར་གྱི་མཎྜལ་དང་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ་བ་ལྟར་དངོས་པོ་ཚད་མེད་པས་མཆོད་དེ་དབང་ལུང་མན་ངག་མཐའ་དག་ཡོངས་སུ་རྫོགས་པ་ཞིག་གནང་དགོས་ཞེས་གསོལ་བ་འདེབས་པར་མཛད་པས། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོས་ད་ལམ་ཆོས་བཀའ་ཡོངས་རྫོགས་འབུལ་ཐུབ་པ་མི་ཡོང་ཡང་ཉེར་མཁོ་གང་འགྲུབ་ཅིག་འབུལ་གསུང་ནས། ཐུབ་པ་གཙོ་འཁོར་གསུམ། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ། རྗེ་བཙུན་མི་གཡོ་མགོན་པོ། སྒྲོལ་མ་གཙོ་འཁོར་གསུམ་དང་བཅས་ཏེ་བཀའ་གདམས་ལྷ་བཞིར་གྲགས་པའི་རྗེས་གནང༌། སྨན་བླ་བདེ་གཤེགས་བརྒྱད་མཐོ་བརྩེགས་སུ་བཞུགས་པའི་རྗེས་གནང༌། པཎྜི་ཏ་གསེར་གདུགས་ཅན་གྱི་བཞེད་སྲོལ་འཇམ་དཀར་ཤེས་རབ་འཁོར་ལོའི་རྗེས་གནང་ཁྲོ་ཕུ་ལོ་ཙཱ་བ་ནས་བརྒྱུད་པ། དགེ་སློང་མ་དཔལ་མོ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་ཕྱག་སྟོང་སྤྱན་སྟོང་གི་རིགས་གཏད་ཀྱི་རྗེས་གནང༌། བ་རི་བའི་ལུགས་ཀྱི་རྣམ་འཇོམས་ལྗང་སྔོན་གྱི་རྗེས་གནང༌། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱི་ཡི་གེའི་སྟོང་ནས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་གུར་ནས་འབྱུང་བ། རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་སུ་གྲགས་པ་དབང་གི་སྒྲོལ་མ་དམར་མོའི་རྗེས་གནང༌། འཕགས་པ་ཀླུ་སྒུབ་ཀྱིས་མཛད་པའི་སྒྲུབ་ཐབས་དང་གོང་མའི་ཕྱག་ལེན་ལྟར་ཀླུ་དབང་རྒྱལ་པོ་གཙོ་འཁོར་ལྔའི་རྗེས་གནང༌། མི་གཡོ་བའི་རྗེས་གནང༌། དཔལ་སྣར་ཐང་པ་རིག་རལ་གྱི་ཕྱག་ལེན་དང་མཐུན་པ་མི་གཡོ་ཆུ་སྲུངས་ཀྱི་རྗེས་གནང༌།
ཡར་ཀླུངས་པ་ཡོན་ཏན་བཀྲ་ཤིས་ཀྱི་ཕྱག་ལེན་དང་མཐུན་པ། ཡང་དེ་ཉིད་ཀྱི་ཕྱག་ལེན་དང་མཐུན་པའི་མི་གཡོ་བ་དཀར་པོ་གཏུམ་པོའི་རྗེས་གནང༌། འཇམ་དབྱངས་མཁྱེན་བརྩེའི་ཡི་གེའི་སྟེང་ནས་གུར་ནས་གསུངས་པའི་སོ་སོར་འབྲང་མའི་རྗེས་གནང༌། རབ་འབྱམས་པ་རིན་ཆེན་དཔལ་བཟང་གི་ཡེ་གེའི་སྟེང་ནས་སྭའི་སྔགས་འཆང་སྙེ་མོ་ཤཱཀྱ་དཔལ་ལ་གསང་བའི་བདག་པོས་དངོས་སུ་གསུངས་པ་གུར་ནས་འབྱུང་བ་དང་འབྲེལ་བའི་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་མེའི་དབང་བཅས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཡི་གེའི་སྟེང་ནས་འོད་ཟེར་ཅན་གཙོ་རྐྱང་གི་རྗེས་གནང༌། སྤྱན་སྔ་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་ཇོ་བོ་ལུགས་ཀྱི་སྨེ་བརྩེགས་ལྗང་ནག་གི་རྗེས་གནང༌། འཇམ་དབྱངས་མཁྱེན་བརྩེའི་ཟིན་བྲི ས་ཀྱི་སྟེང་ནས་སྨེ་བརྩེགས་དུད་ཀའི་རྗེས་གནང༌། རྟ་མགྲིན་ལྕགས་རལ་ཅན་ཟླ་རྒྱལ་ལུགས་སུ་གྲགས་པའི་རྗེས་གནང་ཡིག་སྙིང་དང་མཐུན་པ། རྟ་མགྲིན་ཤཱ་ན་བཞི་སྐོར་གྱི་རྗེས་གནང་ཇོ་བོ་ཆེན་པོ་ནས་བརྒྱུད་པ། ཤེའུ་ལོ་ཙཱ་བའི་ཡིག་ཆའི་སྟེང་ནས་ཇོ་བོ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་གནང་བའི་ཛམ་ལ་དཀར་པོ་འབྲུག་ཞོན་གྱི་རྗེས་གནང༌། ཡང་ཛམ་ལ་སེར་པོ་དང་ནག་པོ་གཉིས་ཀྱི་རྗེས་གནང༌། སློབ་དཔོན་ཨ་བྷ་ཡའི་བཞེད་སྲོལ་ཆག་ལོ་སུམ་པས་མཛད་པའི་སྲེག་བྱེད་མེའི་མཚོན་ཆའི་ཡི་གེའི་སྟེང་ནས་གཙུག་ཏོར་འབར་བའི་རྗེས་གནང༌། སྒྲུབ་ཐབས་རྒྱ་མཚོའི་ནང་གི་རྡོ་རྗེ་དབྱངས་ཅན་དམར་མོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང༌།
ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཡིག་ཆའི་སྟེང་ནས་ཇོ་བོ་ཆེན་པོས་ཡོལ་ཆོས་དབང་ལ་གནང་བའི་རྟ་མགྲིན་གཤོག་པ་ཅན་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་། པཎྜི་ཏ་ནགས་ཀྱི་རིན་ཆེན་ནས་བརྒྱུད་པའི་སེང་གདོང་མ་དམར་མོའི་རྗེས་གནང༌། ས་སྐྱ་པའི་གསེར་ཆོས་སུ་གྲགས་པའི་སེང་གདོང་མ་ནག་མོའི་རྗེས་གནང༌། ཡང་ས་སྐྱ་པའི་ལྕགས་རི་མི་འདའ་བའི་གསེར་ཆོས་སུ་གྲགས་པ་འཕགས་པ་འཇིག་རྟེ ན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང༌། དམ་པ་སངས་རྒྱས་བརྒྱུད་པའི་འཇམ་དབྱངས་སྨྲ་སེང་ཡུམ་བཅས་ཀྱི་རྗེས་གནང༌། ཕྱག་རྡོར་ཨུ་ཙརྱའི་བྱབས་བསྲུང་དང་རྗེས་གནང་རྣམས་གསན། གཞན་ཡང་ཇོ་བོ་ཆེན་པོ་ལྷ་ཅིག་ནས་བརྒྱུད་པའི་སྒྲོལ་མ་ཉེར་གཅིག་གི་སྔོན་འགྲོ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་བཅས་ཡོངས་རྫོགས་དང༌། དཔལ་ལྡན་ལྷ་མོའི་རྗེས་གནང༌། ཀཱ་མ་རུ་པ་ནས་བརྒྱུད་པའི་ཞལ་བྲམ་ནག་གི་རྗེས་གནང༌། ཚེ་དཔག་མེད་དཀར་པོའི་རྗེས་གནང་རྣམས་གསན། འདི་སྐབས་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོས་རྗེ་འདི་པ་ལ་རྗེ་བདག་ཉིད་ཆེན་པོའི་ཐུགས་དམ་རྟེན་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་འཕགས་ཡུལ་ལི་མ་ངོ་མ་ཁྱད་མཚར་ཞིག་གནང་སྟེ། མཉམ་མེད་བུ་རམ་ཤིང་པའི་མདོ་སྔགས་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟན་པའི་བདག་པོ་མཛོད་ཅེས་བསྟན་པའི་བདག་པོར་མངའ་གསོལ། དེ་མཐུན་གཞན་གྱི་ཞུ་བ་པོ་མེད་པར་དགོངས་དཔྱད་ཀྱིས། རྒྱལ་ཀུན་ངོ་བོ་བློ་བཟང་གྲགས་སྙན་བསྟན། །འཛིན་པར་བསོད་ནམས་ས་བོན་དར་དྲག་ལས། །ཡེ་ཤེས་མཆོག་གི་ཡོངས་འདུ་ས་བརྟོལ་རྩེར། །སྤྲུལ་སྐུའི་འབྲས་བཟང་སྨིན་ལ་གསོལ་བ་འདེབས། །ཞེས་སོགས་ཞབས་བརྟན་གསོལ་འདེབས་བཀའ་རྩོམ་གསར་དུ་གནང་སྟེ་ཕྱག་ཏུ་ཕུལ། གསོལ་འདེབས་དེ་ཉིད་ཕྱོགས་མཐའ་དག་ལའང་འགྱེད་པར་མཛད།
དེ་སྐབས་ཐོན་ཕྱག་གི་སྐབས་ཡབ་སྲས་གཉིས་ཀ་ཕན་ཚུན་འབྲལ་མི་ཕོད་པར་སྤྱན་ཆབ་མང་དུ་བྱུང་ཞིང་ཐུགས་འཁྲེང་བའི་རྣམ་པ་ཆེར་མཛད་པ་ན། ཞབས་འབྲིང་པ་ཚང་མའང་རྒྱལ་བ་ཡབ་སྲས་འདི་གཉིས་ཀྱི་མཛད་སྤྱོད་འདི་འདྲ་སྙམ་དུ་ཡབ་སྲས་གཉིས་ཀར་གུས་པ་བླ་མེད་ཐོབ་ཅིང་སྤྱན་ཆབ་འབྱིན་པ་བྱུང་འདུག་སྟེ། དེ་ནི་སྐུ་ཚེ་འདིར་ཡབ་སྲས་གཉིས་སླར་མི་མཇལ་བར་གཉིས་ཀས་མཁྱེན་པར་མངོན་ནོ། །ཚུལ་དེ་དག་ལ་རྗེ་ཉིད་ཀྱིས་འདི་ལྟར་གསུངས་ཏེ། རྒྱལ་བ་ཀུན་དངོས་བློ་བཟང་གྲགས་པ་དང༌། །དབྱེར་མེད་གཏན་གྱི་སྐྱབས་གཅིག་ཐམས་ཅད་མཁྱེན། །ཕྱག་ན་པདྨོའི་ཞལ་དཀྱིལ་ལེགས་མཇལ་ཏེ། །དམ་ཆོས་བདུད་རྩི་དགའ་སྟོན་དཔག་མེད་མྱངས། །ཐུབ་པའི་སྣང་བརྙན་དངོས་པོའི་གནང་སྐྱེས་བཅས། །སྩལ་ནས་ཐུབ་བསྟན་བདག་པོ་གྱིས་ཤིག་ཅེས། །ཤཱཀྱའི་རྒྱལ་པོས་འཕགས་པ་འོད་སྲུང་ལ། །ཇི་བཞིན་བསྟན་པའི་ཁུར་ཆེན་བདག་ལ་སྩལ། །བློ་དམན་བདག་འདྲས་དེ་འདྲའི་ཁུར་ལྕི་བ། །བཟོད་པར་དཀའ་ཡང་རྗེ་བཙུན་བླ་མའི་བཀའ། །འདོར་མེད་ཡང་དག་བསྒྲུབ་ནུས་གྱུར་ཅིག་པའི། །སྨོན་ལམ་བཟང་པོ་རྩེ་གཅིག་ཡིད་ཀྱིས་བཏབ། །ཅེས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn