པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-26 14:48:53     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

97058295108396316.jpg

                      དེ་ནས་དགུང་ལོ་བཅུར་ཕེབས་པ་ཆུ་བྱི་ཟླ་བ་ལྔ་པའི་ཚེས་ལྔའི་ནུབ་མནལ་ལམ་དུ་ཐེག་པ་ཆེན་པོའི་དམ་པའི་ཆོས་དཀོན་མཆོག་བརྩེགས་པ་ཡོངས་སུ་རྫོགས་པ་ཐུགས་ལ་བཟུང་ནས་སྐྱར་བས། སློབ་དཔོན་རིན་པོ་ཆེ་བློ་བཟང་བསྟན་འཛིན་ཤིན་ཏུ་དགྱེས་ནས་རྗེ་རང་ཉིད་ལ་ཕྱག་མཛད་པའི་སྣང་བ་བྱུང་ཞིང༌། ཚེས་བརྒྱད་ཀྱི་ཉིན་རྩོམ་པའི་ཚིག་དོན་འགའ་ཡར་ཐུགས་ཡུལ་དུ་འཆར་བའང་བྱུང་བར། ཨོཾ་སྭ་སྟི། དུས་གསུམ་རྒྱལ་བ་ཀུན་གྱི་མཆོག །ཐམས་ཅད་མཁྱེན་པས་རྗེས་སུ་བཟུང༌། །གུས་པ་ཆེན་པོས་སྙིང་ནས་བཏུད། །ཅེས་པ་དང༌། སླར་ཡང༌། འདོད་ཁམས་དབང་ཕྱུག་རེ་མ་ཏི་སོགས་ཀྱིས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །མྱུར་དུ་བཞེས་ལ་རྣལ་འབྱོར་འཁོར་བཅས་ཀྱི། །འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་མ་ལུས་སྒྲུབས། །དེང་འདིར་ཡིད་ལ་བསམས་པར་གྱུར་པ་རྣམས། །གེགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་པ་དང་ཡང་ཚེས་དྲུག་གི་ནུབ་མོ་མནལ་ལམ་དུ། ནམ་མཁའ་ལ་འཇའ་གུག་སྟེ་ཤར་བ། དེ་སྒོར་མོར་སོང་བའི་དཀྱིལ་ན་རྗེ་བཙུན་འཇམ་པའི་དབྱངས་དམར་སེར་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་རྗེ་བླ་མ་རང་ཉིད་ཀྱི་ཐུགས་ཀར་ཐིམ་པ་དང༌། ཐོ་རེངས་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་གདུང་ལ་འཕན་ཕྱེ་ཕུར་སོགས་ཕུལ་ཏེ་མཆོད་པ་མཛད་པའི་སྣང་བའམ་བྱུང༌། སངས་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །སེམས་ཅན་ཐམས་ཅད་རྟག་ཏུ་བདེ། །དགོས་འདོད་ཐམས་ཅད་ཆར་དུ་ཕབ། །མཐར་ཐུག་སངས་རྒྱས་འགྲུབ་པར་ཤོག །ཅེས་དང༌།

                    རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོའི། །བཤད་སྒྲུབ་བསྟན་པའི་བྱ་བ་ལེགས་ཚོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པ་རྣམས་ཐོགས་མེད་དུ་གསུངས། དེ་ནས་ས་ཆེན་པོའི་ཁྱོན་མཐའ་དག་ནས་འདུས་པའི་དད་ལྡན་སེར་སྐྱ་བགྲང་བ་ལས་འདས་པ་དག་ལ་ཞལ་གྱི་དཀྱིལ་འཁོར་སྟོན་པ་དང༌། གསུང་གི་བདུད་རྩི་སྩོལ་བ་དང༌། དད་པས་ཕུལ་བའི་དངོས་པོ་རྣམས་བཞེས་ཏེ་ཉིན་རེ་བཞིན་འགྲོ་བ་བགྲང་བ་ལས་འདས་པར་མཐོ་རིས་དང་ཐར་པའི་ས་བོན་འདེབས་པར་མཛད་དོ། །དེ་ནས་ཚད་མ་རྣམ་འགྲེལ་ལ་སྦྱོང་བར་བཞེད་དེ་འཇམ་དབྱངས་དགེ་འདུན་བློ་བཟང་གིས་མཛད་པའི་རྣམ་འགྲེལ་གྱི་ཡིག་ཆ་ཡོངས་རྫོགས་ཐུགས་ལ་བཟུང་སྟེ་བསྐལ་བཟང་ཁྱམས་ར་ཆེན་མོར་འདུས་པ་རྒྱ་མཚོ་དང་ལྷན་ཅིག་རིགས་ལུང་ལ་བརྟག་པར་ཕེབས་ཏེ་འཇམ་མགོན་བླ་མའི་རྣམ་ཐར་སྐྱོང་བར་མཛད་དོ། །བར་སྐབས་སུ་བྱང་རྒྱུད་རྒྱལ་པོ་འཁོར་བཅས་དད་པ་ཆེན་པོས་འདུས་པར་སོ་སོའི་བསྙེན་བཀུར་རྣམས་བཞེས་ཤིང༌། རྒྱལ་པོ་འཁོར་བཅས་ལ་ལམ་རིམ་ཚིགས་བཅད་མ། ལམ་རིམ་དམར་ཁྲིད། སྨན་བླའི་མདོ་ཆོག ལམ་རིམ་ཆུང་བ་སོགས་དང༌། སྲས་བགྲེས་པར་ཐུབ་དབང་ཞལ་པད་མ་སོགས་རང་རང་གི་འདོད་པ་དང་བསྟུན་པའི་ཆོས་ཀྱི་བདུད་རྩི་སྩལ། དེའི་ཚེ་འདུས་པ་རྒྱ་མཚོའི་ཚོགས་ལའང་ཚད་མ་རྣམ་འགྲེལ་གྱི་དབུ་ནས་རིམ་གྱིས་གནང་བའི་འགོ་ཚུགས། ཚད་མ་རྣམ་འགྲེལ་ལ་ཐུགས་རབ་ཐོགས་པ་མེད་པར་རྒྱས་པའི་ཚུལ་བཞེས་ཏེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའི་སྤྱི་དོན་རིགས་རྒྱན་ཡོངས་རྫོགས་ཐུགས་ལ་བཟུང༌། གཞན་ཡང་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་འཇམ་དབྱངས་སྨོན་ལམ་དཔལ་བ་ལེགས་པའི་བློ་གྲོས་ཀྱིས་མཛད་པའི་སྨོན་ཊཱིཀ་ཏུ་གྲགས་པ་དང༌། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའི་རྣམ་འགྲེལ་གྱི་ཊཱིཀྐ་ནས་ཐོགས་ཤས་ཐུགས་ལ་བཟུང་སྟེ་ཞག་འགའ་རིགས་ལུང་ཆོས་སྤྱོད་ལ་ཕེབས་ནས་བགྲོ་གླེང་ལ་བརྩོན་པར་མཛད།

                    དེ་ཡང་སྤྱི་དོན་རིགས་རྒྱན་འདི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ་བཀྲ་ཤིས་རྡོ་ཁར་ཕེབས་པའི་ཚེ་ཚད་མ་རྣམ་ངེས་ཀྱི་སྐོར་ལ་དོགས་གཅོད་ཞུས་པའི་ཟིན་བྲི ས་དང༌། རི་བོ་དགེ་ལྡན་དུ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་ལ་ཚད་མའི་སྐོར་ཞིབ་བཤད་ཞུས་པ་རྣམས་ལ་གཞི་མཛད་ནས་གཞུང་གསར་རྩོམ་གནང་བ་ཡིན་འདུག་པ་དང༌། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཀྱང་ཆོས་གྲྭ་ཆེན་པོ་འདི་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་གསན་སྦྱོང་གནང་བའི་སྐབས་སྤྱི་དོན་རིགས་རྒྱན་དང༌། སྨོན་ཊཱིཀྐ་གཉིས་ལ་ཞིབ་ཏུ་གཟིགས་ཤིང་ཁྱད་པར་སྨོན་ཊཱིཀྐ་ལ་ཐུགས་ཡིད་འཕྲོག་པར་བྱུང་ནས་ཕལ་ཆེར་ཐུགས་ལ་བཟུང་སྟེ་ངའི་ཚད་མའི་སློབ་དཔོན་འདི་ཡིན་གསུང་བའི་བསྔགས་བརྗོད་ཀྱང་མཛད་པ་བྱུང་འདུག་ཅིང༌། ཆོས་གྲྭ་ཆེན་པོ་འདིར་བསྡུས་ཚད་གཙོ་བོར་མཛད་པའི་རྒྱུ་མཚན་ཡང༌། བཀའ་གདམས་གླེགས་བམ་ལས། རྒྱལ་མཚན་སྟོད་ལ་ཆོས་གྲྭ་འོང༌། །ཆོས་རྒྱལ་དྷརྨ་ཀཱིརྟི་ཡི། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་དང༌། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དགེ་འཕེལ་དུ་བཞུགས་སྐབས་མནལ་ལམ་དུ། བཀྲ་ཤིས་ལྷུན་པོའི་རྒྱབ་རིའི་རྩེའི་རྣམ་པ་ནས། རྗེ་བཙུན་ཙོང་ཁ་པ་ཆེན་པོས་དགེ་འདུན་གྲུབ་ཅེས་འབོད་པར་མཛད་ནས། ས་ཕྱོ གས་འདིར་ཚད་མ་རྣམ་འགྲེལ་གྱི་བསྟན་པ་རྒྱས་པར་འགྱུར་བ་ཡིན། ཞེས་ལུང་བསྟན་གསུངས་པ་བཞིན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་ཆོས་གྲྭ་འདིར་བར་སྐབས་ཤིག་ལྷ་ཤཱཀ་གི་འགྲེལ་པ་སོགས་རྒྱ་གཞུང༌། ཊཱིཀྐ་ཆེན་རིགས་པའི་རྒྱ་མཚོ་སོགས་བོད་གཞུང་འགའ་ཞིག་ལ་གཞི་མཛད་ནས་སྤྲོས་བཤད་གནང་བས་ཐམས་ཅད་ཐུགས་ཕྲོགས་ཏེ། མཁས་པ་དྲི་མེད་བཤེས་གཉེན་སོགས་ཞལ་སློབ་ཆེ་བ་རྣམས་ཀྱིས་ཟིན་བྲིས་ཀྱང་མཛད་འདུག

                    གཞན་ཡང་རྗེ་བདག་ཉིད་ཆེན་པོས། ལོག་སྨྲ་ཚར་གཅོད་ཕྱོ གས་གླང་གྲགས་པ་ལས། །ལེགས་པར་འོངས་པའི་རིགས་ལམ་བདུད་རྩིའི་ཆུས། །བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན། །ཤིན་ཏུ་ཟབ་གནད་མཐོང་བ་སྨོས་ཅི་དགོས། །རིགས་པའི་ལུང་དོན་ལ་ཡང་དཔྱོད་པ་ན། །ཕལ་ཆེར་ལོག་པར་རྟོགས་པ་འཕེལ་འགྱུར་ཞིང༌། །གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །ཞེས་གསུངས་པ་ལྟར། ལྟ་སྤྱོད་གང་ལ་ཡང་རིགས་ལམ་ནས་དྲངས་པའི་བསྒོམ་བྱའི་དོན་ལ་ངེས་པ་མ་རྙེད་ན་འཁྲུལ་མེད་ཀྱི་ལམ་ལ་འཇུག་དཀའ་བ་གཟིགས་ཤིང༌། ཤེས་རབ་དང་དོན་གཉེར་ཅན་རྣམས་དཔེ་ཆ་འདི་བའི་དཀའ་ཚེགས་ལ་བལྟས་ན་ཕན་པ་ཆེན་པོ་ཡོང་བར་དགོངས་ཏེ་ཐོག་མར་སྤྱི་དོན་རིགས་རྒྱན་དང༌། དེ་ནས་རིམ་བཞིན་འདུལ་བ་མདོ་རྩ་བ།མཛོད་རྩ། རྣམ་འགྲེལ་རྩ་བ། འགྲེལ་པ་དོན་གསལ། འཇུག་པ་རྣམས་པར་དུ་བརྐོ་བ་མཛད། གཞན་ཡང་དོན་གཉེར་ཅན་མང་པོར་ལུང་དང་རྗེ་གནང་སོགས་མཐའ་ཡས་པ་རིམ་པར་གནང་ཞིང༌། དད་རྫས་རྣམས་ཆུད་མི་ཟ་བའི་ཕྱིར་སྐུ་གསུང་ཐུགས་རྟེན་མཐའ་ཡས་པ་བཞེངས་ཤིང་དེ་དག་གི་བཞུགས་གནས་ལྷ་ཁང་མང་པོའང་གསར་བསྐྲུན་མཛད་དེ་བསྟན་རྒྱུན་ལ་དགོངས་ནས་སྐུ་གསུང་ཐུགས་རྟེན་གསར་བཞེངས་རྣམས་ཆོས་སྲུང་ལ་གཉེར་གཏད་ཀྱི་འཕྲིན་བཅོལ་མཛད་པ་ནི།

                    ཨོཾ་ས་མ་ཡ་ཏིཥྠ། དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །སྙིགས་དུས་གདུལ་དཀའ་མཐའ་དག་འདུལ་བའི་ཕྱིར། །གཏུམ་དྲག་རྔམས་པའི་སྐུར་བསྟན་ལྷག་པའི་ལྷར། །བཏད་ནས་གཉེར་དུ་གཏད་པའི་དམ་ཚིག་བརྗོད། །མཐུ་ལྡན་མྱུར་མཛད་མགོན་པོ་ཕྱག་དྲུག་པ། །ཡབ་ཡུམ་གནོད་སྦྱིན་བཀའ་ཉན་འཁོར་བཞི་དང༌། །ལེགས་ཉེས་ཤན་འབྱེད་ཆོས་ཀྱི་རྒྱལ་པོ་དང༌། །ཙཱ་མུཎྜི་དང་ཕོ་བརྒྱད་མོ་བརྒྱད་སོགས། །བསྟན་དགྲ་ཚར་གཅོད་དཔལ་ལྡན་རེ་མ་ཏི། །གུར་མགོན་མཧཱ་ཀཱ་ལ་ཕྱག་བཞི་པ། །གཏུམ་དྲག་རྡོ་རྗེ་ནག་པོ་ཡབ་ཡུམ་དང༌། །སྒྲོལ་གྱིང་སྲོག་བདག་དམར་པོ་འཁོར་བཅས་ལ། །བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ཆོས་གྲྭ་ཆེར། །ལྷག་བསམ་དག་པ་གསར་དུ་སྐྲུན་པ་ཡི། །རྟེན་གསུམ་མཆོད་རྫས་ཇི་སྙེད་མཆིས་པ་རྣམས། །གཉེར་དུ་གཏད་དོ་གཡེལ་མེད་བྱ་ར་མཛོད། །གལ་ཏེ་འདི་དག་མཐུ་ཡིས་འཕྲོག་པའམ། །འཇབ་བུས་བརྐུ་སོགས་བསམ་སྦྱོར་ལོག་པ་ཡིས། །རྡུལ་ཕྲན་ཙམ་ཡང་གཞན་དུ་འཁྱེར་བྱེད་ན། །སྐད་ཅིག་དེ་ལ་དྲག་པོས་ཚར་ཆོད་མཛོད། །གཞན་ཡང་ཕན་བདེའི་འབྱུང་གནས་ཆོས་གྲྭ་ཆེའི། །གཙུག་ལག་ཁང་དང་དགེ་འདུན་ཆོས་འབངས་ལ། །འཚེ་བའི་སྙིང་ཁྲག་ཞལ་དུ་རབ་དྲངས་ནས། །བདེ་ཆེན་གོ་འཕང་ཐོབ་པའི་འཕྲིན་ལས་མཛོད། །ཤུགས་དྲག་དད་པས་མཆོད་ཅིང་བསྙེན་བཀུར་བའི། །མཐའ་དག་སྐྱེ་དགུ་ཚེ་རིང་འབྱོར་ལྡན་ཞིང༌། །མཐར་ཐུག་སྐུ་གསུམ་གོ་འཕང་མྱུར་ཐོབ་ནས། །ཕྱོགས་འདིར་བཤད་སྒྲུབ་མངའ་ཐང་འཕེལ་གྱུར་ཅིག །ཅེས་སོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།