པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བའི་རྣམ་ཐར་གཉིས་པ།
དེ་ནས་མི་རིང་བར་ཐོབ་རྒྱལ་དགའ་ལྡན་རབ་རྒྱས་ནས་རྗེ་ཞལ་སྔ་ནས་བློ་བཟང་བསྟན་འཛིན་ཡོངས་འཛིན་དུ་སྤྱན་དྲངས་ཏེ། ཐོག་མར་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་རྣམས་ཀྱི་སྙན་བསྐུལ་ཞུས་པ་ན་ཐོགས་པ་མེད་པར་མཁྱེན། དེ་ནས་སྐུ་ཚེ་འདིར་ཆོས་གསན་པའི་ཐོག་མར་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་མཆོག་སྒོ་འབྱེད་གསན་ཏེ། དེ་ནི་སྐུ་ཚེ་འདིར་རྗེ་གོང་མའི་རྣམ་ཐར་ལྟར་འཇམ་མགོན་བླ་མའི་བསྟན་པ་བསྲེ་བསླད་མེད་པར་སྐྱོང་པའི་རྟེན་འབྲེལ་དུ་ངེས་སོ། །དེ་ནས་རིམ་བཞིན་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ཡོངས་རྫོགས་ཀྱི་ལྗགས་ལུང་གསན། དེ་ནས་རྗེ་རིན་པོ་ཆེའི་རྣམ་ཐར་ལྟར་ཐོག་མར་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་སྦྱོང་བར་བཞེད་ནས་མཚན་མཚོན་གྱི་རྣམ་གཞག །རྒྱུ་འབྲས་ཀྱི་རྣམ་གཞག །ཐལ་འགྱུར་གྱི་རྣམ་གཞག་སོགས་ལ་སྦྱོང་བའི་ཚུལ་མཛད་པ་ན་ཐོགས་པ་མེད་པར་མཁྱེན་ཅིང༌། སུམ་ཅུ་པ་དང་རྟགས་འཇུག་སོགས་རིག་གནས་རྣམས་ཀྱང་བརྡ་ཕུལ་བ་ཙམ་གྱིས་ཐོགས་མེད་དུ་མཁྱེན་ཏོ། །དེ་ནས་སྐྱེས་རབས་ཐམས་ཅད་དུ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པའི་བག་ཆགས་ཀྱི་མཐུ་བརྟས་ཏེ། རྒྱལ་བའི་བསྟན་པ་ལ་རབ་ཏུ་འབྱུང་བར་འདོད་པའི་ཐུགས་འདུན་ཤུགས་དྲག་པོ་འཁྲུངས་ཤིང༌། དེ་ཡང་སྔོན་ཐུགས་བསྐྱེད་པ་ནས་བཟུང་ཡབ་སྲས་དམ་ཚིག་རྡེ་རྗེའི་ལུ་གུ་རྒྱུད་དུ་འབྲེལ་བས་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ཞལ་མཇལ་བར་ཤིན་ཏུ་རིངས་པར་གྱུར་ཏེ། དེ་ནས་དགུང་ལོ་བརྒྱད་པ་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོ་དབུས་ཕྱོགས་སུ་ཆིབས་བསྐྱོད་དེ་ཕོ་བྲང་ཆེན་པོ་པོ་ཏ་ལར་ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་ཉིན་ཐོག་མར་ཚོམས་ཆེན་དུ་རྒྱལ་བ་མཆོག་གི་ཞལ་མཇལ་ཡབ་སྲས་ཐུགས་ཤིན་ཏུ་མཉེས་པའི་གསུང་གླེང་མཛད།
ཟླ་བ་དེའི་ཚེས་ཉེར་གཅིག་གི་ཉིན་གཟིམ་ཆུང་བདེ་བ་ཅན་དུ་རྒྱལ་བ་མཆོག་ལ་ཆོས་ཞུ་བའི་དབུ་བཙུགས་ཏེ། ཐོག་མར་འཇམ་དཔལ་མཚན་བརྗོད་ཕན་ཡོན་དང་བཅས་པ། གདུགས་དཀར། རྒྱལ་བ་ཚེ་དཔག་མེད་ཀྱི་མཚན་བརྒྱ་རྩ་བརྒྱད་པ་ཚེ་མདོ་དང༌། ཤེར་སྙིང༌། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་སྒྲོལ་གསོལ་དང་བཅས་པ། ཕུང་པོ་གསུམ་པའི་མདོ། བཟང་སྤྱོད། བྱམས་སྨོན། སྤྱོ ད་འཇུག་སྨོན་ལམ། ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ཐོར་བུ་བ་རྣམས་ཀྱི་ལུང་གསན། ཟླ་བ་བདུན་པའི་ཚེས་གཉིས་ཀྱི་ཉིན་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ལས་གནས་བརྟན་ཕྱག་མཆོད་ཀྱི་ཆོ་གའི་ལུང་གསན། དེ་ནས་ཟླ་བ་བདུན་པའི་ཚེས་བཅོ་ལྔའི་ཉིན་གཟིམ་ཆུང་ཁམས་གསུམ་རྣམ་རྒྱལ་དུ་རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོས་མཁན་སློབ་ཟུང་འབྲེལ་མཛད་དེ་དགེ་བསྙེན་རབ་བྱུང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་རྣམས་ལེགས་པར་བཞེས། ཟླ་བ་བདུན་པའི་ཚེས་ཉེར་བཞིའི་ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་གི་སྔོན་འགྲོ་སྟ་གོན་དང༌། ཉེར་ལྔ་ལ་དབང་བཞི་རྫོགས་པར་གསན། ཟླ་བ་བརྒྱད་པའི་ཚེས་གཉིས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ལུང་གསན་འཕྲོ་ཡི་དམ་སྒྲུབ་སྐོ ར་ཡོངས་རྫོགས་དང༌། རྒྱ་དབོན་པོ་ལ་གནང་བའི་བླ་མའི་རྣལ་འབྱོར། བླ་མའི་རྣལ་འབྱོ ར་གོ་སླར་བཀོད་པ། ནི་གུ་ཆོས་དྲུག་གི་ཁྲིད་ཡེ་ཤེས་མཁའ་འགྲོའི་ཞལ་ལུང༌། དེའི་ཁྲིད་མདོར་བསྡུས་གནད་དོན་གསལ་བའི་མེ་ལོང༌། སྙིང་པོ་དོན་གསུམ་གྱི་ཁྲིད། མཁའ་སྤྱོད་མ་དཀར་མོའི་འཕོ་བ། མགོན་པོ་སྙིང་ཞུགས་ཀྱི་འཕོ་བ། ལྟ་ཁྲིད་ཐར་འདོད་འཇུག་ངོགས། ལྟ་ཁྲིད་སྙིང་གི་མུན་སེལ། བསམ་འགྲུབ་དཔལ་བཟང་ལ་གནང་བའི་ལྟ་ཁྲིད། རི་ཁྲོད་པ་བསམ་གཏན་ལ་གནང་བའི་ལྟ་ཁྲིད་ཚིགས་བཅད་མ། བྱང་སེམས་ཆེན་མོ་དཔལ་ལྡན་ནོར་འཛིན་སྒྲོལ་མ་ལ་གནང་བའི་ལྟ་ཁྲིད། རྡོ་རྗེ་རྒྱལ་མཚན་ལ་གནང་བའི་གསང་བ་འདུས་པའི་དཀའ་གནད། ཀུན་དགའ་དཔལ་མོ་ལ་གནང་བའི་བྱང་ཆུབ་སེམས་ཀྱི་བསྒོམ་ཚུལ། རྒྱལ་མཚན་དཔལ་གྱི་ངོར་གནང་བའི་ཚེམ་བུ་ལུགས་ཀྱི་དམར་ཁྲིད་ཚིགས་བཅད་མ། གཅོད་ཀྱི་རྩ་ཚིག་མདོར་བསྡུས་རྣམས་ཀྱི་ལུང་གསན།
ཚེས་བཞི་ནས་ཚེ་དཔག་མེད་དཀར་པོ། སེང་ལྡེ ང་ནགས་ཀྱི་སྒྲོལ་མ། འཇམ་དཔལ་ཨ་ར་པ་ཙ་ན། ཐུགས་རྗེ་ཆེན་པོ་ཁ་སརྤཱ་ཎི། ཕྱག་རྡོར་འབྱུང་འདུལ། ཡེ་ཤེས་ཁྱུང་ཁྲ། རྟ་མགྲིན་ཡང་གསང༌། ཡེ་ཤེས་མགོན་པོ་ཕྱག་དྲུག་པ། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད། ལས་གཤིན་སྒྲོལ་དཀར་རྣམས་ཀྱི་རྗེས་གནང་དང༌། རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་ཐོར་བུ་པའི་གྲས་དུ་མའི་ལུང་གསན། གཞན་ཡང་མདོ་མངས་ཀྱི་ནང་ཚན། དཔང་སྐོང་ཕྱག་རྒྱ་བ། འཆི་མེད་རྔ་སྒྲའི་གཟུངས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན། འདའ་ཁ་ཡེ་ཤེས། སྟོབས་པོ་ཆེ། གཙུག་ཏོར་འབར་བ། གཙུག་ཏོར་རྣམ་རྒྱལ། འོད་ཟེར་ཅན། གཟའ་ཡུམ་ཕྱོ གས་བཅུ་མུན་སེལ། བཀྲ་ཤིས་བརྩེགས་པ། ཚོང་དཔོན་ག་གོན་དང་བཟང་པོ་གཉིས་ལ་གནང་བའི་ཤིས་བརྗོད། རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས། མདོ་སྡུད་པ། བགྲེས་མོས་ཞུས་པ། ཁྱེའུ་རིན་ཆེན་ཟླ་བས་ཞུས་པ། མཆུ་སྡེ་ལྔ། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་རྣམས་དང༌། ཇོ་བསྟོད་སུམ་ཅུ་པ། དཔལ་ལྡན་ས་གསུམ་མ། རྣམ་དག་གངས་རི་མ། དཔལ་ལྡན་ཡོན་ཚོགས་མ་སོགས་ཀྱི་ལུང་རྣམས་གསན། དེ་ནས་རྣམ་ཐར་དད་པའི་འཇུག་ངོགས་ནས་དབུ་ཚུགས་ཙམ་ཞིག་མཛད། དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོས་རེ་ཤིག་གཞུང་ལུགས་རྣམས་ལ་སྦྱངས་པ་མཐར་ཕྱིན་པ་མཛད་དགོས་པ་སོགས་ཀྱི་ཞལ་ཏ་ལེགས་པར་གནང༌། རྗེ་འདི་པས་ཀྱང་རྒྱལ་དབང་མཆོག་ལ་ཞབས་པད་བསྐལ་བརྒྱར་བརྟན་པ་དང༌། མདོ་སྔགས་ཡོངས་རྫོགས་ཀྱི་ཆོས་ཀྱི་བདུད་རྩི་ཞུས་པ་དགོས་ཞེས་ཞུས་ཏེ་གཙང་ཕྱོགས་སུ་ཆིབས་ཁ་བསྐྱོད། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་རེ་ཤིག་སྐུ་མཚམས་མཛད།
ལོ་དེའི་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་སྤྱན་དྲངས་ཏེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ནས་བཟུང་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བར་འཇམ་མགོན་བསྟན་པའི་སྲོག་ཤིང་འཛིན་པའི་དམ་པ་བར་མ་ཆད་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྲི་ལ་ཞབས་སེན་བཀོད་དེ་ལྷ་དང་བཅས་པའི་འགྲོ་བ་མ་ལུས་དབུགས་ཕྱིན་པར་མཛད་དོ། །ཚུལ་འདི་ལ་རྗེ་རང་ཉིད་ཀྱི་ཞལ་ནས། གདོད་ནས་བསོད་ནམས་བརྒྱ་ཡིས་ཉེར་བསྒྲུབས་རྟེན། །དལ་འབྱོར་ཡོངས་འདུ་གཏན་བདེའི་མཆོག་སྟེར་བ། །ཚེ་འདིའི་ཕུན་ཚོགས་བསྒྲུབ་བློའི་བ་མོ་ཡིས། །མ་བཅོམ་ངེས་ལེགས་འབྲས་བུ་སྨིན་རེ་ནས། །མཆོག་གསུམ་ངོ་བོ་རྗེ་བཙུན་པད་དཀར་འཛིན། །ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི་སྡེར། །གུས་པས་བཏུད་དེ་ཚངས་སྤྱོད་བརྟུལ་ཞུགས་བླངས། །མགོན་དེའི་སྤྱན་སྔར་ཇི་ལྟར་ཁས་བླངས་པའི། །བསླབ་གཞི་ཕྲ་རགས་བཅས་པའི་མཚམས་ལའང༌། །ཉེས་པའི་སྐྱོན་གྱིས་ནམ་ཡང་མ་གོས་པར། །བྱའོ་སྙམ་པའི་བློ་དཔུང་ཡང་དག་བསྐྱེད། །མཆོག་གསུམ་ངོ་བོ་ཐམས་ཅད་མཁྱེན་པ་ཡི། །ཐུགས་རྗེའི་གཟི་དང་བཅོམ་ལྡན་སྣང་མཐའི་མགོན། །བཤེས་གཉེན་ཚུལ་བཟུང་བློ་བཟང་ཆོས་རྒྱན་རྗེའི། །མཚན་གྱི་བྱིན་རླབས་བཟང་པོ་ཉེར་ཞུགས་མཐུས། །འདུས་ལྡན་རྒྱ་མཚོའི་ཚོགས་ཀྱི་དབུས་ཉིད་དུ། །སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན་པ་ཡི། །ཆོས་ཀྱི་ཁྲི་ལ་ཅི་དགའ་སྤྱོད་ཅིག་ཅེས། །མང་པོས་བཀུར་བའི་མི་རྗེ་ཇི་བཞིན་དུ། །འདུས་ཚོགས་སྦྱིན་བདག་བཅས་པས་མངའ་གསོལ་མཛོད། །ཅེས་གསུངས་སོ། །དེ་སྐབས་ཆོས་གྲྭ་ཆེན་པོར་འབྲུམ་བུའི་ནད་བྱུང་བར་དབེན་གནས་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་འབྲུམ་ཡོལ་ལ་ཕེབས། བྱང་ཆེན་དུ་བཞུགས་རིང་མདོ་སྡུད་པ། འཇམ་དཔལ་མཚན་བརྗོད། བྱང་ཆུབ་ལམ་གྱི་སྒྲོན་མ། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་མདུན་ལེགས་མ། བླ་མ་ལྔ་བཅུ་པ། བློ་སྦྱོང་མཚོན་ཆ་འཁོར་ལོ། རྨ་བྱ་དུག་འཇོམས་རྗེ་བཙུན་བྱམས་པའི་བསྟོད་པ་ཚངས་ཅོད་མ། རྗེ་བཙུན་འཇམ་དབྱངས་ཀྱི་བསྟོད་པ་བསྟོད་སྤྲིན་རྒྱ་མཚོ་སོགས་བསྟོད་ཆེན་བཞི། གཞན་ཡང་ཆོས་གྲྭ་ཆེན་པོར་འདོན་སྲོལ་ཡོད་པའི་ཆོས་སྤྱོད་ཀྱི་སྐོར་སོགས་ལྗགས་འཛིན་དེ་རྒྱུན་དུ་ཞལ་འདོན་དུ་མཛད།
བྱང་ཆེན་དུ་བཞུགས་རིང་ཐུགས་དམ་ཤིན་དུ་འཕེལ་བས་ནུབ་གཅིག་མནལ་ལམ་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ་ཞབས་འོག་ན་སྲོག་ཆགས་མེད་པ་ཞིག་དང༌། ཆོས་རྒྱལ་ལ་མ་ཧེ་མེད་པ་ཞིག་དང༌། དཔལ་ལྡན་ལྷ་མོ་དྲེའུ་མེད་པ་སོགས་ཆོས་སྐྱོང་བའི་སྲུང་མ་དུ་མ་མངོན་སུམ་དུ་གཟིགས་པ་ལྟ་བུའི་སྣང་བ་དང༌། ཁྱད་པར་རྡོ་རྗེ་འཇིགས་བྱེད་ལ་ཕར་བཀའ་བསྒོ་བྱེད་པ་ཞིག་རྨིས་གསུངས་ཏེ། དོན་དུ་དེ་སྐབས་ལྷག་པའི་ལྷ་དང་སྲུང་མ་མང་པོའི་ཞལ་གཟིགས་པ་ཡིན་ཞེས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་བློ་བཟང་དཔལ་ལྡན་ཡེ་ཤེས་དེ་ཉིད་གསུང་ངོ༌། །དེའི་ཚེ་རི་ཁྲོད་པ་རྣམས་ལ་ཆོས་ཀྱི་བདུད་རྩིའང་ཁ་ཡར་སྩལ་ཞིང༌། འབྲུམ་ཐག་ཆོད་ནས་བཀྲ་ཤིས་ལྷུན་པོར་ཆིབས་ཁ་བསྐྱོད་སྔགས་ཁང་དུ་གདན་དྲངས་ཏེ་རྒྱུད་གྲྭ་བཞུགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཆོས་ཀྱི་བདུད་རྩི་སྩལ།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn