པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-26 14:36:44     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

28363811256457924.jpg 

                    བློ་གྲོས་ཡངས་པའི་སྐལ་བཟང་གདུལ་བྱའི་ཚོགས། །གཙུག་ན་བསོད་ནམས་ཡེ་ཤེས་འབྲས་བུ་ཡིས། །ལེགས་དུད་རླུང་གི་རྒྱལ་མཚན་ལྟར་བཀྲ་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ་རིན་པོ་ཆེ་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ནི། སྔོན་བྱོན་དམ་པ་མང་པོས་བྱིན་གྱིས་བརླབས་པའི་ཡུལ་ཐོབ་རྒྱལ་བྲུལ་ཚང་དུ་མཛེས་བྱེད་ཅེས་པ་ཆུ་མོ་ཡོས་ལོའི་ཟླ་བ་བདུན་པའི་ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང་མཉམ་དུ་ཡབ་ཞབས་དྲུང་བསོད་ནམས་དབང་གྲགས་དང༌། ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་བསམ་བཞིན་དུ་སྐུ་འཁྲུངས། དེའི་ཚེ་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ད་ནི་འགྲོ་བ་མགོན་དང་བཅས་སོ་ཞེས་དགའ་བའི་དབྱངས་ས་གསུམ་འགེངས་པར་བསྒྲགས་ཤིང༌། བདག་ཉིད་ཆེན་པོ་འདི་ལ་མཆོད་དོན་དུ་མཁའ་དབྱིངས་འཇའ་འོད་ཀྱིས་ཁྱབ་ཅིང་མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་བལྟས་བསམ་གྱིས་མི་ཁྱབ་པ་བསྟན།དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ཁྲུས་གསོལ་བ་དང་ཆབས་ཅིག་པར་ཡབ་ཡུམ་གཉིས་ཀྱིས་ཀྱང་ཁྲུས་ཕུལ་ཏེ་མངལ་གྱི་དྲི་མས་གོས་པ་རྣམས་ལེགས་པར་དག་པར་བྱས་ཏེ། ཁྱེའུ་ཆུ་ཤེལ་དྲི་མ་མེད་པ་ལྟར་སྐུ་ལུས་དཀར་ལ་དམར་བའི་མདངས་ཆགས་པ། ཞི་ཞིང་དེས་པའི་ངང་ཚུལ་འཛུམ་མདངས་ཅན་དབུ་གདུགས་ལྟ་བུ། དཔྲལ་བའི་དབྱེས་ཆེ་བ། ཤངས་ཀྱི་གཟེང་མཐོ་བ། སྙན་དུང་གཡས་འཁྱིལ་གྱི་རྣམ་པར་ཡོད་པ། སྤྱན་ཨུཏྤ་ལའི་འདབ་མ་ལྟར་མཛེས་པ། ཡན་ལག་དང་ཉིང་ལག་རྒྱས་ལ་དཀུ་སྐབས་ཕྱེད་པ་དང༌། དབང་པོ་ཡོངས་སུ་གསལ་ཞིང་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞིག་བྱུང་ངོ༌། །

                    བཙས་ནས་རིང་པོ་མ་ལོན་པར་བླ་མ་མཁྱེན་ཞེས་ཆོས་ཀྱི་སྒྲ་དབྱངས་བསྒྲགས་ཤིང༌། ལྷ་དང་སྲུང་མས་ལུང་བསྟན་པ་ལྟར་མཚན་བསོད་ནམས་བསྟན་པའི་རྒྱལ་མཚན་ཞེས་བཏགས། དེ་ནས་ཡབ་ཡུམ་གཉིས་ཀྱིས་དཀོན་མཆོག་གི་མཆོད་པ། དགེ་འདུན་གྱི་སྡེ་ལ་བསྙེ ན་བཀུར་དཀར་ཕྱོགས་སྐྱོང་བའི་སྲུང་མ་རྣམས་ལ་མཆོད་གཏོར་རྒྱ་ཆེར་ཕུལ་བཙས་སྟོན་གྱིས་གཉེན་དང་ཉེ་དུ་རྣམས་ཚིམ་པར་བྱས་ཤིང་མཐུན་པའི་དངོས་པོ་དག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་ལྟར་བསྐྱེད་དྲག་པར་གྱུར་ཏོ། །དེ་ནས་བདག་ཉིད་ཆེན་པོ་འདི་ལ་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་མཆོད་པའི་རྟགས་རྒྱུན་དུ་འབྱུང་བ་དང༌། བྱིས་པ་ཐ་མལ་པའི་སྤྱོད་པ་ལས་ལོག་སྟེ་སྐྱིལ་ཀྲུང་བཅས་ནས་ཆོས་དང་མཐུན་པའི་གསུང་ཡང་ཡང་གནང་བ་དང༌། ཆོས་སྟོན་པའི་ཕྱག་རྒྱ་མཛད་པ་སོགས་སྐུའི་རྣམ་འགྱུར་གྱིས་ཕྱོགས་དེའི་སྐྱེ་བོ་ཐམས་ཅད་རང་དབང་མེད་པར་དད་པར་གྱུར་པ་དང༌། རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཞིང་གཤེགས་ཁར་གསོལ་དཔོན་བློ་བཟང་བསྟན་འཛིན་ལ་བྲུལ་ཚང་དུ་ཕེབས་པའི་བརྡ་སྟོན་པར་མཛད་པ་དང་སྤྲུལ་པའི་སྐུ་ལ་བཅང་རྒྱུའི་སྲུང་མདུད་འདི་བཞིན་ཕུལ་ཅིག་བརྡ་མཛད་དེ་སྲུང་མདུད་གསུམ་བཞུགས་གདན་གྱི་འོག་ཏུ་འཇོག་པར་མཛད་པ་སོགས་ཀྱིས་ཞབས་འབྲིང་བ་རྣམས་བྲུལ་ཚང་གི་སྲས་དེ་མཆོག་གི་སྤྲུལ་སྐུ་ཡིན་པར་ཡིད་ཆེས་རྙེད་ཀྱང་ཕྱི་ཆར་དུ་གསུངས་ཤིང༌། སྣ་ཚོགས་དབྱི ག་ཅེས་པ་ཤིང་མོ་སྦྲུལ་གྱི་ལོ་དགུང་ལོ་གསུམ་གྱི་ཐོག་གསང་སྟབས་ཀྱིས་བཀྲ་ཤིས་ལྷུན་པོར་གདན་དྲངས། རྒྱལ་མཚན་མཐོན་པོའི་གཟིམ་ཁང་དུ་ཕེབས་པའི་ཉིན་ཞབས་ཕྱི་ནང་འཁོར་མ་གཏོགས་གཞན་གྱིས་མ་ཚོར་ཡང་ཕྱི་ནང་རྟགས་རྟེན་འབྲེལ་ཁྱད་པར་ཅན་མང་དུ་བྱུང་ཞིང༌།

                   ཁྱད་པར་རྟ་དཀར་པོ་དུང་གི་མདོག་ཅན་ཁྱད་པར་དུ་འཕགས་པ་ཞིག་འཁྲིད་ནས་འདི་འབུལ་རྒྱུ་ཡིན་ཟེར་རྟ་དེ་བདེ་ཡངས་སུ་བཏགས་ཏེ་འབུལ་མི་དེ་གར་སོང་ཆ་མེད་པ་ཞིག་བྱུང་བས་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཞིག་གིས་ཕུལ་བར་ངེས་པ་སོགས་ངོ་མཚར་ཡ་མཚན་ཆེ་བ་དཔག་ཏུ་མེད་པ་བྱུང་ཞིང་གཟིམ་ཆུང་མདོ་སྦུགས་རྣམས་སུ་ཕེབས་ལུགས་དང་བཞུགས་ལུགས། ཐུགས་དམ་རྟེན་རྣམས་ལ་ངོས་འཛིན་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་རང་ཉིད་ཀྱིས་ཇི་ལྟར་མཛད་པ་ལྟར་མཛད་པས་ཀུན་ཡིད་ཆེས་བླ་ན་མེད་པ་ཐོབ། མི་རིང་བར་གསང་སྟབས་ཀྱིས་བྲུལ་ཚང་ཉིད་དུ་ཕེབས་དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་མཚོར་རྒྱུ་མཚན་སྙན་ཞུ་ཕུལ་བར། སྔགས་པ་བླ་མ་དཀོན་མཆོག་རྒྱལ་མཚན་པ་རྗེ་དེ་ཉིད་ཀྱི་ཐུགས་སྲས་ཐུ་བོ་ཡིན་པ་དང༌། ལུང་རྟོགས་ཀྱི་ཡོན་ཏན་གང་ས་ནས་བཟང་བ་བཅས་ཁོང་པ་ཕེབས་ནས་བརྟག་དཔྱད་བྱས་ན་ལེགས་ཞེས་ཕེབས་པར་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ཕེབས་ཏེ་བརྟག་དཔྱད་མཛད་པས་མཆོག་སྤྲུལ་དུ་འཁྲུལ་མེད་ཀྱི་ངེས་པ་བརྟན་པོ་རྙེད་ནས་སྐུ་ཁྲུས་གསོལ་ཞིང་སྐུ་ཚེ་རིང་དུ་གནས་པའི་རྟེན་འབྲེལ་བསྒྲིགས། དེ་ནས་རྒྱལ་བ་ཐབས་ཅད་མཁྱེན་པར་ཚུལ་འདི་ལྟར་སྣང་ཞེས་ཞུས་པར་དགྱེས་པ་ཆེན་པོས་འཕྲལ་དུ་གདན་སར་གདན་འདྲེན་ཞུ་དགོས་ཚུལ་ཕེབས་པར་སྤྲེའུ་ཞེས་པ་མེ་མོ་ལུག་གི་ལོ་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་གྱི་ཉིན་ཁྱིམ་པའི་རྟགས་རྣམས་དོར། ན་བཟའ་ངུར་སྨྲིག་དང་པཎ་ཞྭ་གསོལ་ཏེ་སྔར་སྤྲུལ་པའི་ཆོས་སྐྱོང་གིས་ཕུལ་བའི་ཆིབས་དུང་གི་མདོག་ཅན་དེ་ལ་ཆིབས་ནས་བྲུལ་ཚང་ནས་ཆིབས་བསྐྱོད་དེ་ལམ་བར་གྱི་སེར་སྐྱ་བགྲང་བ་ལས་འདས་པ་ལ་མཐོ་རིས་དང་ཐར་པའི་ས་བོན་ཐེབས་པར་མཛད་ཅིང་རིམ་གྱིས་ཆིབས་བསྐྱོད་དེ་བཀྲ་ཤིས་ལྷུན་པོར་སྙུག་མར་གནས་པ་དང་ཕྱོགས་འདུས་ཀྱི་དགེ་འདུན་ཁྲི་ཁྲག་བརྒལ་བས་མཆོད་པའི་བྱེ་བྲག་སྣ་ཚོགས་ཐོགས་པས་བསུས་ཏེ་ཟླ་བ་བཅུ་པའི་ཚེས་བཅུ་བདུན་གྱི་ཉིན་གཟིམ་ཁང་རྒྱལ་མཚན་མཐོན་པོར་ཕེབས། དེའི་སང་ཉིན་ཚེས་བཅོ་བརྒྱད་ཀྱི་ཉིན་གཟིམ་ཆུང་ཡིད་དགའ་ཆོས་འཛིན་དུ་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བཞུགས་ཁྲི་ལ་བཞུགས་སུ་གསོལ་ཏེ་དབང་བསྐུར། རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་ཚབ་སོགས་འཛིན་མའི་ཁྱོན་ལ་གནས་པའི་ཆེ་དགུ་ཀུན་གྱིས་མཆོད་ནས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ཅིང་མེ་ཏོག་གཏོར་ཏེ་རྒྱལ་བ་ཐམས་ཅད་མཁྱེན་པའི་བཀས་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ཞེས་མཚན་གསོལ་ཏོ། །

                  ཚུལ་འདི་ལ་རྗེ་རང་ཉིད་ཀྱི་ཞལ་ནས། རྒྱལ་བས་མདོ་རྒྱུད་དུ་མར་བཟང་ངན་གྱི། །ལས་སྤྱད་འབྲས་བུ་ཇི་བཞིན་སྨིན་གསུངས་བཞིན། །སྔོན་ནས་རྣམ་དཀར་ས་བོན་ལེགས་བཏབ་མཐུ། །ཉེར་བརྟས་ཚངས་སྤྱོད་རྟེན་རུང་མི་ལུས་ལྗོན། །ཕྱག་ན་པདྨོ་བློ་བཟང་རྒྱ་མཚོའི་སྡེའི། །ཐུགས་རྗེའི་མཁའ་ལ་བྱིན་རླབས་གྲུ་ཆར་རྒྱུན། །ཉེར་འཁྲིགས་བློ་བཟང་ཆོས་རྒྱན་མཚན་བྱི ན་དང༌། །ལྷན་ཅིག་ལེགས་ཕབ་རིས་མེད་འགྲོ་ཚོགས་ལ། །འདི་ཕྱི་གཏན་དུ་ཕན་བདེའི་མཆོག་སྩོལ་མཁན། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཡོངས་འདུ་ཆེ། །མཉེས་པར་གྱུར་ཅིག་དགོངས་པའི་ཐུགས་བརྩེར་བཅས། །ཐུབ་བསྟན་ལྷ་ཡི་དགའ་ཚལ་མཛེས་རྒྱན་བསྐྲུན། །ཞེས་གསུངས་སོ། །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།