རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར་གཉིས་པ།
དེ་སྐབས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དབེན་དགོན་དུ་ཕེབས་པ་ཞིག་གི་དུས། ནཱ་རོ་ཆོས་དྲུག་གི་ཟབ་ཁྲིད་རྒྱས་པ་ཞིག་དགོས་ཞེས་པར་ཞུས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་དེ་ཉིད་སྤྱིར་ཡང་དབེན་པའི་རི་སུལ་དུ་སྒྲུབ་པ་བྱེད་པ་རྣམས་ལ་ཤིན་ཏུ་དགྱེས་ཤིང༌། ལྷག་པར་དམ་པ་འདི་ཉིད་སྤྱན་གྱི་འབྲས་བུ་ལྟར་སྐྱོང་བར་མཛད་པས་མཚམས་གྲོལ་ན་དགེ་སྦྱོར་ལ་གཡེང་བ་ཡོང་གསུངས་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ཉིད་དམ་པ་འདིའི་སྒྲུབ་ཁང་དུ་ཕེབས་ནས་ནཱ་རོ་ཆོས་དྲུག་གི་ཁྲིད་རྒྱས་པར་སྩལ་ཞིང་སྒྲུབ་པ་མཐར་ཕྱིན་པའི་ཕྱིར་ལམ་གྱིས་གེགས་སེལ་བོགས་འདོན་རྣམས་ཞིབ་པར་གསུངས།
གཞན་ཡང་མཚམས་ཁོངས་སུ་གྲུབ་པའི་དབང་ཕྱུག་གནས་བཅུ་རབ་འབྱམས་པ་དགེ་འདུན་རྒྱལ་མཚན་གདན་དྲངས་ནས་མན་ངག་དུ་མ་གསན་ཞིང༌། ལྷག་པར་ནཱ་རོ་ཆོས་དྲུག་སྐོར་སོགས་འཁྲུལ་འཁོར་གྱི་སྐོར་རྣམས་མཐིལ་ཕྱིན་པར་ཞུས་ནས་སྦྱངས་ཏེ་གདེང་ཐོབ་པར་མཛད་དེ་ལྟར་སྒྲུབ་པ་ཡུན་རིང་དུ་མཛད་ནས་ཉམས་རྟོགས་གོང་འཕེལ་དུ་གྱུར་ཏེ་ཚེ་འདི་ལ་གཉེན་ཉེ་འབྲེལ་ནོར་ལོངས་སྤྱོད་གང་ལའང་ཆགས་པ་མེད་པར་སྒྲུབ་པ་མཐར་ཕྱིན་པ་དཔལ་ཤ་བ་རི་དང་མཚུངས་པ་ཞིག་བྱེད་དགོངས་པ་ཡོད་པ་ལ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བཀྲ་ཤིས་ལྷུན་པོ་རྒྱུད་གྲྭ་གསར་འཛུགས་མཛད་དེ་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཐར་ཕྱིན་པའི་དགེ་བའི་བཤེས་གཉེན་ཤ་སྟག་བསྡུས་ཏེ་རྒྱུད་གྲྭར་གཞུག་པར་མཛད་པའི་མགོན་དུ་དམ་པ་འདི་ཉིད་འབྱོན་དགོས་པའི་བཀའ་ཕེབས་པ་ན་ཚེ་མཚམས་ལ་བཞུགས་པ་ཡིན་ཡང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་པ་བས་བླ་མའི་བ་སྤུའི་བུ་ག་གཅིག་མཆོད་པ་ཕན་ཡོན་ཆེ་བར་གསུངས་པ་དང༌། སངས་རྒྱས་ཀྱི་སར་མྱུར་བ་མྱུར་བར་བགྲོད་པ་ལ་རྡོ་རྗེ་སློབ་དཔོན་གྱི་བཀའ་བཞིན་སྒྲུབ་པ་ཉིད་བསྔགས་པར་རྒྱུད་དང་གྲུབ་ཆེན་གྱི་གཞུང་ཐམས་ཅད་ལས་གསུངས་པའི་ཚུལ་ལ་ངེས་པ་རྙེད་ནས་ཚམ་ཚོམ་མེད་པར་མཚམས་གྲོལ་ཏེ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་བཞིན་བཀྲ་ཤིས་ལྷུན་པོའི་སྔགས་ཁང་གི་གདན་སར་ཕེབས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འགྲེལ་པ་སྒྲོན་གསལ་མཆན་བུ། བསྡུས་དོན། མཐའ་གཅོད་བཞིའི་སྒོ་ནས་འགྲེལ་ཚུལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་མན་ངག་རྣམས་ལེགས་པར་ཞུས་མཐའ་དྲུག་དང་ཚུལ་བཞིའི་དཀའ་གནས་རྣམས་ལ་ཁོང་ན་གནས་པའི་དོགས་པ་ཕྲ་མོའང་ཆོད་པར་མཛད་ནས་རྒྱུད་གྲྭར་བཞུགས་པའི་རབ་འབྱམས་སྨྲ་བའི་སྡེ་རྣམས་ལ་ཆུ་བོའི་རྒྱུན་ལྟར་བཤད་ཅིང༌། དཔལ་གསང་བ་འདུས་པ་གཙོ་བོར་བཏོན། དཔལ་འཁོར་ལོ་སྡོམ་པ་རྡོ་རྗེ་འཇིགས་བྱེད། དུས་ཀྱི་འཁོར་ལོ་རྣམས་ཀྱི་དབང་ལུང་མན་ངག་རྣམས་ཀྱང་རྒྱ་ཆེར་གནང་བས་རྒྱུད་གྲྭར་བཞུགས་པའི་རབ་འབྱམས་སྨྲ་བའི་སྡེ་རྣམས་དང༌། ཕྱོགས་མཐའ་དག་ནས་འདུས་པའི་དོན་གཉེར་ཅན་མཐའ་དག་གསང་ཆེན་རྡོ་རྗེ་ཐེག་པའི་བདུད་རྩིས་ཚིམ་ནས་དམ་པ་འདི་ལ་རྡོ་རྗེ་འཆང་དངོས་ཀྱི་འདུ་ཤེས་སྐྱེས་ཏེ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་མཚན་ཡོངས་སུ་གྲགས་པར་གྱུར། དེ་སྐབས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དགུང་ལོ་བརྒྱར་ཉེ་བའི་དུས་སུ་ཕེབས་ནས་ཕྱོགས་ཀྱི་ཐ་གྲུ་ཀུན་ནས་འདུས་པའི་ཆོས་དོན་གཉེར་བ་རྣམས་ལ་ཆོས་བཀའ་ཧ་ཅང་རྒྱ་ཆེ་བ་གནང་བར་མ་མཛད་པ་ན། རྡོ་རྗེ་འཛིན་པ་ཆེན་པོ་འདིས་གདུལ་བྱ་སོ་སོའི་དབང་པོའི་རིམ་པ་དང་འཚམས་པར་ལམ་རིམ་གྱི་ཁྲིད་དང༌། བློ་སྦྱོང་གི་ཁྲིད་དང༌། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་དང༌།བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད་སོགས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་སྩོལ་བར་མཛད།
དེ་ནས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞིང་གཤེགས་ནས་ཀྱང་རེ་ཤིག་སྔགས་ཁང་གི་གདན་ས་མཛད་དེ་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་མན་ངག་རྣམས་མི་ནུབ་པར་བཟུང་ཞིང་སྤེལ། དེ་ནས་བྲུལ་ཚང་དུ་མཆོག་གི་སྤྲུལ་སྐུ་ཕེབས་པ་ན་གོང་ས་ལྔ་པ་ཆེན་པོས་བཀྲ་ཤིས་ལྷུན་པོའི་སྔགས་ཁང་གི་གདན་ས་པ་དེ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་དེ་ཉིད་ཀྱི་ཐུགས་སྲས་ཐུ་བོ་ལུང་རྟོགས་ཀྱི་ཡོན་ཏན་གང་ས་ནས་བཟང་བ་ཞིག་ཡིན་འདུག་པས་མཆོག་གི་སྤྲུལ་སྐུར་བརྟག་དཔྱད་བྱེད་པ་དང་ངོས་འཛིན་པར་ཁོང་པ་བྱོན་ན་ལེགས་ཞེས་བཀའ་ཕེབས་ལྟར་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ཉིད་བྲུལ་ཚང་དུ་ཕེབས་ཏེ་བརྟག་དཔྱད་མཛད་པས་མཆོག་གི་སྤྲུལ་སྐུར་འཁྲུལ་མེད་ཀྱི་ངེས་པ་རྙེད་ནས་སྐུ་ཁྲུས་གསོལ་བ་དང༌། སྐུ་ཚེ་རིང་པའི་རྟེན་འབྲེ ལ་བསྒྲིག་པ་སོགས་མཛད། དེ་ནས་མཆོག་གི་སྤྲུལ་སྐུ་བཀྲ་ཤིས་ལྷུན་པོར་གདན་དྲངས། འགྲོ་བ་ལྷ་དང་བཅས་པའི་མགོན་དུ་མངའ་གསོལ་གྲུབ་ནས་སྔགས་ཁང་གི་གདན་ས་བཞག་སྟེ་ཤངས་མཁའ་སྤྱོད་གཟིམ་སྤྱིལ་གསར་བསྐྲུན་གནང་ནས་སྤོང་བ་པའི་སྡེ་དང་བཅས་བཞུགས་ཏེ། འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པ་འཛིན་ཅིང་སྤེལ་བར་མཛད། དེ་ནས་མཆོག་གི་སྤྲུལ་པའི་སྐུ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་དགུང་ལོ་ཉི་ཤུར་ཕེབས་པའི་ཚེ་རྡོ་རྗེ་འཛིན་པ་འདི་ཉིད་བླ་བྲང་རྒྱལ་མཚན་མཐོན་པོར་གདན་དྲངས། རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་མན་ངག་རྣམས་ཡོངས་སུ་རྫོགས་པ་ཞིག་གནང་དགོས་པར་གསོལ་བ་བཏབ་པ་ན། རྡོ་རྗེ་འཛིན་པ་ཆེན་པོ་འདིས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ་བླ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་དགའ་ལྡན་ཉིད་དུ་བཞུགས་ཏེ་ཐོག་མར་རྗེ་བཙུན་བློ་བཟང་ཡེ་ཤེས་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ། དེ་ནས་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་སྟེང་ནས་ལམ་ཁྲིད་དཔལ་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ཞལ་ཤེས་ཡོངས་སུ་རྫོགས་པ་དང༌། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་སྔོན་འགྲོ་ཁྲིད་ཆེན་བཞི་དང་བཅས་པ། ལྷག་པར་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཟབ་ལམ་བླ་མ་ལྷའི་རྣལ་འབྱོར་གྱི་ཁྲིད་མན་ངག་ཞལ་ཤེས་མཐའ་དག་ཡོངས་སུ་རྫོགས་པ་དང༌། གསང་བདེ་འཇིགས་གསུམ་གྱི་དབང་ལུང་བསྐྱིད་རྫོགས་ཀྱི་ཁྲིད་རྣམས་ཡོངས་སུ་རྫོགས་པ་དང༌། གྲུབ་ཆེན་དྲིལ་བུ་ལུགས་ཀྱི་ཕྱི ་ནང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་ཟབ་ཁྲིད་རྣམས་ཡོངས་སུ་རྫོགས་པ་དང་གཞན་ཡང་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ལུང་མན་ངག་མཐའ་ཡས་པ་དང༌། ཡོངས་སུ་གྲགས་པའི་ཆོས་སྐྱོང་རྣམས་ཀྱི་རྗེས་གནང་སོགས་རྗེས་མཐའ་ཡས་པ་གནང་ཞིང་ཆོས་ཀྱི་བདག་པོ་ལ་འཕྲོད་པར་མཛད་ནས་སྐུ་ཚེ་འདིའི་མཛད་པ་ཐམས་ཅད་རྫོགས་པ་དགུང་ལོ་བདུན་ཅུ་དོན་དྲུག་པ་རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོ་ལ་བཀྲ་ཤིས་ལྷུན་པོའི་བླ་བྲང་རྒྱལ་མཚན་མཐོན་པོ་ཉིད་དུ་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ནང་གི་མངོན་བྱང་མཚུངས་པར་སྐུའི་བཀོད་པ་བསྡུས་ཏེ་འོད་གསལ་ཆོས་སྐུ་མངོན་དུ་མཛད།
དེའི་ཚེ་བདེ་མཆོག་རྩ་རྒྱུད་ནས་ཇི་ལྟར་གསུངས་པ་ལྟར་གྱི་འོད་གསལ་མངོན་དུ་མཛད་པའི་ཕྱི་ནང་གི་རྟགས་རྟེན་འབྲེལ་རྣམས་ཚང་བར་བྱུང་སྟེ་ནམ་མཁའ་དྭངས་ཤིང་འཇའ་འོད་ཀྱིས་ཁྱབ་པ་སོགས་སྐྱེ་བོ་ཀུན་ལ་མཐུན་སྣང་དུ་བྱུང་སྟེ་མཆོག་དམན་བར་མའི་སྐྱེ་བོ་མཐའ་དག་དད་ཅིང་གུས་པ་དང་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པ་ལ་ཡིད་ཆེས་རྙེད་པར་མཛད་དོ། །དེ་ནས་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མ་མཆོད་པ་དོན་ཆེའོ་ཞེས་ཀུན་ལ་འདོམས་པའི་ཕྱིར་སྐུ་གདུང་ལ་མཆོད་པ་ཚད་མེད་པས་མཆོད་དེ་དཔལ་དབེན་ས་པ་སྙན་བརྒྱུད་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ་སྐུ་གདུང་རིལ་པོར་དངུལ་གྱི་མཆོད་རྟེན་གྱི་བུམ་པའི་ནང་དུ་བཞུགས་ཏེ་བཀྲ་ཤིས་ལྷུན་པོའི་སྔགས་ཁང་ན་བཞུགས་སོ། །རྡོ་རྗེ་འཛིན་པ་ཆེན་པོ་འདིས་མཆོག་དམན་བར་མ་བགྲང་བ་ལས་འདས་པ་ལ་མདོ་སྔགས་ཀྱི་ཆོས་ཀྱི་བདུད་རྩི་རྒྱ་ཆེར་སྩལ་བས་རྒྱུད་འཛིན་ཡང་དེ་སྙེད་བྱུང་མོད། གཙོ་བོ་ནི་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་བདག་པོ་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོའོ། །གཞན་ཡང་རྡོ་རྗེ་འཛིན་པ་དགེ་ལེགས་རབ་རྒྱས། རྡོ་རྗེ་འཛིན་པ་བློ་བཟང་མགོན་པོ། རྗེ་ཞལ་སྔ་ནས་འཇམ་དབྱངས་ཆོས་འཕེལ། སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་འཕྲིན་ལས། ལྕང་སྐྱ་སྤྲུལ་བའི་སྐུ་ངག་དབང་བློ་བཟང་ཆོས་ལྡན་སོགས་བསྟན་འཛིན་དམ་པ་མང་དུ་བྱོན་ནོ། །
རྡོ་རྗེ་འཛིན་པ་ཆེན་པོ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་མན་ངག་ཞལ་ཤེས་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་སྔོན་འགྲོ་ཁྲིད་ཆེན་བཞི། བློ་སྦྱོང་སྡུག་བསྔལ་ལམ་ཁྱེར་དང་དོན་བདུན་མའི་འགྲེལ་པ། འཁོར་ལོ་སྡོམ་པའི་དཀྱིལ་ཆོག །བདེ་མཆོག་ལུས་དཀྱིལ་གྱི་མངོན་རྟོགས། ལྷོ་སྒོའི་ཆོ་ག དྲིལ་བུ་ལྷ་ལྔའི་མངོན་རྟོ གས། འདུས་པའི་རྡུལ་ཚོན་ཆབ་ལ་འདྲེན་ཚུལ། ནམ་མཁའ་སྒོ་འབྱེད་ཀྱི་དབང་བསྐུར་ཚུལ། ཀླུ་གཏོར་བྱ་ཚུལ། སྭཙྪའི་ཆོ་ག་སོགས་ཉེར་མཁོ་ཁ་ཤས་ཡོ་གེ་བརྒྱ་པའི་འགྲེལ་པ། སོ་སྐྱེ་ཐ་མལ་པའི་རུས་ཆོག །ལམ་རིམ་ཚིགས་བཅད་མ། ཞི་གནས་ཀྱི་ཡིག་ཆུང་དང་བཅས་པ། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་དཀྱིལ་ཡོངས་སུ་རྫོགས་པའི་ཆོག་བསྒྲིགས། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཆོག་བསྒྲིགས་རྣམས་མཛད་དོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ལ་གསོལ་བ་འདེབས་ཤིང་དམ་པ་འདིའི་རྣམ་ཐར་ལྟར་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དམ་པའི་མགོན་ལ་བརྟེན་ནས་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་འཁྲུལ་མེད་ཀྱི་ངེས་པ་བརྟན་པོ་རྙེད་པར་བྱ་བ་དང༌། ངེས་པ་རྙེད་ནས་ཚེ་འདིའི་འཁྲི་བ་བཅད་དེ་དབེན་པའི་གནས་སུ་ལམ་ཆ་ཚང་ལ་སྒྲུབ་པ་སྙིང་པོར་བྱའོ།། །།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn