རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར་དང་བོ།
དཀོན་མཆོག་གསུམ་གྱི་མཁྱེན་བརྩེ་གཅིག་བསྡུས་ནས། །རྒྱལ་བ་གཉིས་པའི་ལུང་རྟོགས་དམ་ཆོས་ཀྱི། །བཤད་སྒྲུབ་རྒྱལ་མཚན་འཛིན་པའི་མཆོག་གྱུར་པ། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ནི། ལ་སྟོད་ཤེལ་དཀར་གྱི་ས་ཕྱོགས་མཚོ་སྒོ་ལྷུན་གྲུབ་སྒང་ཆེན་ནས་ཀྱི་སྲས་སུ་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོར་སྐུ་འཁྲུངས། སྔོན་གྱི་བག་ཆགས་བཟང་པོས་གཞོན་ནུའི་དུས་ཉིད་ནས་སྡེ་དཔོན་ཆེན་པོའི་སྟོབས་འབྱོར་ལ་མ་ཆགས་པར་ཆོས་རྣམ་དག་ཅིག་བྱེད་པར་ཐུགས་འདུན་འཁྲུངས། ཡབ་ཡུམ་འབངས་དང་བཅས་པས་ཀྱང་བཀག་པ་མེད་པར་མཐུན་པའི་རྐྱེན་བྱས་ཏེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞབས་དྲུང་དུ་རབ་ཏུ་བྱུང་སྟེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་དཀོན་མཆོག་རྒྱལ་མཚན་ཞེས་བཏགས། ཤར་རྩེ་གྲྭ་ཚང་དུ་བཞུགས་ཏེ་ཐོག་མར་རིག་པའི་སྒོ་འབྱེད་མཚན་ཉིད་དང་མཚོན་བྱའི་རྣམ་གཞག །སྤྱི་དང་བྱེ་བྲག་གི་རྣམ་གཞག་སོགས་བསྡུས་པ་ལ་སྦྱངས། སྐྱེས་ཐོབ་ཀྱི་ཤེས་རབ་ཤིན་ཏུ་ཆེ་བས་རིང་པོར་མ་ཐོགས་པར་སྦྱོར་བ་རྩི་བ་ལ་ཐོགས་པ་མེད་པར་གྱུར་ཏེ་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་ཚད་མ་རྣམ་འགྲེལ་གྱི་མཐའ་གཅོད་སྤྱི་དོན་རྣམས་ལ་སྦྱངས།
དེ་ནས་དྲི་མ་མེད་པའི་རིགས་པའི་སྟོབས་ཆེས་ཆེར་རྒྱས་པ་ན་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་བཤད་ཐར་ལམ་གསལ་བྱེད་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་ཊཱིཀ་ཆེན་རིག་པའི་རྒྱ་མཚོ་གཉིས་ཀྱི་སྟེང་ནས་རྣམ་འགྲེལ་གྱི་གཞུང་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན་བཀྲ་ཤིས་ལྷུན་པོའི་མཁན་སློབ་དགེ་འདུན་ཚང་མའི་དབུས་སུ་དམ་བཅའ་བཞག་སྟེ་ཐོས་བསམ་གླིང་ན་མཁས་པར་གྲགས་པ་དཔལ་ཚུལ་ཞེས་པ་ཞིག་དང༌། བགྲོ་གླེང་ལ་བཞེངས་ཏེ་དྲི་མ་མེད་པའི་རིག་པའི་ང་རོས་རྒོལ་བའི་སྤོབས་པ་ལན་མེད་དུ་བྱས་ཏེ་མཁས་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར། དེ་ནས་ཕར་ཕྱིན་དང་དབུ་མ་དང་འདུལ་བ་དང་མཛོད་རྣམས་ལ་སྦྱངས་ཏེ་གཞུང་ཆེན་མོ་དེ་དག་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན། གཞུང་དོན་གདམས་པར་ཤར་བའི་ཉམས་ལེན་མཛད་བཞེད་ནས་ཐོག་མར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་མཁན་པོར་གསོལ་བ་བཏབ་སྟེ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་ནས་དྲན་ཤེས་བག་ཡོད་བརྟན་པོས་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་བསྲུང་བ་ལ་གཡེལ་བ་མེད་པར་མཛད། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་དེ་ཉིད་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་ཁྲིད་དཔལ་དབེན་ས་སྙན་བརྒྱུད་ཀྱི་མན་ངག་གེགས་སེལ་བོགས་འདོན་དང་བཅས་ཡོངས་སུ་རྫོགས་པ་གསན་དེ་ནས་བློ་སྦྱོང་དོན་བདུན་མའི་ཁྲིད་དང༌། ནམ་མཁའ་སྒོ་འབྱེད་ཀྱི་དབང་དང༌། གཅོད་ཀྱི་ཟབ་ཁྲིད་དང༌། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་སྔོན་འགྲོ་ཁྲིད་ཆེན་བཞི་དང་བཅས་པ་ལེགས་པར་གསན། དེ་ནས་སྤྱིར་དབང་ལུང་མན་ངག་མཐའ་ཡས་པ་དང༌། ལྷག་པར་བདེ་གསང་འཇིགས་གསུམ་གྱི་དབང་དང་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་ལེགས་པར་གསན། དེ་ནས་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་འཁྲུལ་མེད་ཀྱི་ངེས་པ་བརྟན་པོ་རྙེད་པ་ན་ཚེ་འདིའི་འཁྲི་བ་བཅད་དེ་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་པ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དང་གྲུབ་ཆེན་དབེན་ས་པ་ཡབ་སྲས་ཀྱི་རྣམ་ཐར་འཁྱོངས་པ་ཞིག་ཅིས་ཀྱང་བྱེད་སྙམ་དུ་ཐག་བཅད་དེ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་སྐྱབས་འཇུག་ཞུས་ཏེ་དབེན་དགོན་དུ་ཚེ་མཚམས་ལ་བཞུགས།
དེའི་ཚེ་ཉིན་རེ་བཞིན་ཉམས་ལེན་གྱི་རྟོགས་པ་གོང་འཕེལ་དུ་གྱུར་ཏེ་སྒོ་གསུམ་དྲན་པ་ཉེ་བར་གཞག་ནས་སྡོམ་པ་གསུམ་གྱི་བཅས་མཚམས་དང་འགལ་བའི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་ཞིག་བྱེད་སྙམ་དུ་འདུན་པ་ཤུགས་དྲག་ཏུ་མཛད་ཅིང་རང་ལ་རང་གིས་བསྐུལ་བའི་དམ་བཅའི་ཉམས་མགུར་ཡང་འདི་ལྟར་མཛད་དེ། ན་མོ་གུ་རུ་བྷྱཿ བླ་མ་དང་ཡི་དམ་དཀོན་མཆོག་གསུམ། །བདག་མོས་པའི་སྤྱི་གཙུག་རྒྱན་དུ་བཞུགས། །ད་ཇི་ལྟར་བསམ་པའི་དོན་འདི་རྣམས། །དུས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཁྱེད་བཀའ་སྡོད་ཆོས་སྐྱོང་སྲུང་མའི་ཚོགས། །མི་ཁོ་བོའི་གྲོས་འདེབས་གསན་མཛོད་ལ། །གྲོས་ཇི་བཞིན་ཐེབས་པའི་བར་ཆད་ཀུན། །དུས་ད་ལྟ་སེལ་བར་མཛད་དུ་གསོལ། །གཟུགས་མི་ལ་དུད་འགྲོའི་བསམ་པ་ཅན། །ངོ་ཚ་བས་མི་ཕན་ཅུང་ཟད་ཉོན། །ངས་ཁྱོད་ཀྱི་སེམས་ལ་གྲོས་ཤིག་འདེབས། །དོན་དེ་ཕྱིར་མཚང་གཏམ་ཚིག་གསུམ་སྨྲ། །རྟེན་རྙེད་པར་དཀའ་བའི་དལ་འབྱོར་རྙེད། །ལམ་མཇལ་དཀའ་སངས་རྒྱས་བསྟན་དང་མཇལ། །ཕ་མཚན་ལྡན་བླ་མའི་ཚོགས་རྣམས་ཀྱིས། །ཆོས་ཟང་ཟིང་དྲིན་གྱིས་རྒྱུན་དུ་བསྐྱངས། ཁྱོད་དལ་འབྱོར་ལོག་པའི་ལམ་དང་སྦྱར། །ལམ་སངས་རྒྱས་བསྟན་པ་དྲི་མས་བསྒོས། །རྗེ་མཚན་ལྡན་བླ་མའི་ཚོགས་རྣམས་བསླུས། །མི་ཁྱོད་ལ་མཚང་ཆེན་འདི་རྣམས་མཐོང༌། །མི་ཁྱེད་ཀྱིས་ད་ལྟ་ཕན་ཆད་ལ། །ཆོས་ཚུལ་བཞིན་སྐད་ཅིག་མ་བྱས་པར། །གཟུགས་ཆོས་པའི་གཟུགས་སུ་བྱས་ནས་ཀྱང༌། །ལོངས་ཅི་སྤྱད་དད་རྫས་གཤིན་རྫས་ཀྱིས། །རྟེན་དལ་འབྱོར་ལོག་པའི་གཡང་ལ་བསྐྱུར། །ཕ་བླ་མ་མཁན་སློབ་མཚན་ལྡན་ལ། །ལམ་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། ཁྱོད་རྩ་བའི་ཉེས་པ་མེད་འདོད་ཀྱང༌། །རྗེ་རྒྱལ་བའི་བཅས་པ་ཤིན་ཏུ་ཕྲ། ཁྱོད་དབང་པོ་བརྟུལ་ཞིང་གཉེན་པོ་ཞན། །རྒྱུ་དེས་ན་བསྟན་པ་དྲི་མས་བསྒོས༌། །སྔ་རྡོ་རྗེ་ཐེག་པའི་སྡོམ་པ་དང༌། །ལམ་བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དགྲ་རྩ་བའི་ལྟུང་བ་ཆར་ལྟར་བབས། །གཞན་སྡོམ་པའི་ཡན་ལག་ཕྲ་རག་ཀུན། །ཕལ་ཆེ་བ་ཤེས་བཞིན་ཁྱད་དུ་བསད། །འགའ་མི་ཤེས་དབང་གིས་ལོག་པར་སྤྱད། །རྒྱུད་ལྟུང་བའི་མི་གཙང་འདམ་དུ་བྱིངས། ཁྱོད་དེ་ལྟར་གྱུར་ཀྱང་རབ་བྱུང་སོགས། །ལས་དགེ་སློང་བྱེད་རྒྱུ་གང་ཡིན་དང༌། །དབང་བསྐུར་སོགས་རྡོ་རྗེ་སློབ་དཔོན་གྱི། །ལས་བྱེད་པ་ཡ་ང་བག་ཚ་མེད། །རྒྱུ་དེས་ན་བསྟན་པ་དྲི་མས་བསྒོས། །ཆོས་ཟབ་ཅིང་རྒྱ་ཆེ་བདུད་རྩིའི་རྒྱུན། །མི་ཁྱོད་ཀྱི་སྣོད་དུ་ཅི་བླུགས་ཀྱང༌། །ཆོས་ཚིག་དོན་སྣོད་ཀྱིས་མ་ཐུབ་པས། །དོན་དེ་ལས་བསླུས་ཐབས་ཆེ་བ་ཅི། །ལར་དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང༌། །ཆོས་ཚིག་བཞིའི་དོན་ཡང་མ་རྟོགས་པར། །རང་མཁས་པར་འཛིན་པའི་ང་རྒྱལ་དང༌། །རྒྱུད་ལྟུང་བའི་ནང་དུ་བྱིང་ནས་ཀྱང༌། །རང་བཙུན་པར་འཛིན་པའི་ལོག་ལྟ་དང༌། །སེམས་ཆགས་སྡང་དབང་དུ་གྱུར་པ་ལ། །རང་བཟང་པོར་འདོད་པའི་ཁེངས་སེམས་ཅན། །ལས་ཅི་བྱས་ཆོས་བརྒྱད་བྱེ ད་བཞིན་དུ། །རང་ཆོས་པར་རློམ་པའི་རློམ་སེམས་དེས། །བདུད་དེ་བཞིན་སྙིང་ལ་ཞུགས་པས་ལན། །བདུད་སྙིང་ལ་འཇུག་པའི་རྩ་བ་ཡང་། །ལུས་གཟུགས་བརྙན་མི་ཁྱུར་བསྡད་པ་དང༌། །གཏམ་མི་ཟེར་ཁ་ལ་ཉན་པ་དང༌། །བློ་མི་མཐུན་མི་དང་བསྟུན་པས་ལན། །མཚང་འདི་རྣམས་ཡོད་མེད་སེམས་ལ་དྲིས། །རྒྱུ་དེ་རྣམས་ཡིན་མིན་བསམ་མནོ་ཐོངས། །སྔར་མཚང་དུ་མ་ཤེས་དོན་སྙིང་རུལ། །དོན་དེ་ཕྱིར་སྔར་བྱས་དོན་མེད་སོང༌། །ད་ཚེ་མཇུག་ནམ་མཁའི་གློག་འདྲ་འདི། །རྟེན་དལ་འབྱོ ར་སྙིང་པོ་ལེན་འདོད་ཅིང༌། །རང་ལེགས་པའི་ལམ་དུ་འཇུག་འདོད་ན། །མཚང་ཡུལ་ནས་འདོན་ལུགས་དེ་ལྟར་མཛོད། །ཆོས་ཚིག་གཅིག་མ་གོའི་མཁས་པ་དང༌། ཁོ་བླུན་ཅིང་རྨོངས་པའི་བ་གླང་གཉིས། །མཁས་མི་མཁས་ཁྱད་པར་གང་གིས་འབྱེ ད། ཁོ་བ་གླང་མཁས་པར་འཛིན་པ་མེད། །ཆོས་དེ་ཡིས་བ་གླང་ཁྱད་པར་འཕགས། །རྒྱུད་ལྟུང་བས་གོས་པའི་བཙན་པོ་དང༌། །ཟས་མི་གཙང་ཟ་བའི་ཁྱི་ཕག་གཉིས། །བཙུན་མི་བཙུན་ཁྱད་པར་གང་གིས་འབྱེད། ཁོ་ཁྱི་ཕག་བཙུན་པོར་ལྟ་བ་མེད། །ཆོས་དེ་ཡིས་ཁྱི་ཕག་ཁྱད་པར་འཕགས། །གནོད་གང་འཁྱོལ་བྱེ ད་པའི་བཟང་པོ་དང༌། ཁྲེལ་གཏོང་ནས་བོར་པའི་གྱག་ཁྱེར་གཉིས། །བཟང་མི་བཟང་ཁྱད་པར་གང་གིས་འབྱེད། །བཟང་མི་བཟང་ཁྱད་པར་མེད་པ་ལ། ཁོ་གྱག་ཁྱེར་བཟང་པོར་འདོད་པ་མེད། །ཆོས་དེ་ཡིས་གྱག་ཁྱེར་ཁྱད་པར་འཕགས། །ལས་ཆོས་བརྒྱད་བྱེད་པའི་ཆོས་པ་དང༌། ཁྲམ་གཡོ་སྒྱུ་བྱེད་པའི་ཁྱིམ་པ་གཉིས། །ཆོས་བྱེད་མེད་ཁྱད་པར་གང་གིས་འབྱེད། །ཆོས་བྱེད་མེད་ཁྱད་པར་མེད་པ་ལ། ཁོ་ཁྱིམ་པ་ཆོས་ཀྱིས་རློམས་པ་མེད། །ཆོས་དེ་ཡིས་ཁྱིམ་པ་ཁྱད་པར་འཕགས། ཁྱོད་མཁས་བཙུན་བཟང་པོར་འདོད་པ་དང༌། །ཆོས་བྱས་སོ་སྙམ་པའི་འཁྲུལ་པ་ཞིག །ད་ཁྱོད་ལས་དམན་པའི་སེམས་ཅན་སུ། །དེ་ཤེས་ན་དམན་ཆ་འཛིན་རེ་རན། །སེམས་མི་གལ་མི་སྙེག་དམན་ཆ་བཟུང༌། །ལུས་མེ་ཡེ་གསེབ་ནས་ད་བུད་ལ། །གནས་མི་མེད་ས་ཡི་བས་མཐའ་སྟེན། །སེམས་ཚེ་འདིའི་འཁྲི་བ་གཏིང་ནས་ཆོད། །གྱོང་ལྟོ་གོས་གཉིས་ཀྱི་སྟེང་དུ་བསྐུར། །ཟས་དཀའ་ཐུབ་བཅུད་ལེན་བདུད་རྩི་ཟོ། །གོས་ཕྱག་དར་ཁྲོད་ཀྱིས་ཆོག་ཤེས་སྟེན། །ད་དཀོར་ཟས་དུག་ཆུའི་ཞེན་པ་སྤོངས། །རྒྱུད་སྡོམ་པ་གསུམ་གྱི་ནོར་ལུག་རྣམས། །བྱམས་སྙིང་རྗེ་ལྷག་བསམ་ཐང་ཆེན་དུ། །དྲན་ཤེས་བཞིན་རྫི་བོས་ལེགས་སྐྱོངས་ལ། །ད་ཡན་ལག་ཕྲ་མོ་སྣ་གཅིག་ཀྱང༌། །སེམས་ཉོན་མོངས་དགྲ་ལ་མ་ཤོར་བར། །རྒྱུད་ཚུལ་ཁྲིམས་འཕེལ་སྐབས་ཆེ་བར་མཛོད། །བློ་བླ་མ་དཀོན་མཆོག་གསུམ་ལ་གཏོད། །དུས་འབྲལ་མེད་རྒྱུན་དུ་གསོལ་བ་ཐོབ། །ཆོས་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་གྱིས། །སེམས་དངོས་འཛིན་འཁྲུལ་པ་རྩད་ནས་ཆོད། །མི་སྨྲ་མཁས་ཆོས་བརྒྱད་སློབ་བྱུང་ན། །ཚིག་གཅིག་ཀྱང་དེ་ལ་མ་ཉན་པར། །སྟོབས་ཅི་ཡོད་དེ་ཡི་ལོག་ཕྱོགས་སྒྲུབས། ཁོ་གཏིང་ནས་མ་དགའ་འགྱོད་པ་མེད། །ད་གཏམ་དང་གྲོགས་ངན་སྣ་ཚོགས་དང༌། །མི་ཀུན་གྱིས་རིང་དུ་སྤངས་པ་དང༌། །འཕྲལ་འཚོ་བའི་ཡོ་བྱད་དཀོན་པ་སོགས། །ཁོང་འཇིག་རྟེན་ཆོས་དང་མི་མཐུན་པའི། །རྐྱེན་མི་འདོད་སྣ་ཚོགས་ཅི་བྱུང་ཡང༌། །ཆོས་སྙིང་ནས་བྱེད་པའི་བསམ་པ་གྲུབ། །མཚང་ཡུལ་འདོན་སེམས་ལ་གྲོས་འདེབས་འདི། །རང་ཉིད་ཀྱི་དོགས་ནས་སྨྲས་པ་ཡིན། །གྲོས་སེམས་ལ་ཞོག་ལ་ཉམས་སུ་ལོངས། །དུས་གཏན་གྱི་མདུན་མ་འགྲུབ་སྟེ་མཆི། །ཞེས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn