པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་ཉེར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-23 22:28:11     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 90642434459277989.jpg

                    རྗེ་འདིས་ནོར་འཛིན་ཡངས་བའི་ཁྱོན་ཐམས་ཅད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བར་མཛད་ཅིང་ལྷག་པར་དབང་ཕྱོགས་གོང་མའི་རྒྱལ་ཁབ་འདི་རྒྱ་ཆེ་ཞིང་སྟོབས་མངའ་ཐང་ཆེ་བས་ཕྱོགས་དེར་རྗེ་རིན་པོ་ཆེའི་བསྟན་པ་སྔོན་དུས་རྗེ་རིན་པོ་ཆེའི་བཀས་བྱམས་ཆེན་ཆོས་རྗེ་མངགས་ཏེ་ཅུང་ཟད་དར་བར་བྱུང་ནའང་དུས་ཕྱིས་དར་ཆ་ཆུང་བས་ཐབས་ཚུལ་ཇི་ལྟ་བུ་ཞིག་གིས་དར་བར་བྱ་སྙམ་དུ་ཡེ་ཤེས་ཀྱི་གཟིགས་པ་ན་སེ་ཆེན་ཆོས་རྗེ་འཕྲིས་ལས་ཀྱི་བཀའ་བབ་ཡོད་པར་གཟིགས་ནས་སེ་ཆེན་ཆོས་རྗེ་བཀས་མངགས་ཏེ་སྦྱོར་ཇིད་ཀྱི་རྒྱལ་པོ་ལ་རྒྱུ་མཚན་ཞིབ་བཀོད་ཀྱི་ཕྱག་དམ་རྟེན་སྦྲགས་གནང་སྟེ་བཏང་བར་འཕྲིན་ལས་དུས་སུ་བབ་སྟེ་སྦྱོར་ཇིད་ཀྱི་རྒྱལ་པོས་སེ་ཆེན་ཆོས་རྗེ་གུས་པས་བཀུར་ཏེ་ཕྱོགས་དེར་འཇམ་མགོན་བསྟན་པ་གསར་དུ་བཙུགས་པས་སྦྱོར་ཇིད་ཀྱི་རྒྱལ་པོ་བསོད་ནམས་ཀྱི་སྟོབས་ཆེས་ཆེར་རྒྱས་ཏེ་རྒྱ་ནག་རྒྱལ་སྲིད་ལ་འཁོད་ནས་དབང་ཕྱོགས་སུ་རྗེ་རིན་པོ་ཆེའི་བསྟན་པ་ཆེས་ཆེར་དར་བར་བྱས་ཤིང་སེ་ཆེས་ཆོས་རྗེ་སླར་བོད་དུ་བྱོན་པའི་ཚེ་གོང་མ་རྒྱལ་པོས་རྗེ་འདི་པ་དང༌། རྒྱ་དབང་ཐམས་ཅད་མཁྱེན་པ་གཉིས་ཀ་ལ་གུས་འདུད་བླ་མེད་མཛད། མངགས་འོས་གཟེངས་བསྟོད་ཀྱི་གསེར་ཡིག་གནང་བ་བྱུང༌། རྗེ་འདིས་ནོར་འཛིན་གྱི་ཁྱོན་མཐའ་དག་རྗེ་རིན་པོ་ཆེའི་རིང་ལུགས་ཀྱིས་ཁྱབ་པར་མཛད་ཅིང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོར་གསང་བདེ་འཇིགས་གསུམ་གྱི་དབང་རྡོ་རྗེ་ཕྲེང་བའི་དབང་སོགས་དབང་བཀའ་དང་རྗེས་གནང་ཕལ་ཆེར་དང༌། ལམ་རིམ་གྱི་ཁྲིད་བསྐྱེད་རྫོགས་ཀྱི་ཁྲིད་སོགས་རྗེ་རིན་པོ་ཆེའི་མན་ངག་རྣམས་གནང་སྟེ་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ།

                  གཞན་ཡང་ཆབ་མདོ་འཕགས་པ་ལྷ། གཟིམ་ཁང་གོང་སྤྲུལ་པའི་སྐུ། དེ་མོ་སྤྲུལ་པའི་སྐུ། རྒྱལ་སྲས་སྤྲུལ་སྐུ། སེམས་དཔའ་སྤྲུལ་སྐུ་རྗེ་དྲུང་སྤྲུལ་སྐུ་སོགས་སྐུ་ཕྲེང་རིམ་པར་བྱོན་པའི་སྤྲུལ་སྐུ་རྣམས་དང༌། གྲྭ་ས་ཆེན་པོ་བཞིའི་གདན་ཁྲི་འཛིན་བའི་བླ་མ་རྣམས་གཙོས་བླ་ཆེན་རྣམས་དང༌། བསྟན་པ་ལ་བྱ་བ་མཛད་པའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་གཙོས་བསིལ་ལྡན་ལྗོངས་ཀྱི་ཆོས་དོན་གཉེར་བ་ཕལ་མོ་ཆེ་ལ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་སྩལ་ཞིང༌། ལྷག་པར་སེ་འབྲས་དགེ་གསུམ་བཀྲ་ཤིས་ལྷུན་པོ་རྒྱུད་སྟོད་སྨད་བཅས་ཀྱི་དགེ་འདུན་རྣམས་ལ་སྔ་ཕྱི་ལན་མང་པོར་གསང་བདེ་འཇིགས་གསུམ་གྱི་དབང་བསྐྱེད་རྫོགས་ཀྱི་ཁྲིད། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པའི་གཟབ་བཤད། འགྲེལ་པ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད། བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གྱི་གཟབ་བཤད་རྣམས་ཡང་ཡང་སྩལ་ཞིང༌། སྒྲུབ་པ་སྙིང་པོར་མཛད་པ་མང་པོ་ལ་ལམ་རིམ་དང་བསྐྱེད་རྫོགས་རྣམས་འཛིན་ཆོས་སུ་ཡང་ལན་མང་དུ་སྩལ། ལྷག་པར་བཀྲ་ཤིས་ལྷུན་པོར་སྲས་ཀྱི་ཐུ་བོ་གྲུབ་ཆེན་མང་པོ་དང་འདུས་ཚོགས་བཅས་ལ་རྗེ་རིན་པོ་སྙན་རྒྱུད་ལམ་རིམ་གྱི་ཁྲིད་ཟླ་སྦྲེལ་གྱི་བར་ལ་འཛིན་ཆོས་སུ་སྩལ་བ་ཐུགས་སྲས་ཐུ་བོ་རྣམས་ཀྱིས་ཟིན་བྲིས་སུ་བཏབ་པ་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་ཞེས་ཡོངས་སུ་གྲགས་པ་འདི་བཞིན་དང༌། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་རྣམས་འཛིན་ཆོས་སུ་སྩལ་བ་ཐུགས་སྲས་ཐུ་བོ་རྣམས་ཀྱིས་ཟིན་བྲིས་སུ་བཏབ་པ་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རིམ་གྱི་ཁྲིད་ཡིག་གསུང་འབུམ་དུ་བཞུགས་པ་འདི་བཞིན་དང༌། རྗེ་ཐམས་ཅད་མཁྱེན་པའི་ཕྱག་བཞེས་ལྟར་བདེ་གསང་འཇིགས་གསུམ་གྱི་བདག་བསྐྱེད། མདུན་བསྐྱེད། བུམ་སྒྲུབ། དབང་ཆོག་དང་བཅས་པ་ངག་འདོན་ཆོག་བསྒྲིགས་སུ་མཛད་པ། རྗེ་རིན་པོ་ཆེའི་རིང་ལུགས་འཛིན་པ་མཐའ་དག་ལ་ཡོངས་སུ་གྲགས་པ་ལྟར་ཡིན་ཞིང༌། ཆོག་སྒྲིགས་འདི་དག་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཉིད་ཀྱིས་མཛད་པ་ཡིན་ཡང་གསུང་འབུམ་གྲས་སུ་མ་བཅུག་པར་རྒྱུད་པ་གྲྭ་ཚང་གི་འདོན་ཆ་ཞེས་ཟུར་དུ་བཞག་པ་ད་ལྟའི་བར་དུ་དེ་རྒྱུན་དུ་གནས་པ་འདི་དག་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཉིད་ཀྱིས་མཛད་པ་ཡིན་པ་ནི་སོ་སོའི་བཤམ་དུ་མཛད་བྱང་བཀོད་པ་ལྟར་རོ། །དེ་ལྟར་ན། རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་འདི་ཉིད་ནི་མདོ་སྔགས་གང་གི་ཐད་ལའང༌། རྗེ་རིན་པོ་ཆེའི་ལུགས་བཟང་བསྲེ་བསླད་མེད་པར་འཛིན་ཅིང་སྤེལ་བ་ལ་རྗེ་རིན་པོ་ཆེ་རང་ཉིད་སླར་བྱོན་པ་ལྟ་བུར་གྱུར་ཏོ། །

                    ཚུལ་འདི་ཡང་ཁོ་བོ་ཅག་གིས་རྨོངས་ཞེན་དང་འདུ་ཤེས་བསྒྱུར་ཏེ་རབ་བརྟགས་དང་ཟོལ་བསྟོད་བྱས་པ་མིན་གྱི་རང་བཞིན་བརྗོད་པ་སྟེ་དེ་ལྟ་མིན་ན་རྗེ་རིན་པོ་ཆེའི་ལུགས་བཟང་འཛིན་ཅིང་སྤེ ལ་བ་ལ་རྗེ་འདི་དང་འཕྲིན་ལས་མཚུངས་པ་ཡོད་ཀྱང་སྣང་དུ་མི་རུང་བ་སུ་ཞིག་ཡོད། ཕྱོ གས་སུ་མ་ལྷུང་བར་གཟུ་བོའི་བློས་བསམས་ན་མི་རྙེད་དོ། །དེ་ལྟར་རྗེ་འདིས་མདོ་སྔགས་གང་གི་ཐད་ལའང༌། རྗེ་རང་ཉིད་སླར་བྱོན་པ་ལྟར་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ། དེ་ཡང་བདག་ཅག་ལྟ་བུ་སྐུ་དངོས་སུ་མཐོང་བའི་སྐལ་བ་མེད་པ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་རྗེའི་ལུགས་བཟང་དྲི་མ་མེད་པ་སྟོན་པའི་བསྟན་བཅོས་འདི་ལྟར་མཛད་དེ། བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ། རྗེ་རང་ཉིད་ཀྱི་མཛད་པ་རྣམ་ཐར་གསལ་བར་སྟོན་པ་ནོར་བུའི་ཕྲེང་བ། རྒྱལ་བ་བློ་བཟང་དོན་གྲུབ་ཀྱི་སྐྱེ་བ་རབས་ཀྱི་ཕྲེང་བ་ལ་བསྟོད་པ། མཁས་གྲུབ་ཆེན་པོ་གསུམ་གྱི་རྟོགས་པ་བརྗོད་པ། དགེ་ལྡན་བཀའ་རྒྱུད་རིན་པོ་ཆེའི་ཟབ་ལམ་བརྒྱ་པའི་རྣམ་པར་ཐར་བ་མདོར་བསྡུས། འཕགས་པའི་གནས་བརྟན་ཆེན་པོ་རབ་འབྱོར་གྱི་རྟོགས་བརྗོད། རིགས་ལྡན་གྲགས་པའི་རྟོགས་བརྗོད། སློབ་དཔོན་ཨ་བྷྱ་ཡཱ་ཀ་རའི་རྟོགས་བརྗོད། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་རྟོགས་བརྗོད། གཡུང་སྟོན་རི་ཁྲོད་པའི་རྟོགས་བརྗོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་བརྗོད། སྐྱེ་དགུའི་བདག་མོའི་རྟོ གས་བརྗོད། མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོའི་རྟོགས་བརྗོད། ས་གསུམ་མའི་ཊཱིཀྐ་ཚིག་དོན་གསལ་བ། གྲུབ་པའི་དབང་ཕྱུག་མི་ལ་ལ་བརྟེན་རྣལ་འབྱོར་དང་གསུང་མགུར་འགའ་ཞིག །རྗེ་བཙུན་བླ་མའི་རྣལ་འབྱོར་དང་ནང་གི་ཁོང་སྐྲན་འདོན་པའི་སྐྱུག་སྨན། བླ་མ་མཆོད་པའི་ཆོ་ག །ཐུན་དྲུག་གི་རྣལ་འབྱོར། བླ་མའི་རྣལ་འབྱོར་རྒྱས་བསྡུས་སྣ་ཚོགས། རྒྱལ་སྲས་ཤེས་རབ་འཕེལ་གྱི་གསོལ་འདེབས་དང་དགེ་སློང་མཁར་སྐྱ་མའི་བཀའ་ལན། རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཆེན་པོ་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་ཐབས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་པ་ལྔའི་རྣམ་པར་བཤད་པ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་པའི་རྫོགས་རིམ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་གདམས་ངག་རིམ་ལྔ་གསལ་སྒྲོན། དཔལ་གསང་བ་འདུས་པའི་བླ་མའི་རྣལ་འབྱོར་དང་མངོན་པར་རྟོགས་པ། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལྰུ་ཨི་པའི་ལུགས་ཀྱི་བསྐྱེད་རིམ། བདེ་མཆོག་ལྰུ་ཨི་པའི་བསྐྱེད་རྫོགས་སྙིང་པོར་དྲིལ་བ་ཚིགས་བཅད་དང་ལྰུ་དྲིལ་གཉིས་ཀྱི་རྫོགས་རིམ། ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་རྣམ་བཤད། འཇམ་དཔལ་གཤིན་རྗེ་མཐར་བྱེད་ཀྱི་མན་ངག །འཇམ་དབྱངས་བླ་མའི་གསུང་གི་མན་ངག་ཞི་ཁྲོ་སྦྲགས་སྒྲུབ་ཉམས་སུ་ལེན་ཚུལ། དཔལ་རྡོ་རྗེ་འཇིགས་བྱེ ད་ཀྱི་རྫོགས་རིམ་རྣལ་འབྱོ ར་བཞིའི་རིམ་པ། གཏོར་ཆེན་དྲུག་ཅུ་པའི་རྣམ་གཞག་རྒྱས་པ། རྩ་ཚིག་བསྡུས་པ་དང་མན་ངག་བཀའ་རྒྱ་མ། འཆི་བདག་ཁྲག་གི་མདོག་ཅན་དང་དམ་ཅན་བཀའ་སྡོད་རྣམ་གསུམ་གྱི་ཟུར་འདེབས། འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་རྒྱལ་མོའི་འཕྲིན་ལས་དྲག་པོའི་ཟུར་འདེབས། ཆོས་སྐྱོང་དྲེགས་པ་ལྕམ་དྲལ་བརྟེན་པའི་བསྙེན་སྒྲུབ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ། དུས་འཁོར་གྱི་སྨོན་ལམ་ཤིས་བརྗོད། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར། དུས་འཁོར་སྒྲུབ་ཐབས། འཇིགས་བྱེད་དཔལ་གཅིག་པའི་དཀྱིལ་ཆོག །རྡོ་རྗེ་འཇིགས་བྱེད་དཔལ་བོ་གཅིག་པ་རོ་ལངས་བརྒྱད་བསྐོར་ཞེ་དགུ་ལ་གསུམ་གྱི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆོག་དང་བུམ་བསྐྱེད་ཀྱི་ཟུར་འདེབས། འཇིགས་བྱེད་ལ་བརྟེན་པའི་དབང་དྲག་གི་སྦྱིན་སྲེག །ཚོགས་འཁོར་དང་སྦྱིན་སྲེག་བྱ་ཚུལ། ཚེ་ཆོག ཚེ་དབང༌། ཀུན་རིག་གི་ཆོ་ག །ཀུན་རིག་བུམ་བསྐྱེད། ཀུན་རིག་གི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་ཚུལ་རྣམ་སྣང་མངོན་བྱང་གི་དཀྱིལ་འཁོར་གྱི་ཆོ་ག །རྣམ་རྒྱལ་སྒྲུབ་དཀྱིལ། མི་འཁྲུགས་པའི་སྒྲུབ་དཀྱིལ་ཡོངས་སུ་རྫོགས་པའི་ཆོ་ག །སྨན་བླའི་མདོ་ཆོག་གི་སྙིང་པོ་བསྡུས་པ་འཇམ་དཀར་གྱི་སྒྲུབ་ཐབས། འཕགས་པ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་དང་དེའི་དབང་ཆོག ཁྱུང་ཁྲའི་སྒྲུབ་ཐབས་གདོན་འགྲོལ་བྱེད་ཚུལ། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས། སྒྲོལ་མ་གཡུལ་བཟློག་ཇི་ལྟར་བྱ་བའི་ཆོ་ག །རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་ག ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས། ཆོས་རྒྱལ་གྱི་བསྐང་བཤགས་བཟློག་པ་མངའ་གསོལ། ཚེས་གཅིག་གཏོར་མ་རྟེན་འཛུགས་བསྟན་པ་སྤྱི་དང་རྒྱུད་སྡེ་བཞིའི་རྣམ་གཞག །དགེ་ལྡན་བཀའ་རྒྱུད་རིན་པོ་ཆེའི་བཀའ་སྲོལ་ཕྱག་ཆེན་རྩ་བ་རྒྱལ་པའི་གཞུང་ལམ། དགེ་ལྡན་བཀའ་རྒྱུད་རིན་པོ་ཆེའི་བཀའ་སྲོལ་ཕྱག་ཆེན་རྩ་བའི་འགྲེལ་པ་ཡང་གསལ་སྒྲོན་མེ། བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་སྐབས་དང་པོའི་འགྲེལ་བ། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཚིགས་བཅད་མ། དགེ་སློང་གི་བསླབ་བྱ་ཉེར་མཁོ། ཚུལ་ཁྲིམས་བསྲུང་བའི་མན་ངག །ཐར་པ་དོན་དུ་གཉེར་བའི་རི་ཁྲོད་པ་རྣམས་ལ་ཁྲིམས་སུ་བཅའ་བ། བློ་སྦྱོང་དམར་ཁྲིད། སྟོབས་བཞིའི་བཤགས་བསྡམས། སྡིག་མུན་སེལ་བྱེ ད། དྲི་བ་ལྷག་བསམ་རབ་དཀར་གྱི་དྲི་ལན། སྒྲ་པ་ཤེས་རབ་རིན་ཆེན་པའི་རྩོད་ལན། ནཱ་རོའི་ཟབ་ཁྲིད། སྙིང་པོ་དོན་གསུམ་གྱི་ཁྲིད། ནམ་མཁའ་སྒོ་འབྱེད། གཅོད་ཀྱི་གདམས་པ། ཞལ་གཟིགས་དང་རྡོ་རྗེ་གདན་གྱི་རི་ཁྲོད་ཡོལ་དཀར་རྣམས་ཀྱི་གནས་བསྟོད། བདེ་བ་ཅན་གྱི་ཞིང་དུ་ཐོགས་པ་མེད་པར་བགྲོད་པའི་མྱུར་ལམ། བཀྲ་ཤིས་ལྷུན་པོའི་མཆོད་རྟེན་མཐོང་བས་དོན་དང་ལྡན་ཞིང་ཐོས་པས་རྣམ་པར་གྲོལ་བའི་དཀར་ཆག །བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་དང་ར་སྒྲེང་དུ་མཆོད་རྟེན་བཞེངས་པའི་དཀར་ཆག །བྱམས་པའི་འཕོ་བ། ཁྲོ་མོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་བཀྲུ་བྱབ་བསྲུང་བྱ་ཚུལ། ཏྲཀྴད་ཀྱི་མཆོད་གཏོར། ཕྱིང་དཀར་བའི་བསངས་མཆོད། གཟུངས་གཞུག་གནོད་སྦྱིན་འཁོར་ལོ་བྱ་ཚུལ། རབ་གནས་ཀྱི་ཆོ་ག །གཙུག་ཏོར་བཟློག་ཆེན་གྱི་ཆོ་ག་རྒྱས་འབྲིང་བསྡུས་གསུམ། འབར་མའི་གཏོར་ཆོག་བརྒྱ་བཞིའི་ཆོ་ག །གཏོར་མ་བརྒྱ་རྩ། བརྒྱ་རྩ་བསྡུས་པ། བྲུལ་གཏོར། ཆ་བཞི། ཀླུ་གཏོར་གྱི་རིམ་པ། ཚ་བསུར་ཡིད་ལ་འདོད་འཇོ། འབྱུང་བཞི་གཏོར་མ། སུ་རཱུ་པ། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ལ་གསོལ་བ་འདེབས་པ་དད་པའི་ལྗོན་ཤིང་རྒྱས་པའི་མེ་ཏོག །བླ་མ་དམ་པ་དུ་མའི་བསྟོད་ཚོགས། སྡོམ་གསུམ། ཕར་ཕྱིན། བདེ་མཆོག རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་བརྒྱུད་པའི་བླ་མ་གསོལ་བ་འདེབས་པའི་རིམ་པ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོ་འཕྲུལ་ཆེན་པོ་བསྟན་པའི་མཛད་པར་བསྟོད་པ། སངས་རྒྱས་བྱང་སེམས་མང་པོའི་བསྟོད་པ། དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་སྒྲུབ་ཐབས། བདེ་མཆོག་དཀར་པོའི་སྒོ་ནས་ཚེ་སྒྲུབ་པ་སོགས་རྒྱུད་སྡེ་བཞིའི་ལྷ་ཚོགས་མང་པོའི་སྒྲུབ་ཐབས། རྒྱལ་བའི་བཀའ་སྲུང་གཙོ་བོ་མང་པོའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་གསེར་གྱི་ཡང་ཞུན་ལ་སོགས་པ་ཆོས་སྐྱོང་བའི་བསྲུང་མ་སྣ་ཚོགས་པའི་སྒྲུབ་ཐབས། ཞི་གནས་སྒོ་ཚུལ་དང་དབུ་མའི་ལྟ་ཁྲིད་སོགས་གདམས་པ་ཤིན་ཏུ་ཟབ་པ་སྣ་ཚོགས། སྨོན་ལམ་ཤིས་བརྗོད་ལ་སོགས་པ་གདམས་པ་ཤིན་ཏུ་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་པ། བཀྲ་ཤིས་རྩེ་པ་ནང་སོ་བློ་བཟང་དབང་རྒྱལ་ལ་གདམས་པའི་ཞལ་གདམས། བསངས་ཀྱི་ཆོ་ག་དངོས་གྲུབ་ཀྱི་གཟི་འོད་འབར་བ་ངོ་མཚར་རིན་པོ་ཆེའི་ཕྲེང་བ། བསངས་ཀྱི་ཆོ་ག་དངོས་གྲུབ་གཟི་འོད་འབར་བ་འབྲིང་པ། བསངས་ཆོག་བཀྲ་ཤིས་ཆར་འབེབས་མཆོད་སྤྲིན་རྒྱ་མཚོ་རྣམས་མཛད་དོ། །དེ་ལྟར་རྗེ་འདིས་དགུང་ལོ་བརྒྱ་ཕྲག་བརྒལ་བའི་བར་དུ་བསྟན་པའི་བྱ་བ་མཛད་པ་ན། རྗེ་ཉིད་ཀྱི་ཞལ་ནས། འཇིགས་རུང་སྙིགས་མ་ལྔ་ཡི་མེ་འབར་བས། །མི་རྣམས་ཚེ་ཐུང་འདོད་དགུའི་འབྱོར་པ་ནི། །རུས་སྦལ་སྤུ་ལྟར་མཚུངས་པའི་དུས་མཐའ་འདིར། །བདེ་གཤེགས་སྐུ་གསུང་ཐུགས་ཀྱི་རྟེན་བསྒྲུབས་ཤིང༌། །རིས་མེད་འདུན་ལྡན་རྒྱ་མཚོའི་ཚོགས་རྣམས་ལ། །མཆོད་སྦྱིན་རྣམ་མང་མེ་ཏོག་གིས་མཆོད་པ། །བརྒྱ་ཕྲག་ལོ་ལས་བརྒལ་བའི་ནང་བསྒྲུབས་པ། །རློམ་སེམས་བྲལ་པས་རྨད་བྱུང་སྐལ་བ་བཟང༌། །ཞེས་གསུངས་པ་ལྟར་རོ། །

                    དེ་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་ཕལ་ཆེར་རྫོགས་པ་ན། ཞིང་རྗེ་བའི་སྔ་ལྟས་སུ་སྐུ་གཟུགས་སྔར་དང་མི་འདྲ་བར་བྱིས་པ་ལོ་བརྒྱད་ཙམ་གྱི་བོང་ཚོད་གཞོན་ཤ་ཆགས་ཤིང་འོད་ཀྱི་རང་བཞིན་ཏུ་གྱུར་ཅིང༌། ཐུགས་དམ་ཟབ་མོ་ལས་གཡོ་བ་མེད་པར་བཞུགས་ཤིང་ཐུན་མཚམས་རྣམས་སུ་བྱམས་པས་དམ་བཅས་པའི་གཟུངས་གཙོ་བོར་ཞལ་ཏོན་དུ་མཛད་པ་དང༌། གསོལ་དཔོན་བློ་བཟང་བསྟན་འཛིན་སོགས་ལ་མི་རྟག་པའི་གསུང་གླེང་མང་པོ་དང༌། སྔ་ཕྱིར་འཁོར་བའི་མཐའ་དང་མཉམ་ཙམ་དུ། རྒྱ་ཆེ་རིང་བའི་ཉིན་དང་མཚན་གྱུར་ལ། །དེ་འདྲ་བསགས་པས་ལོར་གྱུར་དུས་རིང་བའི། །བསྐལ་པ་རྒྱ་མཚོའི་ཆུ་ཐིགས་གྲངས་རྙེད་ཀྱིས། །བྱང་ཆུབ་མཆོག་གི་སེམས་གཅིག་སྐྱེ་འགྱུར་ལ། །དེ་འདྲའི་རྣམ་པས་ཚོགས་གཞན་རེ་རེ་ཞིང༌། །སྒྲུབ་དགོས་གྱུར་ཀྱང་སྙིང་རྗེས་སྐྱོ་བ་མེད། །བྱང་ཆུབ་དམ་པ་སྒྱིད་ལུག་མེད་པར་སྒྲུབ། །འཁོར་ཚེ་རང་གི་སྡུག་བསྔལ་སེམས་བཏང་ཞིང༌། །གོ་ཆ་བརྟན་པ་དཔག་ཡས་དེ་བསྐྱེད་ན། །བརྟུལ་ཞུགས་དཔའ་བོ་སྙིང་རྗེའི་ངང་ཅན་ལ། །ཡང་དག་བླངས་པ་དང་པོ་ཡིན་པར་བརྗོད། །ཅེས་སོགས་བྱང་ཆུབ་ཀྱི་སེམས་རླབས་ཆེན་པོས་ནམ་མཁའ་མ་ཟད་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ལ་སྐྱོ་ངལ་མེད་པའི་གསུང་ཡང་ཡང་འབྱོར་པ་ཞིག་བྱུང༌། དེ་ནས་བཀྲ་ཤིས་ལྷུན་པོའི་དགེ་འདུན་རྣམས་ཀྱིས་གཙོས་དད་ལྡན་ཚང་མས་ཞབས་པད་བརྟན་དགོས་ཞེས་ཞུས་ཤིང་ཞབས་བརྟན་ཚིགས་བཅད་གཅིག་ཀྱང་གནང་དགོས་ཞེས་ཞུས་པར། ཐུབ་དབང་གཉིས་པ་བློ་བཟང་གྲགས་པ་ཡི། །མདོ་སྔགས་ཆོས་རྒྱལ་མཚན་འོད་འབར་བས། །མཐའ་ཡས་གདུལ་བྱའི་རྨོངས་པ་ཀུན་སེལ་ཞིང༌། །ཕན་བདེ་འདབ་བརྒྱའི་དགའ་ཚལ་རྒྱས་གྱུར་ཅིག །ཅེས་པ་འཕྲལ་ལ་གནང་ནས་བཞད་མོ་ཅུང་ཟད་མཛད་ཅིང༌། སྐྱོན་མེད་ང་རྒས་ཁོགས་ལོ་བརྒྱ་ཕྲག་ལོན་པ་ཡིན་པས། བསྟན་པའི་དཔལ་དུ་བླ་མ་རིན་པོ་ཆེ་ཞབས་པད་བརྟན་ཡང་གསུང་བ་ལས་བཞུགས་པའི་ཞལ་བཞེས་མ་གནང༌།

                    དེ་ནས་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་དྲི་ཞིམ་ཟླ་བའི་ཚེས་བཅུ་གསུམ་གྱི་ཉིན་སྐུའི་བཀོད་པ་བསྡུད་དུ་ཉེ་བ་ན་ཞབས་རྡོ་རྗེ་སྐྱིལ་ཀྲུང་མཛད་དེ་མཉམ་གཞག་ལ་བཞུགས་ནས་འོད་གསལ་ཆོས་སྐུ་མངོན་དུ་མཛད། འོད་གསལ་དེ་ལས་བཞེངས་མ་ཐག་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་མི་ཕམ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་ཕེབས་ཏེ་མཆོད་སྤྲིན་རྒྱ་མཚོས་མཆོད་ཅིང་གཞན་ཡང་སངས་རྒྱས་ཀྱི་ཞིང་རབ་འབྱམས་མུ་མེད་པར་དེ་སྙེད་ཀྱི་སྤྲུལ་པའི་བཀོད་པ་བསྟན་ཏེ་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་པ་དང་མཁའ་ཁྱབ་ཀྱི་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམ་པར་སྐུའི་བཀོད་པ་བསྟན་ཏེ་རང་རང་གི་དབང་པོ་དང་འཚམ་པའི་ཆོས་སྟོན་པ་སོགས་སེམས་ཅན་གྱི་དོན་མཛད་པ་ལ་གཡེལ་བ་མེད་པའི་ངང་ནས་ཞིང་འདིར་ཐུབ་པའི་བསྟན་པ་སྤེལ་བའི་ཕྱིར་སླར་ཡང་སྤྲུལ་པའི་སྐུ་བསྟན་ཏེ་སེམས་ཅན་གྱི་དོན་མཛད་པའི་ཚུལ་ནི་འཆད་པར་འགྱུར་རོ། །

                   དེ་ལྟར་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དགུང་ལོ་བརྒྱ་ཕྲག་བརྒལ་བའི་བར་དུ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པས་སྐུ་ཚེ་སྟོད་སྨད་བར་གསུམ་གྱི་སློབ་མ་བསྟན་འཛིན་དམ་པ་བགྲང་བ་ལས་འདས་བྱོན་པས་མཐའ་དག་སུ་ཞིག་གིས་བགྲང་བར་ནུས། རྒྱུད་འཛིན་གྱི་གཙོ་བོ་ཐུབ་བསྟན་རྫོགས་ཀྱི་བདག་པོར་མངའ་གསོལ་བ་ནི་གངས་ཅན་འགྲོ་བའི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོའོ། །དབེན་པའི་རི་སུལ་དུ་སྒྲུབ་པ་སྙིང་པོར་མཛད་པའི་སྒོ་ནས་འཕྲིན་ལས་རྒྱ་ཆེར་སྤེལ་བར་མཛད་པ་ནི་སྲས་ཀྱི་ཐུ་བོ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་རྒྱལ་མཚན། གུ་གེ་ཆོས་རྗེ་སྙིང་སྟོབས་རྒྱ་མཚོ། རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་བཀྲ་ཤིས་ལྷུན་པོའི་རྒྱུད་པ་གྲྭ་ཚང་གི་གདན་སར་མངའ་གསོལ་བ་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། གྲུབ་པའི་དབང་ཕྱུག་གནས་བཅུ་རབ་འབྱམས་པ་དགེ་འདུན་རྒྱལ་མཚན། སྙན་རྒྱུད་འཕྲིན་ལས་ཀྱི་བཀའ་བབ་དྲུང་པ་ལྟ་ཕུག་པ་དམ་ཆོས་རྒྱལ་མཚན། ཞབས་དྲུང་ལྷ་པ་བློ་བཟང་བསྟན་པ་དར་རྒྱས། དབང་རྗེས་གནང་གི་འཕྲིན་ལས་ཀྱི་བཀའ་བབ་སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས། ཟབ་དོན་ལྟ་བའི་བཀའ་བབ་དཀའ་ཆེན་ནམ་མཁའ་རྡོ་རྗེ། དབང་ཕྱུག་གི་སྟོབས་ཀྱིས་བསྟན་པ་སྐྱོང་བའི་བཀའ་བབ་སེ་ཆེན་ཆོས་རྗེ་སོགས་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་བསྟན་འཛིན་དམ་པའང་ཆེས་མང་ངོ༌།། །།

                                                                                                                     རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།